Skip to main content

ཕྱི་ཕྲེད་ན་ཅི་ཞིག་ཡོད།

དུས་ཀྱི་ཕྲེང་ཐག་ཆད་པའི་ཕྱི་ཕྲེད་ན།།
མུན་པས་མུན་པ་དེད་དེ་འཕྱོ་ཞིང་བཞུར།།
ཉི་མའི་ཁ་ངོ་རུབ་ཅིང་རྐང་རྩེ་འདར།།
རི་ཉལ་ཐག་རིང་དེ་ན་ཅི་ཞིག་ཡོད།།

སྲ་འཐས་ཆར་རླུང་འུར་པོས་སྦང་ནས་བརླན།།
ལམ་ནག་གྱ་མ་གྱུ་དེ་ནུར་ཅིང་གོག།
ཤིང་ལོ་ཐུར་ལ་འཛར་བའི་ཚུགས་ཀ་ན།།
སེམས་ཀྱིས་ཁོག་པ་མེད་ལུགས་ཅི་ཞིག་ཡོད།


གྲིབ་ཡོར་རིང་ནས་རིང་དུ་བསྣར་བའི་ཚེ།།
རང་ལུས་འདོམ་ལ་གཞར་བའི་ཚད་ཀྱང་དཀའ།།
རྟིང་པ་འདམ་ལ་ཟུག་པའི་མཁར་ཤུལ་དེར།།
བཤད་ན་རྫོགས་མཐའ་མེད་པ་ཅི་ཞིག་ཡོད།།

ལྷམ་མཐིལ་ས་ལ་རེག་པའི་རྡིག་སྒྲ་མཉན།།
མཚན་མའི་སྨག་ཏུ་མགྲོན་ལ་འདུར་བ་ཚོ་།།
ནུབ་ཀྱི་ལམ་སྣེར་ཐོགས་ནས་ནུབ་ལ་བཤར།།
ནགས་ཚལ་སྟུག་པའི་ཕ་ན་ཅི་ཞིག་ཡོད།།


གླང་རྭས་ནམ་མཁའ་འབིག་པའི་ཕྲེད་ལམ་ན།།
རས་ལྷེ་བརླ་རྩ་རྫིང་བའི་རྒན་པོ་འགོས།།
ཙ་འཇམ་རྡོག་པས་བཙུར་བཞིན་དལ་མོ་སོང་།།
དེའུ་འབུར་ཡ་གི་ཕག་ན་ཅི་ཞིག་ཡོད།།

སྤྲིན་གནག་ཚོམ་བུ་མགོ་བོའི་དབྱིབས་སུ་སྐྱེས།།
མགོ་བོ་གས་ནས་བར་སྣང་ཧུབ་འཇུབ་བྱས།།
དེ་མ་དེ་མར་ཆུ་ཐིགས་ལྷུང་ནས་བྱུང་།།
ཆུ་ཐིགས་ཡན་ན་ཨུ་ཚུགས་སུ་ལ་ཡོད།
2017-8-21ཕྱི་ཕྲེད།


པར་པ། རང་ཉིད།

Comments

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

བོད་སྨན་གྱི་ཕན་ཡོན།

སྙན་ངག་གི་མཆོད་པ། ཞི་བདེ་གཟེངས་རྟགས་ལ་ཕུལ།

སྙན་ངག་གི་མཆོད་པ། ཞི་བདེ་གཟེངས་རྟགས་ལ་ཕུལ། རྩོམ་པ་པོ། དངོས་དགའ།- བཙན་རུས།-འཇའ་ཐང་འབྲང་བུ།-གངས་བཙན་པོ།-བློ་དབང་།-སྲོང་བཙན།                            བསྟོད་པ་དད་པའི་རི་མོ།                                             –•དངོས་དགའ། ཀུན་ལ་ཕན་ན་ཀྱོག་ཐིག་ཙམ་ལ་ཕྱི་ནུད་ཕར་ཟད་ནོན་གྱིས་འཇུག །  འཚེ་བའི་ལས་ཀྱི་ཟུར་ཆ་ཙམ་ལ་སྐད་ཅིག་ཙམ་ལའང་གཡེང་བ་སྤངས། །  འདྲིས་དང་མ་འདྲིས་འཇིག་རྟེན་ཡོངས་ལ་བརྩེ་བའི་བསམ་པས་ཤུགས་ཀྱིས་མཁྱུད། ། ཤེས་ལྡན་མི་བུ་སུ་ཞིག་ཡིན་ན་ཞི་བདེའི་མགོན་པོར་འདི་ལྟར་བསྟོད། །  མཚོན་དང་དམག་དཔུང་ཏིལ་འབྲུ་ཙམ་གྱིས་རྒྱབ་རྟེན་དཔུང་གཉེན་འཚོལ་མ་མྱོང་། ། དམར་སེར་མདོག་ཅན་ཐེབས་ཆག་ཙམ་ཞིག་རྟག་ཏུ་བསྣམས་པའི་གྲྭ་རྐྱང་འདིས། ། སྐྱེ་རྒུ་ཡོད་ཚད་གཉེན་དུ་བཀུག་པའི་མཛད་པ་འདི་ནི་ངོ་མཚར་ཆེ། ། ཤེས་ལྡན་མི་བུ་སུ་ཞིག་ཡིན་ན་ཞི་བདེའི་མགོན་པོར་འདི་ལྟར་བསྟོད། །  མགོན་པོ་གང་ཉིད་ཀྱི་སྐྱབས...