Skip to main content

བོད་པ་སྐྱབས་བཅོལ་བ་ཚོའི་ངོ་གདོང་།


   
ཕྱི་ལོ་༢༠༠༧ལོའི་རྒྱ་ནག་གི་ཨོ་ལིན་ཕིག་དཔལ་འབར་སྐོར་བསྐྱོད་ཀྱིས་རྒྱལ་ཁབ་དང་ས་ཕྱོགས་གང་ན་སོང་རུང་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོས་འབོད་སྒྲ་སྒྲོགས་ཡོད། ཨུ་རུ་སུའི་རྒྱལ་ཁབ་ཅིག་ན་བོད་པ་གཅིག་ལས་མེད་རུང་ཁོང་ཁེར་རྐྱང་ངང་ཀྲུང་གོའི་གཞུང་ཚབ་མདུན་དུ་འབོད་སྒྲ་སྒྲོགས་པར་སོང་བའི་ལོ་རྒྱུས་སྙིང་རྗེ་མོ་ཞིག་བྱུང་ཡོད། དཔེ་མཚོན་འདི་དང་འདྲ་བར་མི་སྒེར་སོ་སོས་མི་རིགས་འཐབ་རྩོད་ཐད་ཀྱི་ལས་འགུལ་ལ་ཞུགས་པའི་བརྒྱ་ཆ་ཧ་ཅང་མཐོན་པོ་ཟིན་ཡོད། 

སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་ངོ་གདོང་མི་འདྲ་བ་གཉིས་རེ་ཡོད་པས་བོད་པ་སྐྱབས་བཅོལ་བ་ཚོ་ལའང་ལེགས་ཉེས་ཀྱི་ངོ་གདོང་གཉིས་ཡོད་མོད། རིགས་གཞུང་སྲུང་སྐྱོབས་དང་། སྐད་ཡིག་རྒྱུན་འཛིན། གོམ་གཤིས་ཉར་ཚགས། མི་རིགས་ཀྱི་ལྟ་བ་དང་བོད་པའི་འདུ་ཤེས་སོགས་ཧ་ཅང་ཚད་མཐོན་པོར་བདག་བཅེས་ཐུབ་ཡོད་པ་ནི་འཛམ་གླིང་ཁྱོན་དུ་སྐྱབས་བཅོལ་བ་ས་ཡ་མང་པོའི་ཁྲོད་ནས་ངེད་ཅག་བོད་པ་སྐྱབས་བཅོལ་བ་ཁོ་ན་ཡིན་ཞེས་སྤོབས་པ་ཆེན་པོའི་ཐོག་ནས་བཤད་ཆོག་པ་ཞིག་ཡིན།
༸རྒྱལ་བ་ཐམས་ཅད་མཁྱེན་པའི་ཐུགས་རྗེ་གྲིབ་བསིལ་གྱི་བཀའ་དྲིན་ཡིན་པ་ནི་བཤད་མི་དགོས་པ་ཞིག་ཡིན་ལ་བཙན་བྱོལ་གཞུང་གི་རྒན་པོ་ཨུ་ཚུགས་ཅན་ཚོའི་སེམས་ཤུགས་དང་སྟིང་སྟོབས་འགྲན་དུ་མི་གཟོད་པ་དེ་དག་གི་སྟོབས་ཤུགས་ཀྱིས་རང་ཅག་གཞོན་སྐྱེས་སྙིང་རུས་ཅན་ཚོས་ཁུ་ཚུར་བསྒྲིལ་ནས་དེ་རིང་གི་དུས་སུ་བོད་པ་སྐྱབས་བཅོལ་བ་ད་དུང་མི་ལོ་བརྒྱ་ཕྲག་གཞན་ཡུལ་ནས་འཚོ་ཞིང་གནས་དགོས་ནའང་བོད་ཀྱི་ངོ་གདོང་སྨུགས་པོ་དེ་ནམ་ཡང་འབོར་མི་སྲིད་པར་ཕྱིར་རང་ཡུལ་དུ་ལོག་ཆོག་ཆོག་བྱེད་ཐུབ་ཡོད། 

ཕྱི་ལོ་༢༠༠༨ལོའི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བོད་མིའི་སྒྲིགས་འཛུགས་ཀྱི་མི་འཇིག་སེངྒེ་ཁྲི་ལ་འཁོད་པ་ནས་བཟུང་མི་རབས་གསར་པ་ཚོས་བོད་པ་སྐྱབས་བཅོལ་བའི་འགན་དབང་དང་ནུས་ཤུགས་མཐའ་དག་ཁུར་ཐུབ་པའི་གདེང་སྤོབས་དང་མི་རབས་གསར་པ་ཚོའི་སྙིང་ཁོག་ན་བོད་ཁྲག་ལྷོང་ལྷོང་དུ་འཁོལ་བཞིན་ཡོད་པའི་རྣམ་པ་གསལ་སྟོན་བྱས་ཡོད་ཅིང་། བོད་པ་སྐྱབས་བཅོལ་བ་ཚོའི་ཁུ་ཚུར་ནི་ཧ་ཅང་སྙི་མོ་ཞིག་མ་ཡིན་པར་ལྕགས་ཀྱི་གོང་བུ་འདྲ་བ་ཞིག་ཡིན་པའི་ངེས་ཤེས་རྙེད་ཐུབ་པ་བྱས་ཡོད། 
Made in China ཡིག་འབྲི་འདི་ཙམ་མཐོང་བ་ནས་སྙིང་ལ་གཟེར་མ་འདེབས་པ་ལྟ་བུའི་སྡུག་བསྔལ་དང་ཁོང་ཁྲོ། ཞེ་སྡང་དང་ང་རྒྱལ་སྐྱེ་ཐུབ་མཁན་དེ་ནི་བོད་པ་སྐྱབས་བཅོལ་བ་མི་རབས་གསར་པ་ཚོ་རེད། ཁོ་ཚོས་རིག་གནས་སྣ་མང་དང་ཡོན་ཚོད་མཐོན་པའི་སྒོ་ནས་ཀྲུང་གོ་དང་ཁྱེད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་ཐུབ་པའི་གདེང་སྤོབས་དང་སྙིང་སྟོབས་ཁུར་ཏེ་མགོ་བོ་གཏན་ནས་མ་སྒུར་བར་འཛམ་གླིང་ས་ཆེན་པོའི་ཕྱོགས་བཞི་མཚམས་བརྒྱད་ནས་ལོང་བཞིན་ཡོད། གོ་སྐབས་ཤིག་མངོན་པར་གྱུར་ཚེ་འཐབ་རྩོད་ཀྱི་མདུང་རྩེ་དགྲ་བོ་ལ་འཛུགས་ཐུབ་པའི་གྲལ་སྒྲིག་ཨང་གསར་བྱེད་མཁན་དེ་དག་ནི་བོད་པ་སྐྱབས་བཅོལ་བ་མི་རབས་གསར་པ་ཚོ་ཡིན། 

ལོ་བཅུ་མན་གྱི་གྲྭ་ཆུང་འགས་ང་ལ་རྒྱ་སྐད་ཀྱི་ཐོག་ནས་ཚིག་འགའ་སྐྱོར་སོང་། ངས་རྒྱ་སྐད་མ་གོ་བས་ཁོ་ཚོར་དོན་དག་ཅི་རེད་ཅེས་དྲིས་པར་ཁོ་ཚོས“ང་ཚོ་ནི་བོད་པ་ཡིན།” “ལྷ་ས་ནི་ང་ཚོ་བོད་ཀྱི་རྒྱལ་ས་ཡིན་” ཟེར་བའི་དོན་རེད་ཅེས་བཤད་མ་ཐག་ངས་མིག་ཟུང་གཉིས་པོ་མཆི་མས་བསྒྲིབས་ནས་གྲྭ་ཆུང་དེ་དག་གི་ངོ་གདོང་རབ་རབ་ཏུ་གྱུར་སོང་། བོད་པ་བཙན་བྱོལ་བའི་དགེ་རྒན་ཚོས་སློབ་དེབ་ཅིག་ཁྲིད་བཞིན་པ་ཙམ་མིན་པར་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཞེན་གྱི་སྙིང་སྟོབས་གསར་སྐྲུན་བྱས་ཏེ་བོད་ཀྱི་མི་རབས་གསར་པ་ཚོའི་ཁོག་ན་སྙིང་ཡོད་པ། སྙིང་ལ་རུས་པ་ཡོད་པའི་མི་ཞིག་སྐྲུན་བཞིན་པ་ནི་བོད་པ་སྐྱབས་བཅོལ་བའི་དགེ་རྒན་དག་གི་མི་རིགས་ལ་བཞག་པའི་བྱས་རྗེས་བླ་ན་མེད་པ་དེ་ཡིན། ངས་དགེ་རྒན་ཁོང་རྣམས་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ། 
:-------------------------------------------:
Made in china-ཅ་དངོས་ཐོག་ཏུ་ཀྲུང་གོ་ནས་ཐོན་ཟེར་བའི་དོན་ཡིན།


                                      

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

དབུ་མ་དགོངས་པ་རབ་གསལ། རྩ་འགྲེལ་སྦྱར་མ།

འཕྲུལ་དེབ། གཞུང་ཚན། དབུ་མ། རྩོམ་པ་པོ། རྗེ་ཙོང་པ། འཕྲུལ་དེབ་ཏུ་སྒྲིག་མཁན། སེར་སྨད་འཇམ་དབྱངས་བསོད་ནམས། སྤེལ་མཁན སྲོང་བཙན་དྲ་བ། སྤེལ་དུས། 209-3-24 སྟོད་ཆ། ཕབ་ལེན། སྨད་ཆ། ཕབ་ལེན།

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག)

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག) ༼ བསྟོད་པའི་ཤིས་ཚིག་སྙན་ལྡན་དྲི་ཟའི་མགུར་དབྱངས། ༽                                        ♨/སྨྲ་སྲས:གསེར་འཇམ། སྐུ༵་རྣམ་ངུར་སྨྲིག་འཛིན་ལ་རིགས་བརྒྱའི་བདག། གསུ༵ང་ལེགས་ཡོན་ཏན་རིན་ཆེན་ཚོགས་ཀྱི་གཏེར།། ཐུ༵གས་འཕགས་བརྩེ་ལྡན་བྱང་ཆུབ་དངོས་ཀྱི་རྗེ།། དབྱེར་མེད་དབུ་གདུགས་བླ་མར་གུས་པས་འདུད།། མདོ་སྔགས་གཞུང་ཀུན་འཆ༵ད་ཉན་ལེགས་མཐར་བྱིན།། ངོ་མཚར་ཟླ་མེད་རྩོ༵ད་པའི་ལང་ཚོ་རྒྱས།། བདེན་དོན་ལེགས་འབྱེད་རྩོམ༵་པ་རིག་བདག་མཆོག། རབ་དགའ་གངས་ཅན་བོད་དགོན་མཆོག་ནི་མཛེས།། འཁྲུལ་མེད་བཀའ་ལུང་བདུད་རྩིའི་ཟེགས་མས་འཁྱུད།། རིགས་མཆོག་བདེ་འབྱུང་ལྷག་བསམ་པདྨོ་འཛུམ།། མངོན་པར་མཛེས་པའི་དབང་ཕྱུག་མི་ཡི་མཆོག། རྒྱལ་བསྟན་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ།། མཁྱེན་དཔྱོད་རྩལ་རྫོགས་མཐུ་དཔལ་བླ་མའི་སྐུ༷།། དག་གསལ་མགྲིན་པའི་ཟིལ་གནོན་ཚངས་དབྱངས་གསུ༵ང།། སེམས་ཅན་ཡོད་དོ་བདེ་ཞིང་འགོད་མཁས་ཐུག༵ས།། དད་པའི་གེ་སར་དགུང་འཕྱུར་ཨེ་མ་མཚར།། སྨྲ་རྒྱལ༵་དབ༵ང་བོ་བསྟན༵་པ་འཛི༵ན་ལ་མཁ༷ས།།...