Skip to main content

ཤ་ཉེ་ལ་སྐུར་བའི་འཕྲིན་འཐུང་།

                                       ཚན་པ་གཉིས་པ།)

ཁྱིམ་ཚང་གི་སློབ་གསོ་དང་ཕ་མའི་ཤུགས་རྐྱེན་ནི་བུ་ཕྲུག་ཅིག་གི་མི་ཚེ་འགྱུར་བ་གཏོང་ཐུབ་པའི་ནུས་ལྡན་ཞིག་ཡིན་པ་ནི་སློབ་གསོ་སྨྲ་བ་ཚོས་རྙེད་པའི་གྲུབ་དོན་ཞིག་ཡིན་ལ། མིག་སྔའི་སྤྱི་ཚོགས་ཁྲོད་དུ་དཔེ་མཚོན་རུང་བ་མང་པོར་འཇོག་རྒྱུ་ཡོད། ཁྱེད་རང་ནི་ང་དང་ཤ་ཉེ་འབྲིང་པོ་གཉིས་དང་མི་འདྲ་བར་ཆུང་དུས་ནས་སློབ་གྲྭ་འགྲིམས་པའི་གོ་སྐབས་ཐོབ་ཡོད་ཅིང་ལོ་མང་རིང་དུ་བཅའ་སྡོད་སློབ་གྲྭ་སོང་ཡོད་པའི་རྐྱེན་གྱིས་ཁྱིམ་ཚང་གི་སློབ་གསོ་དང་ཕ་མའི་ཤུགས་རྐྱེན་ག་ཚད་ཅིག་ཐེབས་ཡོད་མེད་མ་ཤེས་ལ། ཕ་མ་དང་ཁྱིམ་ཚང་གི་ཡ་རབས་གོམས་གཤིས་དང་ཉམས་ཆུང་གཤིས་ཡག་གི་བབ་ཆགས་བཟང་པོ་དེ་ཚོས་ཁྱེད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཤུགས་རྐྱེན་ཅི་ཙམ་ཐེབས་ཡོད་མ་ཤེས། 

ཁྱིམ་ཚང་སློབ་གསོ་དང་ཕ་མའི་ཤུགས་རྐྱེན་ཐེབས་ཡོད་མེད་ལ་མ་བལྟས་པར་ཁྱེད་ཀྱིས་ཕ་མ་གཉིས་ལ་དགའ་ཞིང་བརྩེ་བ་དང་ཁྱིམ་ཚང་ལ་དུང་ཞིང་མཛའ་བ་ནི་བཤད་མི་དགོས་པས་ཕ་མ་གཉིས་དང་ཁྱིམ་ཚང་ནི་ཁྱེད་རང་གིས་ཉིན་ལྟར་དྲན་བཞིན་པ་ཡིན་ལ་ནམ་ཡང་བརྗེད་མི་ཐུབ་པ་དེ་ཡིན་པ་ནི་ངས་ཚད་དཔག་བྱེད་ཐུབ། རང་ཡུལ་གད་ཁ་ཡིན་རུང་སྐྱིད་ཟེར་བ་བཞིན་ཁྱེད་ཀྱི་མཚན་མོའི་རྨི་ལམ་ལས་ཀྱང་ཕ་ཡུལ་དང་ཕ་མ་རྨི་བཞིན་ཡོད་ཅིང་ཕ་ཡུལ་ནི་ཆེས་སྐྱིད་པའི་ས་ཆ་དེ་ཡིན་བསམ་བཞིན་པ་ནི་ཁྱེད་དང་ཁྱེད་འདྲ་བའི་ལོ་ཆུང་བྱིས་པ་ཐུན་མོང་ལ་ཡོད་པ་ཞིག་ཡིན། 

ངས་ཁྱེད་ལ་རྡོག་རྡོག་བཤད་རྒྱུ་ནི། ཁྱེད་ཀྱིས་ཕ་མ་གཉིས་ལ་བརྩེ་བ་བཞིན་ཕ་མ་གཉིས་ལ་སློབ་སྦྱོང་ཡང་དག་ཅིག་བྱེད་དགོས་ཟེར་བ་དེ་ཡིན། ངེད་ཚང་ལ་ཁྱིམ་གྱི་རྒྱུ་ནོར་གཟི་བྱུར་རུ་དང་ཕྲུག་ཚ་རུ་ངོམ་དུ་རུང་བ་ཅི་ཡང་བསྟན་རྒྱུ་མེད་མོད། ཆེས་ངོམ་ཆོག་པ་དང་རིན་ཐང་གཞལ་དུ་མེད་པ་དེ་ནི་ཕ་མ་གཉིས་པོ་དེ་ཡིན། སྤྱིར་ཕ་མ་སུ་ཡིན་རུང་བུ་ཕྲུག་དག་གི་ཆེས་རྩ་ཆེའི་རྒྱུ་ནོར་ཞིག་ལ་བརྩི་རུང་། ངེད་གསུམ་གྱི་ཕ་མ་ནི་ཕ་མ་རང་འགའ་བ་ཙམ་མིན་ཞེས་བདག་གིས་སྐད་འགོ་མཐོན་པོར་བྱས་ནས་བཤད་ཐུབ།


ཁྱེད་རང་སྐྱེས་ནས་ཡུན་རིང་མ་སོང་བའི་ལོ་དེར་ཉིན་ཞིག་ལ་ང་རང་དགོན་ནས་ཁྱིམ་དུ་ཡོང་བ་ཡིན། ཨ་ཕའི་གདོང་གཡོན་མའི་མིག་དམར་ནག་དང་མིག་འགྲམ་སྔོ་ནག་བལྟ་མི་བཟོད་པ་ཞིག་ཆགས་འདུག ཨ་མ་ལ་ཅི་བྱུང་བ་རེད་ཅེས་དྲིས་པས་ལྕགས་རྟ་བཞོན་ནས་རྡབ་པ་རེད་ཅེས་སྣང་མེད་ངང་ལན་དེ་ལྟར་གནང་སོང་། རྗེས་སུ་ཤེས་རྟོགས་བྱུང་དུས་དེ་འདྲ་ཞིག་མིན་པར་མི་ཞིག་གིས་ཁུ་ཚུར་གྱིས་བཞུས་པ་ཡིན་འདུག་མོད་ཨ་ཕས་ལན་ཅི་ཡང་སློག་མི་འདུག་མ་ཟད་ཉེ་འབྲེལ་ཕོ་གསར་འཛིང་དགོས་ཟེར་མཁན་འགའ་ཤས་ལ་ཚིག་ངན་ཞིག་ཀྱང་ལབ་གཅུག་མི་འདུག ད་སྐབས་ཀྱི་སྤྱི་ཚོགས་ཁྲོད་དུ་གདོང་ལ་ཁུ་ཚུར་བཞུས་ན་ཁུར་ཐུབ་པའི་ཨ་ཕ་ག་ཚད་ཡོད་དམ། གྱོང་ཁུར་ན་ཁེ་ཞིག་ཡོད་བསམ་མཁན་དུ་ཙམ་ཡོད། ང་རང་གནས་ཚུལ་འདི་ཤེས་དུས་ཨ་ཕ་ལ་ཧ་ཅང་ཡིད་སྨོན་སྐྱེ་མྱོང་ལ་ད་དུང་ཡང་འདི་ཉིད་དྲན་ཐེངས་རེར་ཡིད་འགུལ་ཚད་མེད་ཐེབས་བཞིན་ཡོད། 

ཁྱེད་ཀྱིས་ཨ་ཕ་ལ་ཨ་ཡེས་ཀྱིས་མིང་མདོག་ཅི་ལྟར་འབོད་བཞིན་པ་ཤེས་ཀྱི་ཡོད་ཚད་རེད། མ་གཞི་ང་རང་ཕ་ཡུལ་བྲལ་ནས་མི་ལོ་བཅོ་ལྔ་ཙམ་སོང་ཞིང་འདས་པས་ཨ་ཡེས་ཀྱིས་མིང་མདོག་གསར་པ་རེའང་འབོད་བཞིན་ཡོད་སྲིད། ཨ་ཡེས་ཀྱིས་རྣམ་འགྱུར་ངན་པ་ཞིག་བསྟན་བཞིན་ཨ་ཕ་ལ་དྲི་མེད་ཀུན་་ལྡན་ཞེས་འབོད་པ་ཡང་ཡང་ཐོས་རྒྱུ་ཡོད། ཨ་ཡེས་ཀྱི་རྣམ་འགྱུར་ལས་དྲི་མེད་ཀུན་ལྡན་་ནི་ཨ་ཕའི་མིང་མདོག་ཡིན་པ་ཤེས་ན་ལས་དོན་དག་ཅི་ཞིག་ཡིན་པ་གཏན་ནས་ཤེས་ཀྱི་མེད། ཨ་ཕས་མི་ལ་རོགས་རམ་དང་གྲོང་སྟོད་སྨད་ཀྱི་ཇུས་གཏོགས་བྱས་ནས་ཉིན་འགའ་ཁྱིམ་ལའང་ཡོང་ཁོམ་མེད་པའི་ལས་ཀ་དེ་ནི་ངེད་ཆུང་དུས་སྐབས་ནས་བཟུང་མཐོང་རྒྱུ་ཡོད་ལ་ད་ལྟ་དེ་ལས་ཀྱང་ཇུས་གཏོགས་བྱེད་རྒྱུ་མང་བས་ངས་བསམ་ན་ཨ་ཡེས་ཀྱིས་མིང་མདོག་འབད་པར་ཐང་ཆད་ཡོད་རྒྱུ་དྲན། 

ངེད་ནང་ལ་ཡོད་སྐབས་ཨ་ཕ་ཚོང་ལ་སོང་ནས་ཡོང་རེས་བཞིན་བྱུང་སོང་ཁ་འཐབ་ཀྱི་ལྷག་ཡོད་ནི་ཧ་ལམ་བསྟན་རྒྱུ་མེད། ཨ་ཕས་དགོད་འཚེར་འཚེར་ངང་འདི་མ་གཏོགས་མ་རག་ཅེས་ཨ་ཡེས་ས་ནས་ཁ་རྡུང་ཟེར་རྒྱུ་སྒུག་ནས་སྡོད་ཀྱི་རེད་ལ། ཨ་ཕས་ལས་ཀ་དང་ཚོང་ལས་འཇོན་ཀྱི་མ་རེད་སྙམ་པ་ངས་ཀྱང་ཡང་ཡང་དྲན་མྱོང་། འོན་ཀྱང་གྲོང་པའི་འགོ་ཁྲིད་ཁུར་བའི་མི་ལོ་ལྔ་དྲུག་ནང་དུ་གྲོང་ཚོ་ཡར་རྒྱས་དང་ཉམ་ཐག་རོགས་རམ་སོགས་ཐབས་ཤེས་སྣ་མང་སྤེལ་ནས་ཧ་ཅང་ཡིད་འགུལ་ཐེབས་པ་བྱེད་ཚུལ་ང་ལས་ཁྱེད་ཀྱིས་མིག་མཐོང་ལག་ཟིན་བྱུང་ཡོད།  

ཚོང་ལས་ཁེ་པོགས་ལེན་དགོས་ན་མི་གྲུང་པོ་དང་མགོ་བདེ་པོ་ཁ་ནས་འདྲ་ཆགས་བཤད་ཤེས་ལ། སྒོར་མོ་བཅུ་བྱིན་པའི་ཚོང་རྫས་དེ་ལྡབ་འགྱུར་སྤར་ནས་རྒྱུ་དང་སྤུས་ཀ་བཟང་རབས། རང་ལ་ཁེ་པོགས་དེ་ཙམ་མེད་ཚུལ་ལུང་པ་གང་བཤད་ནས་མགོ་གཡོགས་དགོས་པ་ནི་ཚོང་ལས་ཀྱི་བྱ་བའི་བརྒྱུད་རིམ་ཁྲོད་དུ་འདོར་ཐབས་མེད་པ་ལྟ་བུ་ཞིག་རེད། མི་མགོ་གཡོགས་མི་ཕོད་པའི་ངེད་ཚང་གི་ཨ་ཕ་ནི་ཚོང་ལ་སོང་ནས་ཡོང་རེ་བཞིན་ཁེ་པོགས་བསྟན་རྒྱུ་མེད་པའི་གནད་དོན་དེ་ངས་ལོ་མང་པོའི་རྗེས་ནས་གཞི་ནས་ཤེས་པ་ཡིན། 

ཁྱེད་ཀྱིས་ཨ་ཕ་ས་ནས་བཟོད་སྲན་དང་། མི་གཞུང་དྲང་། གཞན་ལ་རོགས་རམ་བྱེད་པ། ཀུན་ལ་མཐུན་པོ་གནང་བ། སྤྱི་ཚོགས་ཀྱི་འགན་འཁྲི་ལེན་པ། གཡོ་སྒྱུ་ཁྲམ་གསུམ་མེད་པའི་ཕོ་རྒོད་ཅིག་གི་མི་ཚེའི་བརྒྱུད་རིམ་དེར་མིག་དཔེ་དང་སློབ་སྦྱོང་བྱས་ཏེ། དགེ་རྒན་དང་སློབ་གྲྭ་ནས་ཐོབ་པའི་ཤེས་ཡོན་གྱིས་ང་ཚོའི་གྲོང་ཚོལ་ལས་རྒལ་ཏེ་ངེད་ཅག་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་དེ་སྐྱོང་ཐུབ་དགོས། སྐབས་དེ་དུས་ཁྱེད་ཀྱིས་ཕ་ཤུལ་བུ་འཛིན་བྱེད་ཐུབ་ཡོད་པས་ང་ཚོས་ཁྱེད་ལའང་དྲི་མེད་ཀུན་ལྡན་ཞེས་མིང་མདོག་དེ་འབོད་ཆོག

 ༢༡༤/༨/༣༠
ཨ་ཡེས།-ཁམས་སྐད། རྨོ་རྨོ་ལ་གོ 
གསལ་བཤད།>> དངོས་བྲིས་རྩོམ་ཡིག་ཅིག་ཡིན་སྟབས་ཚོར་བ་དངོས་དང་ཐག་ཉེ་དགོས་པས་ཨ་ཡེས་ལས་རྨོ་རྨོ་ཞེས་མ་བྲིས།

Comments

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

<ཆམ་ནད། ངེས་འབྱུང་སྤུ་སུད་མ།>

ཕྲ་འབུ་གཅིག་གིས་རང་ལུས་འབྱུང་གཞི་འཁྲུགས།། མ་བརྟག་བློ་ལ་བརྟན་པའི་ལུས་འདི་ཡང་།། ཞིབ་ཏུ་བསམ་ན་རྩྭ་རྩེའི་ཟིལ་པ་ལྟར།། རྟག་བརྟན་མེད་པར་ངེས་ཤེས་གསལ་བར་རྙེད།། འབྱུང་གཞི་འཁྲུགས་ནས་ལུས་ཟུངས་ཡོངས་སུ་ཟད།། རུས་ཚིགས་བར་ན་ཚ་བའི་མེ་སྟག་འཕྲོས།། མགོ་རུས་དེ་ནི་གས་ཤིང་ཆག་ལ་ཁད།། བསམས་ཤིང་བསམ་ན་ནད་ཀྱི་རྐྱལ་པར་ངེས།། ཚ་བ་འབར་ནས་རྔུལ་ཆུས་ལུས་ཡོངས་སྦངས།། གཞན་གྱིས་བརྟག་དུས་ཚ་བ་མི་འདུག་ཟེར།། མི་གཉིས་བར་ལ་མྱོང་བ་ཐ་དད་འདི།། སེམས་ཙམ་གྲུབ་མཐའི་རྣམ་བཞག་བདེན་པར་འདུག། རྐུབ་ཁབ་ཟད་པས་སྐྲག་ཅིང་ན་ཟུག་ཆེ།། ན་བའི་ཐོག་ལ་ན་ཐོག་ན་སྣོན་འདི།། འཁོར་བར་ལུས་པའི་ཉེས་པ་ཡིན་པར་ངེས།། འཁོར་བའི་འདམ་ལས་མ་གྲོལ་སྡུག་གི་གཞི།། ཚེ་འདི་ཉིད་ལ་ཟུང་འཇུག་གོ་འཕང་རྙེད།། མོས་གུས་ཅན་ལ་ལོ་གསུམ་ཙམ་གྱིས་ཐོབ།། གསང་བ་སྔགས་ཀྱི་ནུས་མཐུ་དེ་བདེན་ན།། ད་ལྟ་ཉིད་ནས་མི་འཇུག་ཅི་ཞིག་ཡིན།། སྔགས་ལམ་ཞུགས་ན་སྨྱོན་པའི་ཚུལ་དགོས།། འཁོར་འདས་གཉིས་པོ་དབྱེ་མེད་རོ་གཅིག་ལྟ།། ཡག་དང་བཙོག་གི་རྣམ་བཞག་ཧྲིལ་ལེ་དོར།། སྐྱགས་ཆེན་ཡིན་རུང་ཟས་ལ་བསྟེན་དགོས་སྐད།། སྡོམ་ལྡན་ཡིན་ཀྱང་རིག་མ་བསྟེན་པས་འགྲིག།། འདུལ་ཁྲིམས་མི་དགོས་ཅི་དགར་སྤྱོད་ན་ཆོག། རྡོ་རྗེ་ཐེག་པའི་ཟབ་...

དགུང་ལོ་བརྒྱད་ཅུ། རྟེན་འབྲེལ་གྱི་མེ་ཏོག་འབུལ།

སྙིང་ནས་དད་པའི་མེ་ཏོག་འཛུམ་པ་ཡིས།། དགའ་གུས་དད་གསུམ་ལོ་འདབ་ཡོངས་སུ་གྲོལ།། མགོ་བོའི་ཕྱག་གིས་ཞབས་རྡུལ་གཙུག་ན་བླངས།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། མ་ཤེས་རྨོངས་པའི་གོམ་ཁ་འཁྱར་འཁྱོར་ལ།། ལམ་དུ་འདེད་པའི་སེམས་པ་རབ་ཏུ་བསྐྱེད།། གང་ན་ནོར་བའི་ཕྱོགས་ལ་ལམ་སྟོན་པ།། སྙིག་དུས་འདི་ན་བསྐལ་བརྒྱར་བཞུགས་སུ་གསོལ།། ཁ་མཁས་ཚིག་སྙན་ངོ་སྲུང་བྲག་གི་རིར།། ཇི་བཞིན་བདེན་པ་སྨྲ་བའི་ཕུར་གྱིས་བཏབ།། དྲང་ལ་བདེན་པ་སྐྱོང་བའི་སེམས་དཔའ་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། ཤེས་རློམ་ཟོག་པོ་འབར་མའི་མེ་ཕུང་ལ།། ཀུན་གྱི་གྲ་མཐར་འཛིན་པའི་ཆུ་བོ་བཤོས།། ང་རྒྱལ་མགོ་བོ་བཏུབ་པའི་དཔའ་བོ་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། འདོད་ཆེན་ཆུ་སྲིན་འཁྲོས་པའི་རྒྱ་མཚོའི་ཀློང་།། ཆོག་ཤེས་གྲུ་ཆེན་རླུང་གིས་ཕ་རོལ་སོན།། འགྲོ་ཀུན་སྒྲོལ་ལ་མཁས་པའི་དེད་དཔོན་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། ཀུན་ལ་བྱམས་པའི་ཆར་སྤྲིན་ལིང་ལིང་ལྡིང་།། ཐུགས་རྗེ་སྦྲང་ཆར་སིལ་མ་ཟིལ་ཟིལ་བསྙིལ།། རང་རྒྱུད་གྱོང་པོར་རློན་གྱིས་བརླན་མཁས་པ།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། མཁས་མང་བརྒྱ་ཕྲག་དབུས...