Skip to main content

སེར་བྱེས་གྲྭ་ཚང་གི་འབྲེལ་ཡོད་འགན་ཁུར་བ་དང་པར་ལས་སྡེ་ཚན་གྱི་འགན་འཛིན་མཆོག་ལ།

གུས་པས་ཁྱེད་ཅག་གི་ཉིན་རེའི་ཐུགས་བྲེལ་ཆེ་བའི་ལས་འགན་དང་ངལ་གསོ་ལྷོད་པོ་ཞིག་གནང་ཁོམ་མེད་པའི་གལ་ཆེའི་ཕྱག་ལས་ཁག་རྒྱུན་ཆད་མེད་པ་གནངས་དང་གནང་བཞིན་པ་ནི་མིག་བཙུམས་ཀྱང་གསལ་མཐོང་ཡིན་པས་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་།
ཁྱེད་ཅག་གིས་མཚོན་པའི་གྲྭ་ཚང་གི་འབྲེལ་ཡོད་ཕྱག་ལས་པ་མི་གྲངས་༥༠༠ལྷག་གིས་ཉིན་མཚན་སྦྲེལ་ནས་ངལ་བ་དང་དུ་བླངས་དེ་དགེ་འདུན་སྲི་ཞུ་ནར་མར་སྒྲུབ་པའི་རྐྱེན་གྱིས་སློབ་གཉེར་བ་ཚོས་སློབ་གཉེར་ཁོ་ནར་འབད་རྒྱུ་ལས་ལས་དོན་གང་ལའང་ཐེ་གཏོགས་བྱེད་མི་དགོས་པའི་གནས་བབ་དེ་བྱུང་བ་རེད། 
རང་རེའི་གྲྭ་ཚང་དེ་སྒྲིག་ཁྲིམས་ཞིབ་ཚགས་དང་སློབ་གཉེར་སྤུས་ལེགས། སློབ་གཉེར་བའི་ཀུན་སྤྱོད་འཐུས་ཚང་། འཚོ་བའི་མཐུན་རྐྱེན་ཇེ་ཡག ལྷག་པར་༸གོང་ས་མཆོག་གིས་སྔགས་བརྗོད་ཀྱི་མེ་ཏོག་ཐེངས་མང་གནང་བ་སོགས་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པའི་ཡར་ངོའི་ཟླ་བཞིན་འཕེལ་བ་འདི་ནི་ཁྱེད་ཅག་གི་ཉིན་རེའི་ཕྱག་ལས་ཁག་དང་ཁ་འབྲལ་ཐབས་མེད་པས་བདག་གིས་འདི་ནས་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞེས་ཞུ་བ་ལགས།
ད་རེས་གུས་པས་ཆེད་དུ་ཞུ་དོན། དེང་སྐབས་ནི་དྲ་བའི་དེང་རབས་ཞེས་ཀུན་གྱིས་གླེང་མིན་ལ་མ་བལྟོས་པར་དྲ་བ་ནི་སྤྱི་ཚོགས་ནང་གི་ཉིན་རེའི་འཚོ་བ་ནང་ཁ་འབྲལ་ཐབས་མེད་པའི་མི་ཚེའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པས་ཀུན་གྱིས་དྲ་བའི་ཐོག་ནས་མཐོང་ཐོས་དང་ལྟ་ཉན་བྱེད་དེ་འཚོ་བར་རོལ་བཞིན་ཡོད། འདི་འདྲ་བའི་དེང་སྐབས་སུ་ཕྱོགས་གང་ས་ནས་དྲ་བའི་ཐོག་ཏུ་ལས་དོན་སྤེལ་ནས་དགོས་ངེས་ཀྱི་དོན་ཆེན་གང་མང་ཞིག་གྲུབ་དང་འགྲུབ་བཞིན་པའང་མིག་མཐོང་ལག་ཟིན་རེད། བོད་ཀྱི་སྤྱི་ཚོགས་ལ་མཚོན་ནའང་ཉིན་རེའི་ལས་དོན་ཁག་དྲ་བའི་ཐོག་ཏུ་སྤེལ་ཏེ་འཛམ་གླིང་ཁྱོན་དུ་གནས་པའི་བོད་མི་ཚོས་ཤེས་རྟོགས་ཡོང་ཐུབ་པ་བཟོ་བའི་ལས་ཀ་གཉེར་མཁན་ཡང་གང་མང་ཡོད་ལ་ཁོ་ཚོའི་ལས་དོན་དེར་གྲུབ་འབྲས་ཀྱང་འཐོན་བཞིན་ཡོད། 


ཀུན་ཀྱིས་ཤེས་གསལ་བཞིན། བོད་ཀྱི་དགོན་སྡེ་ཆེ་མ་ཆུང་གསུམ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་མང་པོས་རང་གི་སློབ་གཉེར་གྱི་སྤུས་ཚད་དང་འཚོ་བ། ཀུན་སྤྱོད་དང་སྒྲིག་ཁྲིམས། ཐུན་མོང་མིན་པའི་ཕྱག་ལས་འདི་དང་དེ་ཡིན་ཞེས་དྲ་ཐོག་ནས་པར་རིས་དང་བརྙན་པར། གསལ་བསྒྲགས་དང་རྩོམ་ཡིག་སོགས་ཕོན་ཆེར་འགྲེམས་འཇོག་བྱས་དང་བྱེད་མུས་ཡིན་པ་ནི་ངེད་ཅག་གིས་ཤེས་གསལ་རེད། ཁོ་ཚོས་དྲ་བ་སྤྱད་དེ་རང་རང་གི་ལས་དོན་ཕྱི་ལ་ངོམས་རྒྱུ་དེ་ནི་ཆེས་འོས་འཚམ་དང་ནམ་ཡང་བྱེད་རུང་བ་ཞིག་རེད། 

མི་སྒེར་ཞིག་ལ་མཚོན་ན་མཚན་སྙན་དང་མིང་གྲགས་ནི་དགོས་ངེས་ཡིན་ཞེས་ཁ་ཚོན་གཅོད་མི་ཐུབ་ནའང་སྡེ་ཆེན་པོ་ཞིག་དང་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ཞིག་ལ་ཅིས་ཀྱང་མཚན་སྙན་དང་མིང་གྲགས་དགོས་ངེས་ཙམ་དུ་མ་ཟད་དུས་གཏན་ཏུ་སྤྱི་ཚོགས་ཁྲོད་ན་བག་ཆགས་ལེགས་པོ་འཇོག་ཐུབ་དགོས་པ་ནི་ཧ་ཅང་གལ་ཆེ་བས་དྲ་བ་སྤྱད་ནས་རང་གི་དངོས་ཡོད་བདེན་པའི་གལ་ཆེའི་ལས་དོན་ཁག་ནི་སྤྱི་ཚོགས་ནང་དུ་བྲིན་རྒྱུག་མྱུར་པོ་ཞིག་ངེས་པར་བྱེད་ཐུབ་དགོས།
རང་རེས་གྲྭ་ཚང་གིས་གནས་ཚུལ་འདིའི་ཐད་དུ་སྣང་ཆུང་དང་དོ་སྣང་ཆུང་སྐྱོན་ཧ་ཅང་འདུག་སྟེ། ལོ་རེའི་གྲྭ་ཚང་གི་ཐུན་མིན་གྱི་སྒྲུབ་མཆོད་དང་རྒྱུགས་སྤྲོད་ཆེན་མོ་སོགས་ཀྱི་ཕྱག་ལས་གལ་ཆེན་ཅི་འདྲའི་མང་པོ་ཡོད་རུང་པར་ལེན་དང་བརྙན་ཕབ་མི་བྱེད་ལ་འགའ་རེ་བྱས་ཀྱང་སྤྱི་ཚོགས་ནང་དུ་མཐོང་རྒྱུ་ཐོས་རྒྱུ་གཏན་ནས་མི་འདུག ད་སྐབས་གྲྭ་ཚང་གི་རྩོད་རྒྱུགས་ཆེན་པོ་དང་ཁེལ་བཞིན་པ་རེད། དྲ་ཐོག་ན་རྩེད་རྒྱུགས་ཆེན་མོའི་སྐོར་གྱི་ཆེད་པར་ཞིག་གཏན་ནས་མཐོང་རྒྱུ་མེད་ལ་ཆ་མི་ཚང་བ་གཅིག་གཉིས་ཡོད་པ་དེ་ནི་སྒེར་གྱིས་ཁ་པར་ནས་པར་ལེན་བྱས་པ་ཞིག་རེད།  

གུས་པས་གྲྭ་ཚང་གི་རྒྱུག་སྤྲོད་རེ་རེ་ཁེལ་ཡོང་དུས་རྩོམ་ཐུང་རེ་གཉིས་རེ་འབྲི་བསམ་གྱིས་བརྙན་པར་རེ་འཚོལ་ཐབས་བྱས་ནའང་གྲུབ་འབྲས་ནི་ཀླད་ཀོར་རྐྱང་རྐྱང་རེད། Googleསོགས་འཚོལ་བྱེད་གང་མང་ནས་བཤེར་འཚོལ་དང་གྲྭ་ཚང་གི་ངོ་དེབ་དང་དྲ་རྒྱ་སོགས་ལ་ཅི་ཙམ་འཚོལ་ཉུལ་བྱས་རུང་ལག་སྟོང་ལས་ཅི་ཡང་ཐོབ་རྒྱུ་མི་འདུག 

འདིའི་ཐད་ཀྱི་འགན་གཅིག་ནི་པར་ལས་སྡེ་ཚན་ལ་ཡོད་སྙམ་སྟེ་སྡེ་ཚན་འདི་ནི་ཆེད་དུ་གྲྭ་ཚང་གི་ལས་དོན་ཁག་པར་ལེན་དང་བརྙན་ཕབ་བྱེད་མཁན་དེ་ཡིན་པས་ཁྱེད་ཚོས་ཆ་གཞི་དང་ལྡན་པའི་སྒོ་ནས་གྲྭ་ཚང་གི་བྱ་བ་ཆེ་ཆུང་ཚང་མ་པར་ལེན་ཙམ་མ་ཟད་བརྙན་པར་དེ་ཉིད་སྤྱི་ཚོགས་ནང་རྒྱུག་ཐུབ་པ་བྱ་དགོས་ངེས་ཡིན་རུང་འོད་སྡེར་རེ་ཟུང་ལས་ཆེས་སྟབས་བདེ་བའི་དྲ་བ་བཀོལ་སྤྱོད་ཀྱིས་སྤྱི་ཚོགས་ནང་དུ་ཁྱབ་སྤེལ་གཏན་ནས་བྱེད་ཐུབ་མི་འདུག

ད་ནི་རྗེས་ཕྱོགས་ནས་གྲྭ་ཚང་གི་ལས་དོན་ཁག་གི་པར་རིས་བརྙན་ཐུང་སོགས་སྣ་འཛོམས་རང་བཞིན་གྱིས་དྲ་ཚིགས་ཡག་པོ་གཉེར་ཐུབ་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་ལ། དེ་ལྟར་མ་ཐུབ་རུང་པར་རིས་ཁག་Google drive སོགས་ནས་གང་འདོད་ལེན་རྒྱུ་དང་མཐོང་རྒྱུ་ཡོད་པ་ཞིག་ནི་ངེས་པར་བྱེད་ཐུབ་དགོས།
འདི་ནི་དོན་མེད་བསམ་ཆ་ཞིག་ལ་མ་དགོངས་པར་གྲྭ་དམངས་དཀྱུས་མ་ཞིག་གིས་གྲྭ་ཚང་རིན་པོ་ཆེའི་ལས་དོན་ལ་ཕྱར་བ་གྲུ་འདེགས་ཀྱིས་བསམ་ཚུལ་ཞིག་ལ་བརྩིས་ནས་ངེས་པར་ཐུགས་སྣང་གནང་རོགས།

                                  —•གུས་སྲོང་བཙན་གྱིས། ༢༠༡༤/༡༡/༣

Comments

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག)

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག) ༼ བསྟོད་པའི་ཤིས་ཚིག་སྙན་ལྡན་དྲི་ཟའི་མགུར་དབྱངས། ༽                                        ♨/སྨྲ་སྲས:གསེར་འཇམ། སྐུ༵་རྣམ་ངུར་སྨྲིག་འཛིན་ལ་རིགས་བརྒྱའི་བདག། གསུ༵ང་ལེགས་ཡོན་ཏན་རིན་ཆེན་ཚོགས་ཀྱི་གཏེར།། ཐུ༵གས་འཕགས་བརྩེ་ལྡན་བྱང་ཆུབ་དངོས་ཀྱི་རྗེ།། དབྱེར་མེད་དབུ་གདུགས་བླ་མར་གུས་པས་འདུད།། མདོ་སྔགས་གཞུང་ཀུན་འཆ༵ད་ཉན་ལེགས་མཐར་བྱིན།། ངོ་མཚར་ཟླ་མེད་རྩོ༵ད་པའི་ལང་ཚོ་རྒྱས།། བདེན་དོན་ལེགས་འབྱེད་རྩོམ༵་པ་རིག་བདག་མཆོག། རབ་དགའ་གངས་ཅན་བོད་དགོན་མཆོག་ནི་མཛེས།། འཁྲུལ་མེད་བཀའ་ལུང་བདུད་རྩིའི་ཟེགས་མས་འཁྱུད།། རིགས་མཆོག་བདེ་འབྱུང་ལྷག་བསམ་པདྨོ་འཛུམ།། མངོན་པར་མཛེས་པའི་དབང་ཕྱུག་མི་ཡི་མཆོག། རྒྱལ་བསྟན་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ།། མཁྱེན་དཔྱོད་རྩལ་རྫོགས་མཐུ་དཔལ་བླ་མའི་སྐུ༷།། དག་གསལ་མགྲིན་པའི་ཟིལ་གནོན་ཚངས་དབྱངས་གསུ༵ང།། སེམས་ཅན་ཡོད་དོ་བདེ་ཞིང་འགོད་མཁས་ཐུག༵ས།། དད་པའི་གེ་སར་དགུང་འཕྱུར་ཨེ་མ་མཚར།། སྨྲ་རྒྱལ༵་དབ༵ང་བོ་བསྟན༵་པ་འཛི༵ན་ལ་མཁ༷ས།།...

དབུ་མ་དགོངས་པ་རབ་གསལ། རྩ་འགྲེལ་སྦྱར་མ།

འཕྲུལ་དེབ། གཞུང་ཚན། དབུ་མ། རྩོམ་པ་པོ། རྗེ་ཙོང་པ། འཕྲུལ་དེབ་ཏུ་སྒྲིག་མཁན། སེར་སྨད་འཇམ་དབྱངས་བསོད་ནམས། སྤེལ་མཁན སྲོང་བཙན་དྲ་བ། སྤེལ་དུས། 209-3-24 སྟོད་ཆ། ཕབ་ལེན། སྨད་ཆ། ཕབ་ལེན།