Skip to main content

དགེ་སྐོས་གསར་པ་ཏྲེ་ཧོར་དགེ་བཤེས་ཚེ་དབང་སྟོབས་ལྡན།



དགའ་ལྡན་ལྔ་མཆོད་ཉིན་སེ་རའི་དགེ་སྐོས་གསར་རྙིང་བརྗེས་སྤོར་དང་རྒྱལ་མཆོག་མདུན་པ་ཆེན་པོའི་བཅའ་ཡིག་རབ་གསལ་ནོར་བུའི་མེ་ལོང་རྩིས་ལེན།


དགེ་སྐོས་གསར་པ་ཏྲེ་ཧོར་དགེ་བཤེས་ཚེ་དབང་སྟབས་ལྡན་མཆོག་ནི་ཁམས་དཀར་མཛེས་པོས་མོ་འབུར་ཚང་ཞེས་པའི་ཁྱིམ་མིང་ཅན་གྱི་ཁྱིམ་ཚང་ཞིག་གི་བུ་བློ་དགའ་དང་སྡེ་དགེ་བ་ཚེ་རིང་སྒྲོལ་མ་གཉིས་སུ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་རྙིང་པའི་གྲོང་སྡེ་གཉིས་པར་སྐྱེས།
ལོ་ལྔ་ཙམ་ནས་རྒྱུད་སྨད་མཁན་ཟུར་རྗེ་བཙུན་བཀྲ་ཤིས་ཚེ་རིང་མཆོག་དང་དགེ་བཤེས་བློ་བཟང་རྡོ་རྗེ་གཉིས་སུ་བཏུགས་ཏེ་གྲྭ་སར་ཞུགས། རྒན་རྣམ་གཉིས་ནས་འཚོ་བའི་དཀའ་ཁག་ཆེན་པོའི་འོག་ནས་རང་གི་བུ་ཕྲུག་བཞིན་སྐྱོང་བས་ཁོང་གཉིས་པོ་ནི་དྲིན་ཆེ་བའི་ཕ་མ་ལྟ་བུ་ཡིན་ཟེར་ཀྱང་རྫུན་དུ་མི་འགྲོ། སྐུ་ནར་སོན་པ་དང་སེར་བྱེས་སློབ་གྲྭ་འགྲིམས། རིམ་བཞིན་ཆོས་རྭ་ཞུགས་ཏེ་སེར་བྱེས་མཁན་ཟུར་རྗེ་བཙུན་དགེ་འདུན་ཆོས་འཕེལ་དང་། རྒྱུད་སྨད་མཁན་ཟུར་རྗེ་བཙུན་བཀྲ་ཤིས་ཚེ་རིང་གཉིས་པོ་གཙོས་དགེ་བའི་བཤེས་གཉེན་རྣམ་པའི་ཞབས་རྡུལ་སྤྱི་བོས་བླངས་ནས་གཞུང་ཆེན་ཁག་ལེགས་པར་བལྟས་ཏེ་རི་བོ་དགེ་ལྡན་པའི་མཚན་སྙན་ཆེས་མཐོ་བའི་ལྷ་རམས་དགེ་བཤེས་ཀྱི་མཚན་གནས་བཞེས་པ་མ་ཟད། གྲྭ་ཚང་གི་སློབ་གཉེར་དོ་དམ་པའི་འགན་བཞེས་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་ཁུར། ཁམས་ཚན་དགེ་རྒན་གྱི་འགན་ཁུར་སོགས་ལས་སྣེ་ཁག་བྱས་ཟིན་ལ་། གྲྭ་ཚང་དཔེ་ཁྲིད་དགེ་རྒན་གྱི་མཚན་ཐོབ་ཡོད་ཅིང་ཉིན་རྒྱུན་ཆད་མེད་ཐོག་སློབ་མ་ཚོར་གཞུང་ཆེན་དཔེ་ཁྲིད་དང་། དད་གཉེར་ཅན་ཕྱི་རྒྱལ་བ་ཁག་གཅིག་ལ་སློབ་ཁྲིད། གྲྭ་ཚང་གི་ཆེད་གཏོང་བཞིན་རྒྱ་གར་གྱི་ནང་པའི་ས་ཁུལ་ཁག་ཏུ་ནང་ཆོས་ངོ་སྤྲོད་སོགས་བསྟན་ལ་སྨོན་པའི་བྱ་བ་ཡང་མི་ཉུང་བ་ཞིག་མཛད་དང་མཛད་བཞིན་པ་ཞིག་ཡིན། ཁོང་ཉིད་ཆེ་ཚུགས་གནང་རྒྱུ་མི་དགའ་ཞིང་། ཅི་ཞིག་ཤེས་ནའང་མངོན་ཆུང་ལས་ངོམ་ཐབས་མི་བྱེད། ཅི་བྱས་རྒྱས་སྤྲོས་བྱེད་རྒྱུ་དེ་ཚོ་ལའང་ཐུགས་མོས་མི་མཛད་ཅིང་། འབྲས་སྤུངས་དགེ་བཤེས་ལོག་སྨྲ་ཚར་གཅོད་ཀྱིས་མི་ཚོ་ཤིང་ནགས་ནས་ཐང་དུ་བུད་ཨེ་ཐུབ་ལྟ་གི་ཡོད། ཁྱེད་ཐང་ནས་ཤིང་ནགས་སུ་ཡར་འཛུལ་ཨེ་ཐུབ་ལྟ་མཁན་གྲས་རེད་འདུག་ཅེས་རྒན་ཁོང་གིས་དབྱིན་ཡིག་སོགས་ཤེས་ནའང་དེ་ཚོ་སྦྱོང་རྒྱུ་ལ་ཐུགས་མོས་མེད་པ་དེ་ལ་ཟུར་ཟ་བྱས་མྱོང་བ་བཞིན། སློབ་མ་ཚོར་རྒྱུན་དུ་གཞུང་ཆེན་སློབ་གཉེར་བྱེད་པ་ལས་ལྷག་མེད་ཅེས་དབྱིན་ཡིག་སོགས་སྦྱོང་རྒྱུ་ལའང་ཐུགས་མོས་དེ་ཙམ་མེད། གཞུང་ཆེན་སྦྱངས་ནས་རྒྱུད་དུལ་བར་བྱས་ཏེ་གདན་སར་མི་མཐུད་སློབ་གཉེར་བྱེད་དེ་སྡོད་ན་འདི་ཕྱི་གཉིས་ཀར་ཕན་རླབས་ཆེ་བ་ལས་སྐད་རིགས་འགའ་ཤེས་རྗེས་ག་ས་གང་ལ་རྒྱུགས་སྡོད་ན་འདུ་ལམ་བརླག་འགྲོ་གི་རེད་ཅེས་སེམས་ཚབ་དང་བསླབ་བྱ་ཡང་སེ་གནང་གི་ཡོད།

འདི་ལོར་སྔོན་འགྲོའི་དགེ་སྐོས་འོས་མི་ལྔ་ལ་གྲྭ་མང་ཚོས་འོས་འཕེན་བྱས་རྗེས། ཁོང་ཉིད་ཆེས་མང་བའི་འོས་གྲངས་ཀྱི་ལམ་ནས་དགེ་སྐོས་སུ་བསྐོ་བཞག་བྱུང་། འདི་ལོའི་སེ་ར་བྱེས་ཀྱི་དགེ་སྐོས་རྙིང་པ་ཏྲེ་ཧོར་དགེ་བཤེས་འཆི་མེད་ཚེ་རིང་མཆོག་གིས་དུས་ཡུན་ལོ་གཅིག་ཡོངས་སུ་གཙང་སྟེ་ཞོགས་པའི་མང་ཇའི་ཚོགས་དབུས་སུ་བཅའ་ཡིག་རིན་པོ་ཆེ་དེ་ཉིད་དགེ་སྐོས་གསར་པ་ཏྲེ་ཧོར་དགེ་བཤེས་ཚེ་དབང་སྟོབས་ལྡན་མཆོག་གི་ཕྱག་ཏུ་ཕུལ་རྗེས་དགེ་སྐོས་གསར་པས་དེ་རིང་ནས་དབུ་བཙུགས་ཏེ་གྲྭ་ཚང་གི་སྒྲིག་ཁྲིམས་དོ་དམ་དང་ཚོགས་ཆེན་ཞལ་ངོའི་ཐུགས་འགན་ཡང་བཞེས་མགོ་ཚུགས་ནས་གདན་ས་འདི་པའི་དགེ་འདུན་ལྔ་སྟོང་རྒལ་བ་ཆོས་བཞིན་འདུལ་བ་བཞིན་ལེགས་པར་སྤྱོད་པའི་ལམ་དུ་ཁྲིད་ཐབས་ལ་འབད་ཀྱི་རེད།

སྔ་སྲོལ་བཞིན་དགའ་ལྡན་ལྔ་མཆོད་ཉིན་མོར་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་དགེ་སྐོས་གཉིས་བརྗེ་སྤོར་གནང་གི་ཡོད་ཅིང་། དེ་རིང་ཞོགས་པའི་ཆུ་ཚོད་ལྔ་པར་དགེ་སྐོས་གཉིས་པོའི་གཟིམ་ཤག་ཏུ་གྲྭ་ཚང་ཕྱག་མཛོད། ཁམས་ཚན་དགེ་རྒན་རྣམ་པར་ཆེད་ཕེབས་ཀྱིས་མཎྜ་འདེགས་འབུལ་དང་གྲོ་མ་འབྲས་སིལ་བཞེས་ཏེ་སྟབས་བདེ་མཛད་སྒོར་གཉེར་རྗེས། ཁོང་རྣམ་པས་སྤོས་སྣ་དྲི་བཟང་གིས་སྔོན་བསུ་སྟེ་དགེ་སྐོས་གཉིས་པོ་སེ་ར་བླ་སྤྱིའི་གཙུག་ལག་ཁང་གི་རྡོ་བཅལ་ཐོག་ཏུ་གདན་འདྲེན་ཞུས། དགེ་འདུན་འདུས་པ་རྒྱ་མཚོས་གནས་བརྟན་ཕྱག་མཆོད་ཀྱི་བཅོམ་ལྡན་འདི་ནི་བྱོན་པ་ལེགས།།ཞེས་པའི་ཚིགས་སུ་བཅད་པ་གསུང་པ་དང་དགེ་སྐོས་གཉིས་པོས་གཙུག་ལག་ཁང་གི་སྒོ་ཆེན་ཕྱེས་ནས་ནང་དུ་ཕེབས། ཐུགས་སྨོན་མཚམས་སྦྱོར་དང་འབྲེལ་ནས་ཐོར་འབྲུ་མཆོད་ཅིང་དབུས་ཀྱི་གདོང་གྲལ་ནས་ཕེབས་གནང་གིས་བཅའ་ཡིག་རིན་པོ་ཆེ་རྩིས་ལེན་གནང་།

རྒྱལ་མཆོག་མདུན་པ་ཆེན་པོས་གསོལ་སྩལ་མཛད་པའི་བཅའ་ཡིག་རིན་པོ་ཆེ་རབ་གསལ་ནོར་བུའི་མེ་ལོང་ཞེས་པ་ནི་གདན་ས་འདི་པའི་གལ་ཆེན་བཅའ་ཡིག་ཅིག་ཡིན་ཞིང་། འདི་ཉིད་གཙོ་བཟུང་གིས་སྒྲིག་ཁྲིམས་ལག་བསྟར་གནང་དགོས་ཀྱི་ཡོད། བོད་དུ་ཚོགས་ཆེན་ཞལ་ངོ་གཉིས་པོ་གཞུང་གི་གོ་ཐོབ་ཡོད་པས་གཞུང་འབྲེལ་གྱི་ཕྱག་དམ་ཕེབས་ནས་གཞུང་གི་ལས་སྣེ་གྲས་སུ་འཇོག་གི་ཡོད་རུང་། བཙན་བྱོལ་དུ་སླེབས་རྗེས་སྔ་སྲོལ་དེ་ཚོ་མི་དགོས་པར་བྱས་ཐོག་ཚོགས་ཆེན་ཞལ་ངོ་དང་གྲྭ་ཚང་གི་དགེ་སྐོས་ལོགས་སུ་མི་དགོས་པར་བྱས་ཏེ་དུས་ཡུན་ལོ་གཅིག་གི་རིང་གྲྭ་ཚང་བྱེས་སྨད་གཉིས་ཀྱི་དགེ་སྐོས་རྣམ་གཉིས་ནས་ཚོགས་ཆེན་ཞལ་ངོའི་འགན་གཅིག་ལྕོགས་ཀྱིས་ཁུར་གནང་རྒྱུ་བྱས་འདུག


དགེ་སྐོས་རྣམ་གཉིས་ནི་གྲྭ་ཚང་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་རྗེས་ཀྱི་འགན་དབང་ཆེ་ཤོས་ཡིན་པས་གདན་སར་ཞུགས་པའི་སྐྱེ་བོ་སུ་ཞིག་ཡིན་རུང་ཁོང་རྣམ་གཉིས་ཀྱི་སྒྲིག་ཁྲིམས་འོག་ཏུ་མ་འཚུད་པ་མེད། དུས་རྒྱུན་གདན་སའི་ཁ་རྒྱུན་དུ་ཁྲིམས་བདག་དགེ་སྐོས་ཞེས་གསུང་སྲོལ་ཡོད་པ་བཞིན་ཁོང་གཉིས་པོས་གདན་སའི་ཁྲིམས་སྒྲིག་ཡོད་ཚེ་འགན་ལེན་གྱིས་ལག་ལྟར་བྱེད་དགོས་པས་ཆེས་དཀའ་ཚེགས་ཆེ་བ་ཞིག་ཀྱང་ཡིན་སྟབས། འདི་ལྟར་ལས་སྣེ་ཁེལ་རྒྱུ་ཞེད་སྣང་གནང་གི་ཡོད་མོད། ལྟོ་ཟ་སར་སྒྲིག་ཁུར་དགོས་པའི་དཔེ་ལྟར་མི་གནང་ཐབས་མེད་ཀྱང་ཆགས་ཡོད།

Comments

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

<ཆམ་ནད། ངེས་འབྱུང་སྤུ་སུད་མ།>

ཕྲ་འབུ་གཅིག་གིས་རང་ལུས་འབྱུང་གཞི་འཁྲུགས།། མ་བརྟག་བློ་ལ་བརྟན་པའི་ལུས་འདི་ཡང་།། ཞིབ་ཏུ་བསམ་ན་རྩྭ་རྩེའི་ཟིལ་པ་ལྟར།། རྟག་བརྟན་མེད་པར་ངེས་ཤེས་གསལ་བར་རྙེད།། འབྱུང་གཞི་འཁྲུགས་ནས་ལུས་ཟུངས་ཡོངས་སུ་ཟད།། རུས་ཚིགས་བར་ན་ཚ་བའི་མེ་སྟག་འཕྲོས།། མགོ་རུས་དེ་ནི་གས་ཤིང་ཆག་ལ་ཁད།། བསམས་ཤིང་བསམ་ན་ནད་ཀྱི་རྐྱལ་པར་ངེས།། ཚ་བ་འབར་ནས་རྔུལ་ཆུས་ལུས་ཡོངས་སྦངས།། གཞན་གྱིས་བརྟག་དུས་ཚ་བ་མི་འདུག་ཟེར།། མི་གཉིས་བར་ལ་མྱོང་བ་ཐ་དད་འདི།། སེམས་ཙམ་གྲུབ་མཐའི་རྣམ་བཞག་བདེན་པར་འདུག། རྐུབ་ཁབ་ཟད་པས་སྐྲག་ཅིང་ན་ཟུག་ཆེ།། ན་བའི་ཐོག་ལ་ན་ཐོག་ན་སྣོན་འདི།། འཁོར་བར་ལུས་པའི་ཉེས་པ་ཡིན་པར་ངེས།། འཁོར་བའི་འདམ་ལས་མ་གྲོལ་སྡུག་གི་གཞི།། ཚེ་འདི་ཉིད་ལ་ཟུང་འཇུག་གོ་འཕང་རྙེད།། མོས་གུས་ཅན་ལ་ལོ་གསུམ་ཙམ་གྱིས་ཐོབ།། གསང་བ་སྔགས་ཀྱི་ནུས་མཐུ་དེ་བདེན་ན།། ད་ལྟ་ཉིད་ནས་མི་འཇུག་ཅི་ཞིག་ཡིན།། སྔགས་ལམ་ཞུགས་ན་སྨྱོན་པའི་ཚུལ་དགོས།། འཁོར་འདས་གཉིས་པོ་དབྱེ་མེད་རོ་གཅིག་ལྟ།། ཡག་དང་བཙོག་གི་རྣམ་བཞག་ཧྲིལ་ལེ་དོར།། སྐྱགས་ཆེན་ཡིན་རུང་ཟས་ལ་བསྟེན་དགོས་སྐད།། སྡོམ་ལྡན་ཡིན་ཀྱང་རིག་མ་བསྟེན་པས་འགྲིག།། འདུལ་ཁྲིམས་མི་དགོས་ཅི་དགར་སྤྱོད་ན་ཆོག། རྡོ་རྗེ་ཐེག་པའི་ཟབ་...

དགུང་ལོ་བརྒྱད་ཅུ། རྟེན་འབྲེལ་གྱི་མེ་ཏོག་འབུལ།

སྙིང་ནས་དད་པའི་མེ་ཏོག་འཛུམ་པ་ཡིས།། དགའ་གུས་དད་གསུམ་ལོ་འདབ་ཡོངས་སུ་གྲོལ།། མགོ་བོའི་ཕྱག་གིས་ཞབས་རྡུལ་གཙུག་ན་བླངས།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། མ་ཤེས་རྨོངས་པའི་གོམ་ཁ་འཁྱར་འཁྱོར་ལ།། ལམ་དུ་འདེད་པའི་སེམས་པ་རབ་ཏུ་བསྐྱེད།། གང་ན་ནོར་བའི་ཕྱོགས་ལ་ལམ་སྟོན་པ།། སྙིག་དུས་འདི་ན་བསྐལ་བརྒྱར་བཞུགས་སུ་གསོལ།། ཁ་མཁས་ཚིག་སྙན་ངོ་སྲུང་བྲག་གི་རིར།། ཇི་བཞིན་བདེན་པ་སྨྲ་བའི་ཕུར་གྱིས་བཏབ།། དྲང་ལ་བདེན་པ་སྐྱོང་བའི་སེམས་དཔའ་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། ཤེས་རློམ་ཟོག་པོ་འབར་མའི་མེ་ཕུང་ལ།། ཀུན་གྱི་གྲ་མཐར་འཛིན་པའི་ཆུ་བོ་བཤོས།། ང་རྒྱལ་མགོ་བོ་བཏུབ་པའི་དཔའ་བོ་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། འདོད་ཆེན་ཆུ་སྲིན་འཁྲོས་པའི་རྒྱ་མཚོའི་ཀློང་།། ཆོག་ཤེས་གྲུ་ཆེན་རླུང་གིས་ཕ་རོལ་སོན།། འགྲོ་ཀུན་སྒྲོལ་ལ་མཁས་པའི་དེད་དཔོན་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། ཀུན་ལ་བྱམས་པའི་ཆར་སྤྲིན་ལིང་ལིང་ལྡིང་།། ཐུགས་རྗེ་སྦྲང་ཆར་སིལ་མ་ཟིལ་ཟིལ་བསྙིལ།། རང་རྒྱུད་གྱོང་པོར་རློན་གྱིས་བརླན་མཁས་པ།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། མཁས་མང་བརྒྱ་ཕྲག་དབུས...