རྣམ་དཔྱོད་པད་འདབ་ཕྱོགས་བཅུར་ལྷུག་པར་གྲོལ།། ལེགས་བཤད་གཞུང་ལུགས་མེ་ཏོག་རབ་ཏུ་བཞད།། པཎ་ཆེན་མཚན་གྱི་ཟེ་བ་གཙུག་ཏུ་བཞེས།། ས་པཎ་ཀུན་དགའ་རྒྱལ་མཚན་སྙིང་ནས་མཆོད།། ལུང་གཉིས་མཁྱེན་རབ་ནོར་བུས་རབ་གཏམས་པ།། ས་སྐྱ་ལེགས་བཤད་གཞུང་ལུགས་གྲགས་པ་ཅན།། མི་ལོ་སྟོང་ལ་ཟིན་ཀྱང་ཉམས་པར་མེད།། ས་པཎ་ཀུན་དགའ་རྒྱལ་མཚན་སྙིང་ནས་མཆོད།། རིགས་ལམ་འབུམ་གྱིས་ཕྱུག་པའི་རིག་གཏེར་གཞུང་།། ཚིག་གཏེར་མཁས་པའི་ཁ་རྒྱན་མཁས་འཇུག་བརྩམས།། རིག་པའི་གནས་ལྔ་འཆད་ལ་འགྲན་ཟླ་བྲལ།། ས་པཎ་ཀུན་དགའ་རྒྱལ་མཚན་སྙིང་ནས་མཆོད།། ཧོར་སོག་རྒྱལ་པོའི་གཙུག་ན་བརྗིད་ཀྱིས་འཇིངས།། བསྟན་པའི་ཉི་འོད་ཕྱོགས་མཐའ་ཀུན་ལ་སྲིངས།། བོད་སོག་སྐྱེ་འགྲོ་མ་ལུས་སྐྱོང་མཁས་པ།། ས་པཎ་ཀུན་དགའ་རྒྱལ་མཚན་སྙིང་ནས་མཆོད།། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་འདས་ཆེན་ཉིན་མོར་སྒོ་གསུམ་གུས་ཕྱག་དང་བཅས་ཏེ་ཕུལ། 2020/12/7