Skip to main content

Posts

Showing posts from 2014

སྙན་ངག་གི་མཆོད་པ། ཞི་བདེ་གཟེངས་རྟགས་ལ་ཕུལ།

སྙན་ངག་གི་མཆོད་པ། ཞི་བདེ་གཟེངས་རྟགས་ལ་ཕུལ། རྩོམ་པ་པོ། དངོས་དགའ།- བཙན་རུས།-འཇའ་ཐང་འབྲང་བུ།-གངས་བཙན་པོ།-བློ་དབང་།-སྲོང་བཙན།                            བསྟོད་པ་དད་པའི་རི་མོ།                                             –•དངོས་དགའ། ཀུན་ལ་ཕན་ན་ཀྱོག་ཐིག་ཙམ་ལ་ཕྱི་ནུད་ཕར་ཟད་ནོན་གྱིས་འཇུག །  འཚེ་བའི་ལས་ཀྱི་ཟུར་ཆ་ཙམ་ལ་སྐད་ཅིག་ཙམ་ལའང་གཡེང་བ་སྤངས། །  འདྲིས་དང་མ་འདྲིས་འཇིག་རྟེན་ཡོངས་ལ་བརྩེ་བའི་བསམ་པས་ཤུགས་ཀྱིས་མཁྱུད། ། ཤེས་ལྡན་མི་བུ་སུ་ཞིག་ཡིན་ན་ཞི་བདེའི་མགོན་པོར་འདི་ལྟར་བསྟོད། །  མཚོན་དང་དམག་དཔུང་ཏིལ་འབྲུ་ཙམ་གྱིས་རྒྱབ་རྟེན་དཔུང་གཉེན་འཚོལ་མ་མྱོང་། ། དམར་སེར་མདོག་ཅན་ཐེབས་ཆག་ཙམ་ཞིག་རྟག་ཏུ་བསྣམས་པའི་གྲྭ་རྐྱང་འདིས། ། སྐྱེ་རྒུ་ཡོད་ཚད་གཉེན་དུ་བཀུག་པའི་མཛད་པ་འདི་ནི་ངོ་མཚར་ཆེ། ། ཤེས་ལྡན་མི་བུ་སུ་ཞིག་ཡིན་ན་ཞི་བདེའི་མགོན་པོར་འདི་ལྟར་བསྟོད། །  མགོན་པོ་གང་ཉིད་ཀྱི་སྐྱབས...

གཞས་ཚིག་ཚོམ་བུ།——སྲོང་བཙན་གྱི་གཞས་ཚིག་ཚོམ་བུ།

མ་ཡུལ་བོད།   (གཞས་ཚིག)    ––•སྲོང་བཙན། སྔོ་ཞིང་དྭངས་པའི་ནམ་མཁའ་འདི། ང་ཚོ་བོད་ཀྱི་མཁའ་དབྱིངས་རེད། དྭངས་གཙང་ནམ་མཁའ། ང་ཚོའི་མེས་པོ་ཚོས་ནམ་འཕང་གཅད་ས་རེད། ནམ་མཁའ་ཡ། ང་ཚོ་བོད་ཀྱི་མཁའ་དབྱིངས།  མཐོ་ཞིང་བརྗིད་པའི་གངས་རི་འདི། ང་ཚོ་བོད་ཀྱི་གངས་རི་རེད། ཇོ་མོ་གླང་མ། ང་ཚོའི་མེས་པོ་ཚོས་རྒྱབ་རྟེན་བཅོལ་ས་རེད། གངས་རི་ཡ། ང་ཚོ་བོད་ཀྱི་གངས་རི། རྒྱུག་ཅིང་འབབ་པའི་ཆུ་བོ་འདི། ང་ཚོ་བོད་ཀྱི་ཆུ་བོ་རེད། གསེར་ལྡན་རྨ་ཆུ། ང་ཚོའི་མེས་པོ་ཚོས་དཔའ་སྟོབས་ངོམ་ས་རེད། རྨ་ཆུ་ཡ། ང་ཚོ་བོད་ཀྱི་འབབ་ཆུ། བཙན་ཞིང་དམར་བའི་ཕོ་བྲང་འདི། ང་ཚོ་བོད་ཀྱི་ཕོ་བྲང་རེད། ཕོ་བྲང་དམར་པོ། ང་ཚོ་མེས་པོ་ཚོས་རྒྱལ་ཕྲན་འགུག་ས་རེད། ཕོ་བྲང་ཡ། ང་ཚོ་བོད་ཀྱི་ཕོ་བྲང་། དཔའ་ཞིང་ངར་བའི་མི་རིགས་འདི། ང་ཚོ་བོད་ཀྱི་མི་རིགས་རེད། བཙན་པའི་མི་རིགས། ང་ཚོའི་མེས་པོ་ཚོས་ཕྱི་མིག་ལྟ་ས་རེད། མི་རིགས་ཡ། ང་ཚོ་བོད་ཀྱི་མི་རིགས། དམ་ཞིང་གཙང་བའི་མཐུན་སྒྲིལ་འདི། ང་ཚོ་བོད་ཀྱི་མཐུན་སྒྲིལ་རེད། སྤུན་ཟླ་མཐུན་སྒྲིལ། ང་ཚོའི་མེས་པོ་ཚོས་ཁུ་ཚུར་སྒྲིམ་ས་རེེད། མཐུན་སྒྲིལ་ཡ། ང་ཚོ་བོད་ཀྱི་མཐུན་སྒྲིལ། ––––––––––––––––––––––––––––––––––––––––––––– 2014-12-6 ཕ་ཡུལ་དཀར་མཛེས། གཞས...

བོད་བཞུགས་དགེ་རྒན་ཆེན་མོ་ཞིག་གི་མིག་ནང་གི་དགེ་ལུགས་རྒྱུགས་སྤྲོད་ཀྱི་དྲི་ཤོག

དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ལོ་རྒྱུས་ཀྱི་རྒྱུགས་ཤོག་མཐོང་བའི་འཆར་སྣང་། དགེ་རྒན་ཞིག་ཡིན་ཚེ་སློབ་ཁྲིད་ལས་གཞན་པའི་ལས་ཀ་གལ་བོ་ཆེ་ནི་ཕལ་ཆེར་རྒྱུགས་ཤོག་དང་མ་བྲལ་ཞིང་འབྲལ་དུ་མེད་དེ། ལན་རེར་རང་ཉིད་ཀྱིས་རྒྱུགས་སྤྲོད་དགོས་ལ་ལན་རེར་རྒྱུགས་གཞི་འདོན་དགོས། ཡང་ལན་རེར་རྒྱུགས་རྟོག་པ་དང་རྒྱུགས་དཔྱད་པའི་ཆ་བྱད་ཀྱང་སྤྲོ་དགོས། ཁོ་བོ་ཡང་རང་ལོ་བདུན་གྱི་སྟེང་ནས་བཞི་བཅུར་སོན་པའི་བར་དུ་རྒྱུགས་ཀྱི་ཐེམ་པ་རེ་རེ་བརྒལ་བཞིན་འོངས་པ་ཡིན་ཏེ། བཤུལ་ལམ་འདི་ལས་རྒྱུགས་སྐར་དགའ་ཤོས་བླངས་མྱོང་ལ་སྡུག་ཤོས་ཀྱང་བླངས་མྱོང་། རྒྱུགས་འདོན་མཁན་ལ་འཁང་ར་བྱས་མྱོང་ཞིང་སྤྲོད་མཁན་རང་ཉིད་ལ་ལེ་བདའ་ཡང་བྱས་མྱོང་། རྒྱུགས་ཞེས་པའི་ལས་ཀ་འདིས་སློབ་གྲྭ་འགྲིམ་མཁན་དག་གི་མི་ཚེར་དགའ་སྐྱོ་ཆགས་སྡང་གི་རི་མོ་བརྗེད་དུ་མེད་པ་གང་མང་ཞིག་བྲིས་ཡོད་ཅིང་། རྒྱུགས་སྤྲོད་ཐེངས་གཅིག་གིས་འབྱུང་འགྱུར་གྱི་མི་ཚེའི་འདུན་མ་ཐག་གཅོད་པར་བྱེད་ཀྱང་སྲིད་པས། ལས་ཀ་འདི་ནི་རྒྱུན་ལྡན་གྱི་ལས་ཀ་ཞིག་མིན་པ་གསལ་བཤད་བགྱིས་ཡོད་དོ། ། དེའི་དབང་གིས་འཛམ་བུ་གླིང་གི་སློབ་གྲྭ་སོ་སོར་རྒྱུགས་སྤྲོད་ལེན་གྱི་བྱ་བར་ཤིན་ཏུ་མཐོང་ཆེན་བྱེད་པ་ཡིན་ཏེ། ལྷག་པར་རྒྱུགས་ལེན་གྱི་ལས་ཀའི་ལྷུ་ལག་ཏུ་གྱུར་པ་རྒྱུགས་...

ཕ་ཡུལ་དང་དགུན་ཟླ།

དགུན་འཁྱགས་ལག་པས་ས་གཤིན་དམ་དུ་འཆིང་།། བཞུན་རྒྱུན་བཙན་པོ་འགུལ་མེད་མལ་དུ་བསྙལ།། མཐོ་འགྱིང་རི་ཚོམ་གངས་དཀར་རྩམ་པས་གཡོགས།། ཕ་ཡུལ་སྐྱིད་པོ་ཆབ་རོམ་སྦུབས་ན་ཚུད།། ལྗོན་པའི་འདབ་ལོ་སྟོང་ལྡན་ཁྲ་ཆིམ་བཞད།། གྲུ་བཞི་ཞིང་སར་སྟོན་ཐོག་གཡོར་ཞིང་ལྡེང་།། རི་སུལ་སྟེབས་མར་སྔོ་ལྗང་ཚོས་ཀྱིས་བྲིས།། དགུན་ལྷགས་སྔུན་ན་སྐྱོ་བའི་ཁ་རུ་བསྟབས།།  སྐྲ་ཕོན་དམར་དཀྲིས་ཕོ་ཉམས་སྟོབས་ཀྱིས་བརྗིད།། ཁུར་ཚོས་མདོག་དམར་ཉམ་ཆུང་འཛུམ་གྱིས་བཀོང་།། ཕོ་རྒོད་མཛེས་མའི་རང་ཆོས་མེ་ཏོག་ཆུན།། ནམ་ཟླ་འཁྱགས་པའི་དཔང་ན་ཁ་སོ་བརྡབ།། རྩིགས་ཁུག་རྒྱབ་སྙེ་ཉི་ལྡེང་རྒས་པོ་ཁྱུ།། གཉེར་རིས་བསྡུས་པའི་མི་འདོད་རྣམ་འགྱུར་འབུར།། བྱིས་ཆུང་ལག་རེངས་ཁ་རླངས་དྲོད་ཀྱིས་གསོས།། དཔྱིད་ལ་རེ་བའི་མིག་ཟུང་རྒྱོང་ལ་སྲིངས།། ----------- 2014-12-3

བསླུ་བྲིད།

                                       —•ལྕོག་གནའ་མྱི། རི་བོའི་གཉའ་ན་འོད་ཀྱི་སྣེ་མོ་ཟུག། འོད་ཀྱི་ལམ་ན་སྒྱུ་མའི་སྣང་བརྙན་ཕབ།། དབང་པོ་གཞུ་ཡི་མདའ་ཁ་བཙན་པོ་དེ།། ཟུར་གསུམ་སྙིང་ཁར་འདར་ཙམ་འདར་ཙམ་བྱེད།། རང་སེམས་མ་ཀློད་རྐང་རྩྭ་ཡོངས་སུ་སྒྲིལ།། གོམ་ཆེན་ཞིག་གིས་རི་ལུང་དུམ་བུར་བྱས།། རྩེ་ལ་སྙེགས་དུས་ཁྱེད་ནི་འདབས་ནས་དགོད།། ལག་ཟུང་འཕྱར་ཀྱང་ནམ་མཁའི་སྟོང་ལ་རེག། དབུགས་རིང་ཞིག་གིས་མགོ་བོ་ས་ལ་འཐེན།། ལག་ཆུང་མཉམ་མོས་ས་གཞིའི་བྲང་ལ་སྣུན།། མིག་ལ་ཅེར་བའི་མཆི་མ་རྡོག་པོ་དེ།། རྩྭ་ངོས་ཆགས་པའི་ཟིལ་བ་ཙམ་ཞིག་མིན།། རི་བོ་ཕྲག་ཏུ་འབབ་པའི་སྣང་བ་ཞིག། ས་གཞི་ཐོལ་གྱིས་འགུལ་བའི་སྐྲག་སྣང་ཞིག། གནམ་ས་དྲག་ཏུ་སྐྱོམ་པའི་ཕ་རོལ་ན།། ཁྱེད་རང་རླུང་བཞིན་ཡང་བ་སུ་ཡིས་ཤེས།། ཚུགས་ཤོར་གྱང་ལ་བརྟེན་པའི་འཇག་མ་དེ།། མི་ཁའི་རླུང་འཚུབ་ངར་མའི་རྗེས་ལ་སྙེགས།། མི་བརྟན་ཆུ་ལ་མངོན་པའི་རླབས་རིས་ཤིག། མདོ་མེད་ཁྱེད་ཀྱིས་བྱིན་པའི་སྣང་བརྙན་ཙམ།། སྣང་གསལ་མར་མེ་ཞིག་གི་གཟིམ་ཁ་ནས།། རེ་བའི་རྟ་ལྗང་གཟའ་ཡིས་བཟུང་ལ་ཁད།། བློ་རྩེ་མུན་པར་གཏད་པའི་མུ་ཏོ་བ།། མི་འདོད་གྲོད་ཁ...

མི་ཚེ། རྣམ་ཤེས་ནུབ་པ།

                  དྲོད་དང་ཨ་མའི་དཔང་ཁྱིམ་སློག་པ་དེ་གྱོན་ནས།། འཁྱགས་ལ་རེངས་བ་མེད་པའི་དགུན་གཞུང་དེ་བཞུར་སོང་།། ལུས་ཤར་སེམས་པ་སྦྱར་བའི་སྙིང་ཉེ་ཡི་བར་ཐག། སྐྱིད་ལ་ཡིད་འཚིམ་མེད་པའི་ནམ་ཟླ་དེ་འཁུམས་སོང་།། རིང་པོ་རྫོགས་མཐའ་མེད་པའི་རྒྱ་ལམ་དེ་དེད་བཞིན།། རྒྱུག་ལ་བྲེལ་ཤ་འཚུབ་པའི་སྙིང་མེད་ཀྱི་ཚུགས་ཀ།། ཨ་མྱེས་མིག་མཐར་སྐྱིལ་བའི་སྐྱོ་ཚེག་རང་བབ་པ།། བསམ་ན་ཤ་རུས་གཟེར་བའི་འཁུན་སྒྲ་དེ་ཤོར་འགྲོ།། ཨ་མའི་མགོ་སྐྲ་གཟེངས་པོར་ཁ་འདབ་དེས་སྒྱུར་བ།། སྐྱ་ལ་སྔོ་སེར་མདོག་གི་དུས་མཐའ་ཡི་བརྙན་རིས།། ཨ་ཕའི་ཁ་སྤུ་འགུལ་ལ་གྲང་རླངས་ཤིག་འཁྱིལ་ལེ།། ངོ་གདོང་སྐྱོ་ཉམས་སྐྱེལ་མའི་ས་ཚིགས་ནས་བྲལ་བ།། བུ་ཡུག་ལྷག་རླུང་འུར་སྒྲས་འཁོར་ཡུག་ཀུན་གླེམ་པ།། སེམས་མེད་རླངས་འཁོར་འགྲོས་དེ་མྱུར་པོ་རང་ཡིན་པས།། གྱེན་ལངས་ནག་ཡོ་གཉིས་ལས་རབ་རིབ་ཅིག་འགུལ་བ།། བར་དོའི་ཕྲང་ལམ་བརྒྱུད་ཚུལ་འདི་འདྲ་ཞིག་ལོས་ཡིན།། སྦྲེལ་ཐག་ཐི་གུ་ཆད་པའི་ལོ་ཟད་དང་ཟླ་ཡལ། ཕུར་རྩལ་གཤོག་རལ་ཟད་ཟད་སླེབས་རྒྱུ་ནི་མེད་པའི།། དཔྲལ་བ་སི་དྷིས་བྱུགས་པའི་མི་ནག་གི་ཀློང་ན།། ད་ནི་སྲོག་ཕྲ་རྟ་རྔ་ཆད་པ་...

སྡུག་ལ་བསྟུམ་པའི་ལྐོག་གཏམ།

ལེབ་ཅིང་སྲབ་པའི་ནམ་མཁའ་ན/ འོད་མཚེར་མཚེར་གྱི་འཛུམ་ཀོང་དེ/ རྟག་ཏུ་བྲང་ཁ་སྦྱར་ནས/ ཧུབ་འཐུང་ལེན་རེ་མཉམ་དུ་མིད་པར་སྐྱེལ་དུས/ མཐའ་ཡས་པའི་རྒྱུ་སྐར་གྱི་ཁྲོད་ན/ ལྷོད་ཀྱིས་བསྐྱོད་པ་དང་འདྲ་བའི་སྐྱིད་སྣང་དེ/ སྟོན་དུས་ཟླ་བ་ལས་བསིར་བསིར་གྱིས་ལྐོག་གཏམ་འབབ་དུས/ ལག་པས་འགྲམ་པ་བཏེགས་ཏེ་རྣ་བ་སྲིང་མཁན་དེ་སུ་ཞིག/ ཤུབ་ཤུབ་གྱིས་སྙིང་ལ་བྱིམ་བྱིམ་གནང་སྐབས/ གས་ཤིང་ཆག་པའི་ཧྲག་སྒྲ་དེས/ འཇིག་རྟེན་གྱི་མཚན་འཇགས་དཀྲོགས/ མུ་ནས་མུར་རྨི་ལམ་སྒོམ་པའི་སེམས་པ་དེ/ གཉིད་ལམ་འཐུག་པའི་མལ་ས་ནས/ དྲོད་འཇམ་གྱི་སོ་ཁ་ན་ལྷོད་ཀྱིས་འདུག་ཨང་/ སྙིང་ལ་འདེབས་པའི་རྐང་རྗེས་དེ/ ཁ་བའི་འདབ་མ་ལ་སྤར་བའི་རྡོ་རིང་ཞིག་སྟེ/ བཞུ་མི་ཐུབ་པའི་གཉེར་རིས་ཞིག་དང་འདྲ་བར/ ལྟེབས་མ་ལྟེབས་མར་བྱས་ཏེ་རྒྱང་ལ་སྲིང་འདུག/ ད་དུང་ཚིག་གཏམ་རྐང་རྗེན་མ/ གངས་འདབས་ན་ནར་ནར་གྱིས་བྲིས་བསམ་མོད/ གཡོར་ཞིང་འཁྱོགས་པ་དེས་རྒྱང་ལ་དེད་སོང་/

ཟུབ་པའི་སྒྲོན་མེ། མུན་ནག་གི་འཇིག་རྟེན།

     སེར་བྱེས་མཁན་ཟུར་བྱམས་པ་ཐེག་མཆོག་དགོངས་པ་རྫོགས་པའི་གཏམ་ངན་འདི་གོ་མ་ཐག་འཕྲལ་དུ་བྲིས། སྡུག་དབྱངས་གཟན་སྒྲ་གྱ་གྱུ་ལམ་དུ་ལྷུང་།།  ཕྱག་རྒྱ་སྙིང་དམར་གས་པའི་བར་སྟོང་ཕྱེ།། མུན་ནག་སྙིང་གཟན་མགོ་ལ་གཡོགས་དུས་དུ།། རེ་འབོད་སུ་ལ་བཅོལ་བསམ་ཡིད་མུག་འཐིམ། བསུབ་ན་ཟུབ་ཏུ་མེད་པའི་ཞབས་རིས་ནར།། སྒོ་གསུམ་ཁྲག་ལ་བརྫིས་པའི་ལོ་ཟླ་སྟུགས།། དཀའ་སྡུག་གཉེར་རིས་ལྟེབ་མའི་བརྩེགས་ཁུལ་ན།། བདེན་དོན་བརླན་ལ་མཆོང་བའི་རང་ཚུགས་འཁྱིལ།། ཉལ་རི་གནམ་ལ་བཞེས་པའི་སྟོབས་ཅན་མཐུ།།  སྟོང་གྲམ་གཅིག་ལ་བསྡུས་པའི་མཁྱེན་རྒྱ་ཡངས།། བགྲད་ལམ་མུ་མཐར་སྲིང་བའི་ལམ་གཤོང་པོ།། ནུབ་དཔྱང་ཉི་རྒས་ལྷན་ལ་འགྲན་དོན་ཅི།། ངུ་བསམ་མཆི་མ་སྐམ་པའི་གདུལ་བྱ་ཚོགས།། ཅི་བྱེད་འཚུབ་མའི་རླུང་ནག་སྔུན་ནས་གཡོ།། འོ་དོད་གྲེ་བ་རལ་བའི་མུད་ལམ་ནས།།  ཀྱེ་མ་ཀྱེ་ཧུད་རེ་འབོད་ཐག་ལ་ཁད།།           

རྒྱུག་ཞིབ་པའི་མྱོང་ཚོར།

འབྲོག་པ་ཁྱིས་དེད་ནས་གྲལ་མགོ་ཞེས་པའི་དཔེ་བཞིན་ཉིན་མ་འདི་དག་གི་རིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ལེན་པ་འགྲོ་དགོས་ཐུག། ཞོགས་པ་ཆུ་ཚོད་བདུན་དང་སྐར་མ་བཅུའི་ཐོག་སོང་ཡང་། ཆོས་གྲྭ་ནང་སླེབས་དུས་འདུས་མང་དང་ངའི་རོགས་པ་རྒྱུགས་བཞེས་པ་བཞི་ཆ་ཕེབས་ཟིན་འདུག ང་ཚོ་སར་དབུ་རྙིང་གོང་མ་དང་། ཕར་ཕྱིན་འོག་མའི་འཛིན་གྲྭ་གཉིས་རེད་འདུག  དེ་ནས་རྒྱུན་རིང་མ་འགོར་བར་རྩོད་རྒྱུགས་ཀྱི་དུས་ཚོད་རན་སོང་། སྐབས་དེར་དབུ་རྙིང་གོང་མ་ནས་དབུ་བཙུགས་ཏེ། མཚན་ཐོ་དང་པོ་ལན་རྒྱག་མཁན་བསྡད། གཉིས་པས་རྩོད་རྒྱུགས་ཀྱི་དྲི་བ་འཐེན་རྗེས་དུས་ཡུན་སྐར་མ་ལྔ་རིང་མནོ་བསམ་གཏང་ཆོག། དུས་ཚོད་ཟིན་པ་དང་སྟངས་འཛིན་པས་དྲིལ་བརྡ་གཏོང་འོང་ཞིང་། དེ་ནས་ཡར་བཞེངས་ཏེ་རྟགས་གསལ་གཏོང་དགོས། དགེ་འདུན་རེ ར ་རྟགས་གསལ་སྐར་མ་བཅུ། ལན་སྐར་མ་བཅུ་བཅས་ཁྱོན་དུས་ཚོད་སྐར་མ་ཉི་ཤུ་ཡོད། དེའི་རིང་གཞུང་གི་ཁོག་དང་། ས་བཅད་སྒྲིག་སྟངས། རྟགས་གསལ་དངོས་གཞིའི་སྐབས་རིགས་ལམ་མྱུར་ཟབ་གསལ་གསུམ་གྱིས་ཕུ་ཐག་གཅོད་སྟངས་དང་། གནད་ལ་འཁེལ་བའི་ཐལ་ངག། ཤེས་བྱེད་ཀྱི་ལུང་། རྒྱབ་རྟེན་གྱི་ཚད་མ། གཞུང་ལུགས་ལྟ་རྒྱ་དང་མཐོང་རྒྱ་ཆེ་ལུགས་དང་། གསུང་ལན་སྟེར་མཁན་གྱིས་ཀྱང་གཞུང་གི་གོ་བ།...

ཡུལ་གྱར་བའི་འཚོ་བ།

མི་ལོ་བཅུ་ཕྲག་ལྷག་འདས་ཤིང་སོང་བའི་དེ་རིང་ཡང་། ཡུལ་གྱར་གྱི་འཚོ་བ་སྐྱུར་མོ་བྲང་དུ་བཟུང་སྟེ། མི་ཡུལ་གྱི་བདེ་སྡུག་གི་བྲོ་བ་མྱོང་བཞིན་ཡོད། ཡུལ་གྱར་ན་རང་དབང་ཡོད་ཀྱང་ཕ་ཡུལ་མེད། ཡུལ་གྱར་ན་གྲོགས་པོ་ཡོད་ཀྱང་ཕ་མ་མེད། ཡུལ་གྱར་ན་མི་ཚོགས་འདུས་རུང་སྤུན་ཟླ་མེད། མདོར་ན་ཡུལ་གྱར་ན་ཅི་ཡང་མེད་པའི་བྱེ་ཐང་ཞིག་དང་མཚུངས་ལ། གང་ཡང་མི་ལྡན་པའི་མྱ་ངན་གྱི་ཐང་ཆེན་པོ་ཞིག་དང་འདྲ་བས། ནམ་ཡང་གནས་འཆར་ས་ཞིག་མིན་ལ་གཏན་ནས་འཚོ་བའི་མེ་ཏོག་བསྡུ་ས་ཞིག་མིན་ཨང་།  མངར་སྐྱུར་གྱི་འཚོ་བ་དེ་ནི་ས་མཐའ་ནས་རོལ་བའི་མི་ཚེ་ཞིག་དང་། སྐྱིད་སྡུག་ལ་མཐིམ་པའི་མི་ཚེ་དེ་ནི་ཡུལ་གྱར་གྱི་ཁ་དོག་ཡིན་པས། སྐྱོ་ལ་སྡུག་པའི་འཚོ་ཐབས་འདི་སུ་ཞིག་གིས་གནང་བ་ཡིན་ནམ། ཐད་ལ་བརྐོས་པའི་རི་མོ་འདི་གང་ཞིག་ནས་རྙེད་པ་ཡིན་ནམ། དག་ཞིང་གི་བཀོད་པ་ན་འོད་ཀྱིས་འཚེར་བའི་དཀོན་མཆོག་ཡ། དྲང་མཉམ་གྱི་བར་ན་སྤྱན་རས་བགྲད་པའི་ལས་འབྲས་ཡ། ཁྱེད་ཚོའི་ཐུགས་རྗེ་དང་བྱིན་རླབས་གང་ན་ཡོད། ཁྱེད་ཚོའི་བདེན་པ་དང་བསླུ་མེད་གང་དུ་ཡོད། ངས་ཁྱེད་ཅག་འབོད་བཞིན་ཡོད།  སྐད་ཤུགས་ཆེ་པོས་ཐོག་ནས་འབོད་བཞིན་ཡོད། དཀོན་མཆོག་དང་ལས་འབྲས་ཡ། ༢༠༡༤-༡༡-༦

རྒྱུགས་སྤྲོད་བཙན་པོ་མ།

           གཉའ་གུག་རྒྱུས་འདར་ཟས་ལ་ཡིད་ག་ལོག་ཅིང་།། མཚན་ཉིན་གཉིད་འཕྲོག་འབྱུང་བཞི་ན་ན་མང་བ།། ཅི་བཤད་གཏམ་ལ་ལན་ཐུང་ཚིག་རེ་བྱིན་མཁན།། ཁེར་རྐྱང་སེམས་སྡུག་ཅན་དེ་རྒྱུགས་ཀྱིས་བཟོས་སོང་། མོག་མོག་ལྕེ་ཐོག་བཞག་ཀྱང་བྲོ་བ་མ་རྙེད།། ལིམ་ཇ་ཁྱུར་མིད་བཏང་རུང་སྐྱིར་མོ་མ་ཚོར།། སི་པན་བརླན་བཟའ་བྱས་རུང་ཁ་ལྕེ་མ་ཚ།། ཡོད་ཚད་རྒྱུགས་སྤྲོད་ཟེར་བས་བཅོམ་འཕྲོག་བྱས་སོང་།།

སེར་བྱེས་གྲྭ་ཚང་གི་རྩོད་རྒྱུགས་ཆེན་མོ་ལེགས་གྲུབ་ཟིན་པ།

འདི་ལོའི་ཕྱི་ཟླ་༡༠ ཚེས་༡༩ ནས་བཟུང་དེ་རྒྱུགས་ཞིབ་པ་གྲངས་བཞི་ཅུ་ཞེ་ལྔས་འཛིན་གྲྭ་ཉི་ཤུ་རྩ་བཞིའི་རྒྱུགས་ཞུགས་པ་དགེ་འདུན་ཞལ་གྲངས་༡༩༡༠ སྡེ་ཚན་དགུར་ཁག་དགོས་ཀྱིས་རྒྱུགས་སྤྲོད་འགོ་འཛུགས་ཏེ་ཉིན་གྲངས་ལྔའི་རིང་དུ་ཉིན་རེའི་ཆུ་ཚོད་དྲུག་རེ་རྒྱུགས་ལེན་བྱས་ཡོད།        (དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་མཁན་དང་སློབ་ཕྲུག་འཛིན་གྲྭ་དྲུག་པ་མན་ཚུད་མེད།)  དོ་ནུབ་གྲུབ་འབྲས་གསལ་བསྒྲགས་གྱང་ངོས་ན་སྦྱར་འདུག་པས་རང་རང་གི་གྲུབ་འབྲས་ལྟ་མཁན་ཚོས་འུར་ཟིང་དང་འཚང་ཀའི་བར་ནས་གཡོ་འགུལ་ཡང་བྱེད་དཀའ་ཚད་དུ་འདུག རྒྱུགས་སྤྲོད་འདི་ནི་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ལས་ཟུར་སྦྱོང་སློབ་ཚན། བློ་རྒྱུགས། རྩོད་རྒྱུགས། བྲིས་རྒྱུགས་བཞི་ལས་ཆེས་དཀའ་ཁག་དང་གལ་ཆེན་དུ་བརྩི་བའི་རྩོད་རྒྱུགས་ཆེན་མོ་ཡིན་དེ་ཡིན། སློབ་གཉེར་དོ་དམ་ཁང་གི་དོ་དམ་པ་དགེ་བཤེས་ལྷ་རམས་པ་ལྔས་ཟླ་ཕྱེད་ཙམ་ནས་ཉིན་མཚན་གཉིས་ཀར་རྒྱུགས་ལེན་གྱི་གྲ་སྒྲིག་དང་དགོས་ངེས་ཀྱི་མཐུན་རྐྱེན་ཁག་ལེགས་སྒྲུབ་བྱས་པ་དང་། སློབ་གཉེར་བ་ཚོས་ཀྱང་ཟླ་ངོ་གཅིག་ཙམ་ལ་སྔ་ལངས་ཕྱི་ཉལ་གྱིས་སྦྱོང་ཟིན་པ་ཁག་ལ་ཕྱོགས་སྡོམ་དང་དཀའ་གནད་ལ་བསམ་གཞིགས་གཏིང་ཟབ་བྱེད་པ། འཛིན་གྲོགས་མི་ཉུང...

སེར་བྱེས་གྲྭ་ཚང་གི་འབྲེལ་ཡོད་འགན་ཁུར་བ་དང་པར་ལས་སྡེ་ཚན་གྱི་འགན་འཛིན་མཆོག་ལ།

གུས་པས་ཁྱེད་ཅག་གི་ཉིན་རེའི་ཐུགས་བྲེལ་ཆེ་བའི་ལས་འགན་དང་ངལ་གསོ་ལྷོད་པོ་ཞིག་གནང་ཁོམ་མེད་པའི་གལ་ཆེའི་ཕྱག་ལས་ཁག་རྒྱུན་ཆད་མེད་པ་གནངས་དང་གནང་བཞིན་པ་ནི་མིག་བཙུམས་ཀྱང་གསལ་མཐོང་ཡིན་པས་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཁྱེད་ཅག་གིས་མཚོན་པའི་གྲྭ་ཚང་གི་འབྲེལ་ཡོད་ཕྱག་ལས་པ་མི་གྲངས་༥༠༠ལྷག་གིས་ཉིན་མཚན་སྦྲེལ་ནས་ངལ་བ་དང་དུ་བླངས་དེ་དགེ་འདུན་སྲི་ཞུ་ནར་མར་སྒྲུབ་པའི་རྐྱེན་གྱིས་སློབ་གཉེར་བ་ཚོས་སློབ་གཉེར་ཁོ་ནར་འབད་རྒྱུ་ལས་ལས་དོན་གང་ལའང་ཐེ་གཏོགས་བྱེད་མི་དགོས་པའི་གནས་བབ་དེ་བྱུང་བ་རེད།  རང་རེའི་གྲྭ་ཚང་དེ་སྒྲིག་ཁྲིམས་ཞིབ་ཚགས་དང་སློབ་གཉེར་སྤུས་ལེགས། སློབ་གཉེར་བའི་ཀུན་སྤྱོད་འཐུས་ཚང་། འཚོ་བའི་མཐུན་རྐྱེན་ཇེ་ཡག ལྷག་པར་༸གོང་ས་མཆོག་གིས་སྔགས་བརྗོད་ཀྱི་མེ་ཏོག་ཐེངས་མང་གནང་བ་སོགས་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པའི་ཡར་ངོའི་ཟླ་བཞིན་འཕེལ་བ་འདི་ནི་ཁྱེད་ཅག་གི་ཉིན་རེའི་ཕྱག་ལས་ཁག་དང་ཁ་འབྲལ་ཐབས་མེད་པས་བདག་གིས་འདི་ནས་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞེས་ཞུ་བ་ལགས། ད་རེས་གུས་པས་ཆེད་དུ་ཞུ་དོན། དེང་སྐབས་ནི་དྲ་བའི་དེང་རབས་ཞེས་ཀུན་གྱིས་གླེང་མིན་ལ་མ་བལྟོས་པར་དྲ་བ་ནི་སྤྱི་ཚོགས་ནང་གི་ཉིན་རེའི་འཚོ་བ་ནང་ཁ་འབྲལ་ཐབས་མེད་པའི་མི་...

ཁ་པར་གཙང་མ་ཇི་ལྟར་བྱེད་དགོས།

ད་སྐབས་རང་རེའི་བོད་མིའི་ཁྲོད་ན་ལག་ཐོགས་ཁ་པར་ཁུར་མཁན་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད་ལ་ལྷག་དོན་བོད་ཡིག་ཡོད་པའི་ཁ་པར་ཁུར་བའི་གྲངས་ཚད་ཀྱང་མང་དུ་འགྲོ་བཞིན་ཡོད་པས་ཁ་པར་དང་འབྲེལ་བའི་གནས་ཚུལ་གང་མང་དང་གདོང་ཐུག་བྱེད་དགོས་བྱུང་ཡོད། ཁྱེད་ལ་སུན་སྣང་དང་ཁོང་ཁྲོ་སྟེར་མཁན་གཅིག་ནི་ཁ་པར་གྱི་ལས་ཀ་ཏག་ཏག་མི་བྱེད་པར་དལ་དུ་འགྲོ་བ་དང་ཡང་ཡང་འགག་པ་བཅས་རེད།  འདིའི་རྒྱུ་རྐྱེན་གཙོ་བོ་དེ་ནི་ཁ་པར་ནང་རྒྱུ་ཆ་གསོག་རྒྱུ་མང་དྲགས་ནས་ལས་ཀ་བྱེད་མི་ཐུབ་པ་ཆགས་པ་རེད།  ཁྱེད་ཀྱིས་ཁ་པར་ནང་དུ་ཅི་ཡང་བླུག་མེད་པས་བྱང་བུ་ནང་རྒྱུ་ཆ་མང་དྲགས་དོན་གཏན་ནས་མེད་སྙམ་སྲིད།  རེད་དེ།  ཁྱེད་ཀྱིས་དྲ་བ་བེད་སྤྱོད་གཏོང་དུས་ཀྱི་དྲ་ཚིགས་ཀྱི་པར་ངོས་དང་པར་རིས་གཞས་གློག་བརྙན་སོགས་ཀྱི་དྲ་ཐག་ལ་བསྣུན་ཙམ་གྱིས་བྱང་བུ་ནང་རྒྱུ་ཆ་གང་མང་ཞིག་འཛུལ་ཡོང་ལ། འཕྲིན་ཕྲན་ལྟ་བུའི་ནང་སྐད་དང་ཡི་གེ་པར་སོགས་ཕར་སྐུར་དང་ ཚུལ་འབྱོར་བ་དག་ལྟ་ཀློག་བྱེད་པ་སོགས་སྟོང་གཅིག་བྱས་ཡོད་ན་རྒྱུ་ཆ་སྟོང་གཅིག་ཁ་པར་ནང་འཛུལ་ཡོད། དེར་བརྟེན།  ཁ་པར་གྱི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ཏེ་ལས་ཀ་དལ་དུ་འགྲོ་གི་ཡོད། འདི་འདྲའི་རིགས་ཀྱི་དཀའ་ཁག་འཕྲད་དུས་དུག་འགོག་མཉེན་ཆས་སྤྱད་དེ་གཙང་སེལ་བྱས་ཀྱང...

སྲོང་བཙན་ཟིན་བྲིས་ལེགས་བཅོས་ཐུབ་པ།

བོད་ཡིག་གི་དྲ་ཚིགས་དང་ཟིན་བྲིས་གཉེེར་མཁན་ཇེ་མང་ནས་ཇེ་མང་དུ་འཕེལ་བཞིན་པའི་དུས་སྐབས་འདིར་<སྲོང་བཙན་ཟིན་བྲིས།>ཀྱི་པར་གཞི་ལ་བཟོ་བཅོས་དང་མཛེས་རྩལ་སྣོན་མ་བྱས་ནས་ཟིན་བྲིས་ཀྱི་ཁ་དོག་མ་ཡལ་བའི་སྒེར་གཉེར་ཟིན་བྲིས་ཞིག་གི་འཕོ་འགྱུར་གྱི་ལམ་སྣེ་གསར་པ་ཞིག་ཏུ་གོམ་པ་སྤོས་ཡོད། སྤྱི་ན་བོད་ཡིག་དྲ་ཚིགས་ཁག་ལྟ་ཀློག་བྱེད་མཁན་ཉུང་ཉུང་ཡིན་པས་བདག་གི་ཟིན་བྲིས་ལྟ་བུ་ཞིག་ལ་མིག་ཤར་ཙམ་བྱེད་མཁན་ཡང་ཧ་ཅང་དཀོན་པོ་ཡིན་ངེས་མོད། རེད་དེ་རང་གིས་ཞར་ཞོར་དུ་རྩོམ་ཡིག་ཐར་ཐོར་རེ་བྲིས་ཤིང་བསམ་ཚུལ་ཡིག་ཐོག་བཀོད་པའི་སྤྲོ་སྣང་རེ་ཡོང་དུས་ཡིག་འབྲི་འགའ་ཤོག་ཐོག་ཏུ་ཕབསནས་ཉར་ཚགས་རེ་བྱས་ཀྱང་མང་པོ་ཞིག་བོར་བརླག་དང་ཆུད་ཟོས་སུ་སོང་དང་འགྲོ་བཞིན་འདུག་སྟབས་ཉར་ཚགས་བྱེད་ས་ཞིག་བྱུང་ན་ཕན་ཐོགས་ཕྲན་བུ་ཡོང་ངེས་དང་། འདི་ནས་མར་རྩིས་པའི་རང་ཉིད་ལོ་རྒན་བདུན་ཅུ་ལྷག་ཙམ་སྟེ་ཕྱི་ལོ 2060 ལོར་ད་ལོ་སང་ལོའི་རྩོམ་ཉོག་དེ་དག་ལ་ལྟ་རྒྱུ་རེ་བྱུང་ན་ཆུང་དུས་དྲོ་སྐྱིད་ཀྱི་འཚོ་བ་དང་སྐྱོ་སྡུག་གི་བརྒྱུད་རིམ་ལ་དྲན་གསོ་རེ་ཡོང་ངེས་སྙམ་ནས་ཟིན་བྲིས་རེ་གཉེར་ཁུལ་བྱས་པ་ཡིན།  <སྲོང་བཙན་ཟིན་བྲིས།>ནི་ཟིན་བྲིས་ཀྱི་ཁ་དོག་ལས་དྲ་ཚིགས་ཀྱི་རྣམ་པར་སྒྱུར་མེད་སྟབས་ལྟ་ཀློག་བདེ་བ་ད...