Skip to main content

རྒྱུགས་སྤྲོད་བཙན་པོ་མ།

          











གཉའ་གུག་རྒྱུས་འདར་ཟས་ལ་ཡིད་ག་ལོག་ཅིང་།།
མཚན་ཉིན་གཉིད་འཕྲོག་འབྱུང་བཞི་ན་ན་མང་བ།།
ཅི་བཤད་གཏམ་ལ་ལན་ཐུང་ཚིག་རེ་བྱིན་མཁན།།
ཁེར་རྐྱང་སེམས་སྡུག་ཅན་དེ་རྒྱུགས་ཀྱིས་བཟོས་སོང་།

མོག་མོག་ལྕེ་ཐོག་བཞག་ཀྱང་བྲོ་བ་མ་རྙེད།།
ལིམ་ཇ་ཁྱུར་མིད་བཏང་རུང་སྐྱིར་མོ་མ་ཚོར།།
སི་པན་བརླན་བཟའ་བྱས་རུང་ཁ་ལྕེ་མ་ཚ།།
ཡོད་ཚད་རྒྱུགས་སྤྲོད་ཟེར་བས་བཅོམ་འཕྲོག་བྱས་སོང་།།


འཕྲིན་ཕྲན་ཏིག་ཏིག་སྒྲ་དེ་རྣ་ལ་གཟན་པ།།
གྲོགས་པོས་བརྙན་པར་སྐུར་རུང་ལྟ་འདོད་མ་སྐྱེ།།
ཚོགས་ནང་བགྲོ་གླེང་འཁྲུགས་མོད་ཉན་བསམ་མི་འགི།།
སེམས་སྐྱིད་སྤྲོ་སྣང་ཅན་དེ་རྒྱུགས་ཀྱིས་མནར་སོང་།།

དབུགས་རིང་ནར་མོ་གཅིག་མཐུད་གཅིག་རྒྱུག་རེད་འགི།།
ཨ་ར་ཨུ་རུ་ཁ་དང་མི་འབྲལ་འདོན་སོང་།།
སུ་ཞིག་འཕྲད་ཀྱང་སྡུག་མུག་སློང་བའི་གཞི་མ།།
སྐྲོ་ཐུང་བློ་རྒྱ་ཆུང་དེ་རྒྱུགས་ཀྱིས་བཟོས་སོང་།།

ལྗིག་ལྕི་གཟུགས་མེད་ཁུར་པོས་གཉའ་ནས་མནན་སོང་།།
འབྲེལ་མེད་མི་ཚོགས་མང་བས་ཟུར་ནས་བཅུན་བཙུར།།
རེ་རེ་རྒྱུགས་འཐོན་ཟིན་པས་སྡུག་ལ་སྦྱར་བ།།
མི་སྐྱིད་སྡུག་སྒོམ་བྱེད་དགོས་རྒྱུགས་ཀྱིས་བཟོས་སོང་།།

ཐད་རིས་གཉེར་མ་གསབ་པས་རྗེས་སུ་ལུས་ཤིང་།།
སེམས་ངོ་རྣམ་རྟོག་རྒོད་པས་ཡིད་བློ་འཁྲུལ་གདའ།།
རང་ལུས་སྟོབས་ཤུགས་སྐྱོ་བས་ཟུག་གཟེར་ལངས་སོང་།།
ད་ནི་རྒྱུགས་སྤྲོད་ཟེར་དུས་ཁོག་འདར་ཤོར་འོང་།།

-------------------2014-10-31------------------
                                             

Comments

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

དབུ་མ་དགོངས་པ་རབ་གསལ། རྩ་འགྲེལ་སྦྱར་མ།

འཕྲུལ་དེབ། གཞུང་ཚན། དབུ་མ། རྩོམ་པ་པོ། རྗེ་ཙོང་པ། འཕྲུལ་དེབ་ཏུ་སྒྲིག་མཁན། སེར་སྨད་འཇམ་དབྱངས་བསོད་ནམས། སྤེལ་མཁན སྲོང་བཙན་དྲ་བ། སྤེལ་དུས། 209-3-24 སྟོད་ཆ། ཕབ་ལེན། སྨད་ཆ། ཕབ་ལེན།

བོད་སྨན་གྱི་ཕན་ཡོན།