Skip to main content

གྲྭ་སའི་བསྟན་པ་ཉམས་རྒུད་དང་གཞིས་དགོན་བསྟན་པ་དར་རྒྱས།


གདན་ས་གསུམ་གཙོས་པའི་བཤད་གྲྭ་ཁག་ཏུ་ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་ནི་སུ་ཡིས་ཀྱང་འགྲན་ཐུབ་པ་ཞིག་མ་ཡིན་པར་གནའ་ནས་ད་བར་གྲྭ་ས་ཟེར་དུས་ངང་པ་མཚོ་ལ་འཁོར་བཞིན་སློབ་གཉེར་བྱེད་མཁན་ལོ་རེ་བཞིན་རྒྱུན་ཆད་མེད་པར་སླེབས་ནས་མི་ལོ་དུ་མའི་རིང་དུ་སློབ་གཉེར་གནང་རྗེས་བསྟན་པའི་བྱ་བར་འགན་ཁུར་དང་རང་རྒྱུད་ཀྱི་ཉམས་རྟོགས་འཁྲུངས་ཏེ་སྐུ་ཚེའི་མཛད་པ་མཐར་ཕྱིན་པ་བགྲང་གིས་མི་ལངས་པ་རེའང་བྱུང་ཡོད། མ་ཟད་དགེ་ལྡན་པའི་གཞིས་དགོན་ཕལ་ཆེར་བ་ཞིག་ཕྱག་འདེགས་མཁན་དང་རྒྱུན་སྐྱོང་མཁན་གཙོ་བོའི་གྲས་ནི་གྲྭ་སར་འགྲིམས་ནས་ཕེབས་པའི་དགེ་བའི་བཤེས་གཉེན་དང་སློབ་གཉེར་བ་དག་ཡིན་གཤིས། མདོ་སྔགས་ཕྱག་སྲོལ་གང་ཡིན་རུང་གྲྭ་སའི་འཆད་ཉན་ལ་ཁུངས་གཏུགས་ནས་གསར་འཛུགས་དང་སྒྲིག་ལམ་ཡན་ཆད་གྲྭ་ས་ཇི་བཞིན་ཨེ་ཡོང་བལྟས་ཏེ་ཕྱག་སྲོལ་མཛད་གནང་གིས་ད་བར་དགོན་ཁག་སོ་སོར་རང་རང་གི་གནས་སྟངས་ཇི་བཞིན་དགེ་ལྡན་པའི་ཕྱག་སྲོལ་ཁག་ལག་བསྟར་བྱས་དང་བྱེད་བཞིན་ཡོད།

ཕྱི་ལོ༡༩༥༩ལོའི་ལོ་ནག་དེ་ཚེས་ནས་བསྟན་པ་ས་སྟེང་དུ་ཨེ་ལྷག་སྙམ་པའི་ཆག་འཇིག་དེ་བྱུང་རྗེས་ཡུལ་དུ་གྱར་བའི་མཁན་བླ་དགེ་འདུན་ཉུང་ཤས་ཤིག་གིས་མ་ཐེག་ཨུ་ཚུགས་དང་བཀའ་སྤྱོད་སྡུག་རུས་བྱས་མཐར་བསྟན་པའི་མེ་རོ་སླར་གསོ་དང་གདན་སའི་ཕྱག་བཞེས་ཁག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་རེ་བྱུང་བས་སྔ་བཞིན་མདོ་སྔགས་སློབ་གཉེར་བྱེད་རྒྱུ་མཚམས་མ་ཆད་པར་མི་རབས་གསར་པ་ཚོ་ལ་བུམ་པ་གང་བྱོས་ཚུལ་དུ་བརྒྱུད་སྤྲོད་ཐུབ་ཡོད་པ་ནི་ཧ་ཅང་དགའ་འོས་པའི་རླབས་ཆེན་གྱི་བྱ་བ་ཞིག་དང་བརྗེད་མི་ཐུབ་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་ཅིག་ཡིན།

ལོ་རབས་བརྒྱད་ཅུ་པ་ནས་བཟུང་ཡུལ་གྱར་དུ་ཡོང་མཁན་ཇེ་མང་དང་གྲྭ་ས་འགྲིམ་མཁན་ཧ་ཅང་མང་པོ་ཞིག་བྱུང་སྟེ་གྲྭ་སའི་སློབ་གཉེར་ཚགས་ཚུད་དང་སྒྲིག་ལམ་ལེགས་བཅོས། ཀུན་སྤྱོད་མཐོ་འདེགས། དེང་རབས་ཀྱི་ཤེས་ཡོན་ལ་དོ་སྣང་དང་སློབ་སྦྱོང་། ཚན་རིག་གི་ལྟ་གྲུབ་ལ་ཁ་ཕྱོགས་ནས་ཆོས་ཚན་གཉིས་པོའི་བར་བགྲོ་གླེང་གནང་བ་སོགས་ཀྱི་ལམ་ནས་འཛམ་གླིང་གི་སྡེངས་ཆའི་སྟེང་དུ་ནང་བསྟན་གྱི་སྙིང་པོ་ཁག་གསལ་སྟོན་ཐུབ་པས་ནང་བསྟན་ནི་ཆོས་ལུགས་ཤིག་མ་ཡིན་པར་རིག་གནས་ཤིག་རེད་ཅེས་སྐད་དུ་གྲགས་པར་བྱས་ལ། ད་རུང་བྱམས་སྙིང་རྗེ་སྙིང་པོར་བྱས་པའི་མདོ་སྔགས་ཀྱི་གཞུང་ལུགས་ཁག་ནུབ་ཕྱོགས་པའི་སྤྱི་ཚོགས་སུ་ཧ་ཅང་ཁྱབ་བརྡལ་དུ་སོང་ཡོད་པ་སོགས་ཆེས་ཕུན་ཚོགས་པའི་སྐལ་བཟང་གི་ཉི་མ་ཞིག་འཆར་ནས་ཡོད།

ཕྱི་ལོ༢༠༠༨་ནས་འགོ་ཚུགས་ཏེ་བཙན་བྱོལ་དུ་ཡོང་མཁན་ཧ་ཅང་ཉུང་དུ་སོང་ཞིང་རེ་གཉིས་ཡོད་པ་དག་ལོ་ན་མཐོ་བས་སློབ་གྲྭར་ཚུད་ཐབས་མེད་པ་དང་དགོན་སྡེ་ཁག་ཏུ་འཛུལ་བཞུགས་བྱེད་ཐུབ་རུང་ལོ་ཚད་ཀྱིས་དབང་གིས་དཔེ་ཆ་ལྟ་ནས་སྡོད་ཐུབ་རྒྱུ་ཁག་པོ་ཆགས་ཡོད། ཀྲུང་གོའི་སྲིད་ཇུས་འདིས་བཙན་བྱོལ་བའི་སློབ་གྲྭ་དང་དགོན་སྡེ་ཁག་ལ་ཆེས་དཀའ་ངལ་ཤུགས་ཆེན་ཞིག་སྤྲོད་ཐུབ་པར་མིག་མཐོང་ལག་ཟིན་དུ་གྱུར་བས་སྔ་མ་ལས་དམ་དུ་བཏང་བ་ལས་སྲིད་ཇུས་ལྷོད་ཡངས་བྱེད་མི་སྲིད་པ་ཞིག་ཆགས་ཡོད། ད་ལོ་བོད་རང་སྐྱོང་ལྗོངས་ཀྱི་དམག་ཤོག་དྲུང་ཆེ་ཁྲོན་ཀེ་ཆིང་གིས་༢༠༡༥རང་ལྗོངས་ཀྱི་མི་སྣ་རྡོག་ཅིག་ཏཱ་ལའི་བླ་མ་ཐུག་པར་འགྲོ་མེད་ཅེས་སྐད་ཤུགས་ཆེ་པས་བཤད་པ་ལ་བལྟས་ན་ཁོ་ཚོས་སྲིད་ཇུས་དམ་པོ་འཛིན་ཡོད་པ་དང་སླད་ནས་དེ་བཞིན་ལག་ལེན་དོན་འཁྱོངས་ཡོང་བར་བྱེད་རྒྱུ་ཡིན་པ་གསལ་པོ་རེད།

རང་རེའི་གནད་དོན་དེ་ལོ་བཅུ་ཕྲག་ནང་ཚུད་དུ་ཐག་གཅོད་མ་བྱུང་ཚེ་ཆེས་འཇིག་ཉེན་འཕྲད་ས་ཨང་པོ་དེ་ནི་གདན་ས་གསུམ་གཙོས་པའི་རིས་མེད་བཤད་གྲྭ་ཁག་ཡིན་ལ་དེ་བཞིན་བོད་ཁྱིམ་སློབ་གྲྭ་ཁག་སྒོ་རྒྱབ་པའམ་ཧི་མ་ལ་ཡའི་མི་རིགས་རྐྱང་པ་ལས་མེད་པ་ཞིག་ཆགས་རྒྱུ་ཐེ་ཚོམ་མི་འདུག འཇིག་ཉེན་འདི་ལས་སྐྱོབས་ཐབས་ཤིག་ཧ་ཅང་ཁག་ལ་དེ་ལས་ཀྱང་གདན་ས་ཁག་ཉམས་རྒུད་ཤུགས་ཆེན་ཞིག་འགྲོ་རྒྱུ་ཡིན་སྟབས་བྱ་ཐབས་མེད་པ་ལྟ་བུ་ཞིག་གྱུར་འདུག

ལོ་རབས་བདུན་ཅུའི་ནང་དུ་གདན་ས་ཁག་ཏུ་གསར་བཞུགས་གྲྭ་རྒྱུན་མེད་པའི་དཀའ་ངལ་ཞིག་བྱུང་འདུག་ལ་སྐབས་དེ་དུས་ཧི་མ་ལ་ཡའི་མི་རིགས་ཁག་ནས་གྲྭ་རྒྱུན་མང་པོ་སློང་ནས་དགེ་རྒན་ཚོས་གསོ་སྐྱོང་ལེགས་པོར་གནང་ཐོག་སློབ་གཉེར་གང་ལེགས་སྤྲད་པས་ཁོ་ཚོའི་གྲས་ནས་ཤེས་ལྡན་མི་སྣ་མང་པོ་ཐོན་ཡོད་པ་དང་། དེ་རིང་ཁ་སང་གདན་ས་ཁག་གི་འགན་ཁུར་བ་གཙོ་བོའི་གྲས་སུ་གྱུར་ཡོད།

དེ་ལྟ་མོད་ཀྱི་ཕྱི་ལོ༢༠༠༨ནས་གདན་ས་ཁག་གི་སློབ་གཉེེར་གྲངས་འབོར་དེ་མངོན་གསལ་ཐོག་ལོ་རེ་བཞིན་ཇེ་ཉུང་དུ་སོང་ཞིང་། འདི་བཞིན་ལོ་བཅུ་ཕྲག་རེ་འགའ་སོང་ན་གྲྭ་སའི་ཆོས་རྭ་སྟོང་པ་གྱུར་ཨེ་འགྲོ་བསམ་པ་ཞིག་འདུག་ལ། དེང་རབས་ཀྱི་དཔལ་འབྱོར་དང་རྒྱལ་སྤྱིའི་ཁོར་ཡུག་གི་འདུ་འཛི་འཁྲུག་ཆ་ཅན་འདིའི་ནང་དུ་ཡོད་ཚད་འཐིམ་ནས་འགྲོ་བཞིན་པའི་མོད་ལ། དགོན་སྡེ་ནང་དུ་ཡོང་མཁན་ཇེ་ཉུང་ནས་ཇེ་ཉུང་དང་གྲྭ་ས་བསྐྱུར་ནས་ཕྱི་རྒྱལ་དུ་སྒོར་མོ་འཚོལ་འགྲོ་མཁན་ལོ་རེ་བཞིན་རྒྱུན་ཆད་མེད་པར་སོང་དང་འགྲོ་བཞིན་པར་བལྟས་ན་བཤད་གྲྭ་ཁག་ཏུ་གྲྭ་རྒྱུན་ཆད་པའམ་ཉམ་ང་ཉག་ཕྲ་ཞིག་ཡོང་རྒྱུ་ནི་གཏན་ཁེལ་ཞིག་ཏུ་གྱུར་འདུག་པས་དེ་རིང་ཁ་རྩང་གཞི་ནས་སེམས་ཁྲལ་དང་བློ་འཚབ་ཞིག་གང་ས་ནས་བྱེད་ཀྱིན་འདུག མིང་རྒྱང་ཅན་རེ་འགས་དེ་སྔ་ནས་ཉན་མི་བཟོད་པའི་གནས་ཚུལ་འདི་ཚོ་གླེང་སློང་བྱས་ཡོད་རུང་འདི་འདྲ་ཡོང་མི་སྲིད་ཟེར་བ་དང་རྣམ་རྟོག་སློང་བའི་སྐད་ཆ་ཞིག་ལ་བརྩིས་ནས་བདག་པོ་བརྒྱབ་མཁན་ཞིག་རག་མེད། དེ་སྔར་ཉན་མི་བཟོད་པའི་གནས་ཚུལ་དག་ད་ལྟ་བལྟ་མི་བཟོད་པ་ཞིག་ལ་འགྱུར་གྲབས་ཀྱིས་འགོ་ཚུགས་ཡོང་གི་འདུག་པས་ད་ནི་བཤད་ནའང་རྣམ་རྟོག་སློང་གཞི་ཞིག་ཏུ་འགྱུར་མི་འགྲོ་སྙམ།

སེམས་འཚབ་ཡོད་རུང་བྱ་ཐབས་ཤིག་མེད་པའི་ཚད་དུ་གྱུར་ཡོད་དེ་རྒྱ་ནག་གི་ཕྱི་ཕྱོགས་བཀག་སྡོམ་དེ་ཇེ་དམ་ཇེ་བཙན་དུ་འགྲོ་བཞིན་པས་སྔ་ཆད་ལྟར་བཙན་བྱོལ་དུ་ཡོང་བའི་ལམ་བུ་ཆད་ཟིན་ལ། འདི་ནས་འཚར་བའི་བོད་ཕྲུག་ཚོ་ནི་འཇིང་པ་ལ་གྲི་བཞག་རུང་གྲྭ་པ་མི་བྱེད་ཟེར་མཁན་ཤ་སྟག་ཏུ་གྱུར་འདུག་པས་ཐབས་ཟད་པའི་སྣང་ཚུལ་ཞིག་ལས་ཅི་ཡང་མི་འདུག ཧི་མ་ལ་ཡའི་མི་རིགས་དག་ཀྱང་སྔ་ཆད་བཞིན་མ་ཡིན་པར་དཔལ་འབྱོར་དང་འདུ་འཛིའི་རྣམ་གཡེང་ལ་རྐང་པ་ཟུག་ཚར་བས་གྲྭ་ས་ན་གཞོན་སྐྱེས་རེ་འགའ་ཡོང་རུང་ལོ་ཤས་སྡོད་རྗེས་སྐྱ་སར་བབ་འགྲོ་བ་དང་ཁྱིམ་དུ་ཤོར་འགྲོ་བའི་གནས་སྟངས་ཤིག་གི་འོག་ཏུ་ཧི་མ་ལ་ཡའི་མི་རིགས་དག་ལའང་རེ་བ་རྒྱག་ས་ཞིག་སྡོད་མི་འདུག་གོ།

ཧ་ཅང་སྟབས་ཡག་པ་ཞིག་ལ་གཞིས་ཀྱི་མདོ་ཁམས་གཉིས་ཀྱི་དགོན་ཁག་མང་པོར་སློབ་གཉེར་བ་ཇེ་མང་དང་སློབ་གཉེར་གྱི་སྤུས་ཚད་ཇེ་ཡག དགོན་པའི་སློབ་གཉེར་གྱི་སྒྲིག་འཛུགས་དང་འཆར་གཞི། འཚོ་བའི་མཐུན་རྐྱེན་སོགས་ཇེ་ཡག་ཇེ་རྒྱས་སུ་འགྲོ་བཞིན་འདུག་སྟབས་གདན་ས་ཁག་ཉམས་རྒུད་དུ་སོང་རུང་གཞིས་ཀྱི་དགོན་སྡེ་འདི་དག་ནས་སློབ་གཉེར་བ་རྒྱུན་ཆད་མེད་པར་བྱུང་ཞིང་ད་ལྟ་ལས་སྤུས་ཚད་ཇེ་ཡག་ཏུ་སོང་ན་རིམ་བཞིན་དགེ་བཤེས་གཏོང་རྒྱུ་དང་ལྷ་རམས་རྒྱུགས་སྤྲོད་སོགས་གྲྭ་ས་ཇི་བཞིན་ལག་བསྟར་ཐུབ་ངེས་དང་དེ་བཞིན་གནང་ན་ཡང་འོས་བབ་དང་ལུགས་མཐུན་ཞིག་ཆགས་ཡོད་པས་སླད་ཕྱིར་ནང་ཆོས་སློབ་གཉེར་ཆེད་ཡུལ་གྱར་དུ་འགྲོ་དགོས་པའི་དཀའ་ངལ་དང་ས་ཆུ་མི་འཕྲོད་ས་ཞིག་ན་ཨུ་ཚུགས་ཀྱིས་འདུག་དགོས་དོན་གཏན་ནས་མེད།

འདི་ལོའི་སེར་ཤུལ་དགོན་པའི་རྒྱུགས་སྤྲོད་གསལ་བསྒྲགས་ཤོག་ལྷེ་ཞིག་མཐོང་ལ་དེའི་ཐོག་ཏུ་གསལ་བ་ལྟར་ན་བསྡུས་གྲྭ་གསུམ་གྱི་འཛིན་གྲྭ་རེར་སློབ་གཉེར་བ་180ལྷག་ཡོད་འདུག་པས་ད་སྐབས་སློབ་གཉེར་བ་གསར་དུ་འཛུལ་བཞུགས་ཀྱི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་པ་གསལ་པོར་ཆགས་འདུག འདི་ལྟར་མུ་མཐུད་དེ་ཇེ་མང་ལ་འགྲོ་ངེས་པ་དང་གྲྭ་རྒྱུན་ཡང་མདོ་དབུས་ཁམས་གསུམ་ནས་ཡོང་སྲིད་པས་དེ་བཞིན་བྱུང་ན་གྲྭ་ས་ལྟར་མི་སྣ་འདུས་རྫོབ་ཆེ་བ་དང་ས་ཁུལ་མི་འདྲ་བ་ནས་གྲྭ་རྒྱུན་སྣ་འཛོམས་བྱུང་བས་བོད་ཁམས་ཡོངས་ཀྱི་ནང་ཆོས་སློབ་གཉེར་གོང་འཕེལ་དང་ཤེས་ལྡན་མི་སྣ་གང་མང་གསོ་སྐྱོང་ཐུབ་པ་སོགས་ཕྱོགས་གང་ཐད་ནས་ཡར་ངོས་ཟླ་ལྟར་འཕེལ་བ་ཞིག་ཡོང་ཐུབ།
༢༠༡༥-༡༡-༢༤

Comments

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

<ཆམ་ནད། ངེས་འབྱུང་སྤུ་སུད་མ།>

ཕྲ་འབུ་གཅིག་གིས་རང་ལུས་འབྱུང་གཞི་འཁྲུགས།། མ་བརྟག་བློ་ལ་བརྟན་པའི་ལུས་འདི་ཡང་།། ཞིབ་ཏུ་བསམ་ན་རྩྭ་རྩེའི་ཟིལ་པ་ལྟར།། རྟག་བརྟན་མེད་པར་ངེས་ཤེས་གསལ་བར་རྙེད།། འབྱུང་གཞི་འཁྲུགས་ནས་ལུས་ཟུངས་ཡོངས་སུ་ཟད།། རུས་ཚིགས་བར་ན་ཚ་བའི་མེ་སྟག་འཕྲོས།། མགོ་རུས་དེ་ནི་གས་ཤིང་ཆག་ལ་ཁད།། བསམས་ཤིང་བསམ་ན་ནད་ཀྱི་རྐྱལ་པར་ངེས།། ཚ་བ་འབར་ནས་རྔུལ་ཆུས་ལུས་ཡོངས་སྦངས།། གཞན་གྱིས་བརྟག་དུས་ཚ་བ་མི་འདུག་ཟེར།། མི་གཉིས་བར་ལ་མྱོང་བ་ཐ་དད་འདི།། སེམས་ཙམ་གྲུབ་མཐའི་རྣམ་བཞག་བདེན་པར་འདུག། རྐུབ་ཁབ་ཟད་པས་སྐྲག་ཅིང་ན་ཟུག་ཆེ།། ན་བའི་ཐོག་ལ་ན་ཐོག་ན་སྣོན་འདི།། འཁོར་བར་ལུས་པའི་ཉེས་པ་ཡིན་པར་ངེས།། འཁོར་བའི་འདམ་ལས་མ་གྲོལ་སྡུག་གི་གཞི།། ཚེ་འདི་ཉིད་ལ་ཟུང་འཇུག་གོ་འཕང་རྙེད།། མོས་གུས་ཅན་ལ་ལོ་གསུམ་ཙམ་གྱིས་ཐོབ།། གསང་བ་སྔགས་ཀྱི་ནུས་མཐུ་དེ་བདེན་ན།། ད་ལྟ་ཉིད་ནས་མི་འཇུག་ཅི་ཞིག་ཡིན།། སྔགས་ལམ་ཞུགས་ན་སྨྱོན་པའི་ཚུལ་དགོས།། འཁོར་འདས་གཉིས་པོ་དབྱེ་མེད་རོ་གཅིག་ལྟ།། ཡག་དང་བཙོག་གི་རྣམ་བཞག་ཧྲིལ་ལེ་དོར།། སྐྱགས་ཆེན་ཡིན་རུང་ཟས་ལ་བསྟེན་དགོས་སྐད།། སྡོམ་ལྡན་ཡིན་ཀྱང་རིག་མ་བསྟེན་པས་འགྲིག།། འདུལ་ཁྲིམས་མི་དགོས་ཅི་དགར་སྤྱོད་ན་ཆོག། རྡོ་རྗེ་ཐེག་པའི་ཟབ་...

དགུང་ལོ་བརྒྱད་ཅུ། རྟེན་འབྲེལ་གྱི་མེ་ཏོག་འབུལ།

སྙིང་ནས་དད་པའི་མེ་ཏོག་འཛུམ་པ་ཡིས།། དགའ་གུས་དད་གསུམ་ལོ་འདབ་ཡོངས་སུ་གྲོལ།། མགོ་བོའི་ཕྱག་གིས་ཞབས་རྡུལ་གཙུག་ན་བླངས།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། མ་ཤེས་རྨོངས་པའི་གོམ་ཁ་འཁྱར་འཁྱོར་ལ།། ལམ་དུ་འདེད་པའི་སེམས་པ་རབ་ཏུ་བསྐྱེད།། གང་ན་ནོར་བའི་ཕྱོགས་ལ་ལམ་སྟོན་པ།། སྙིག་དུས་འདི་ན་བསྐལ་བརྒྱར་བཞུགས་སུ་གསོལ།། ཁ་མཁས་ཚིག་སྙན་ངོ་སྲུང་བྲག་གི་རིར།། ཇི་བཞིན་བདེན་པ་སྨྲ་བའི་ཕུར་གྱིས་བཏབ།། དྲང་ལ་བདེན་པ་སྐྱོང་བའི་སེམས་དཔའ་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། ཤེས་རློམ་ཟོག་པོ་འབར་མའི་མེ་ཕུང་ལ།། ཀུན་གྱི་གྲ་མཐར་འཛིན་པའི་ཆུ་བོ་བཤོས།། ང་རྒྱལ་མགོ་བོ་བཏུབ་པའི་དཔའ་བོ་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། འདོད་ཆེན་ཆུ་སྲིན་འཁྲོས་པའི་རྒྱ་མཚོའི་ཀློང་།། ཆོག་ཤེས་གྲུ་ཆེན་རླུང་གིས་ཕ་རོལ་སོན།། འགྲོ་ཀུན་སྒྲོལ་ལ་མཁས་པའི་དེད་དཔོན་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། ཀུན་ལ་བྱམས་པའི་ཆར་སྤྲིན་ལིང་ལིང་ལྡིང་།། ཐུགས་རྗེ་སྦྲང་ཆར་སིལ་མ་ཟིལ་ཟིལ་བསྙིལ།། རང་རྒྱུད་གྱོང་པོར་རློན་གྱིས་བརླན་མཁས་པ།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། མཁས་མང་བརྒྱ་ཕྲག་དབུས...