Skip to main content

དགེ་བཤེས་ཚེ་དབང་སྟོབས་ལྡན་གྱི་གཏམ་བཤད་མ་ཟིན།

སེར་བྱེས་གཙུག་ལག་སློབ་གཉེར་ཁང་དང་། རྒྱ་གར་གྱི་དྷར་ཝཌ་གཙུག་ལག་སློབ་གཉེར་ཁང་གཉིས་ཐུན་མོང་གི་གོ་སྒྲིག་འོག་"འཛམ་གླིང་ཇི་ལྟར་བཟང་དུ་གཏོང་བ"ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཉིན་གསུམ་གྱི་བགྲོ་གླེང་ཐོག་ཏུ་སེར་བྱེས་ཏྲེ་ཧོར་ལྷ་རམས་དགེ་བཤེས་ཚེ་དབང་སྟོབས་ལྡན་གྱིས་དབྱིན་སྐད་ཀྱིས་(རིས་མེད་བཟང་སྤྱོད)ཅེས་པའི་ཐོག་ཏུ་གཏམ་བཤད་བྱས་པའི་བོད་ཡིག་གི་མ་ཟིན།

དེ་རིང་ངའི་བརྗོད་གཞི་གཙོ་བོ་དེ་རིས་མེད་བཟང་སྤྱོད་ཅེས་པ་འདིའི་ཐོག་ལ་རེད་འདུག  སྤྱིར་བཏང་གི་ཡ་རབས་བཟང་སྤྱོད་ཟེར་བ་དེ་ཧ་ཅང་རྒྱ་ཆེན་པོ་ཞིག་རེད། མི་རིགས་སོ་སོ་དང་རྒྱལ་ཁབ་སོ་སོ། དེ་བཞིན་ཆོས་ལུགས་དང་ལུང་ཚན་སོ་སོ་ལ་ཡང་རང་རང་གི་དམིགས་བསལ་གྱི་ཡ་རབས་གོམས་སྲོལ་རྩི་སྟངས་མི་འདྲ་བ་མང་པོ་ཞིག་ཡོད་ཚོད་རེད། དེ་དག་ཐམས་ཅད་བཤད་ཐུབ་ཀྱི་མ་རེད་ལ། ངས་བཤད་ཤེས་ཀྱི་ཡང་མེད། ཡིན་ན་ཡང་གྲྭ་ཚང་གིས་ངོས་རང་བརྗོད་གཞིའི་འདིའི་སྟེང་དུ་གཏམ་བཤད་བྱེད་མཁན་དུ་བཏང་པ་ཡིན་དུས། གྲྭ་ཚང་རིན་པོ་ཆེའི་བཀའ་མ་ལྡོག་ཙམ་ཞིག་མ་ཞུ་རང་ཞུ་འདྲ་པོ་ཞིག་ཆགས་སོང། དེ་འདྲ་ཡིན་དུས་ངས་དེ་རིང་འདིར་༸གོང་ས་མཆོག་གི་གཙོས་སྐྱེས་ཆེན་རྣམས་ཀྱི་བསླབ་བྱ་རྣམས་གཞི་བྱས་ཏེ། ང་རང་གི་འཆར་སྣང་དང་་མྱོང་ཚོར་མདོར་བསྡུས་ཤིག་ཞུ་བར་འབད་བརྩོན་བྱེད་ཀྱི་ཡིན། དེ་ཡང་ངས་བརྗོད་གཞི་འདི་དོན་ཚན་ལྔའི་ཐོག་ནས་ཞུ་ན་བསམ་སོང་། 

ཐོག་མ་དེ་ལ་ཡ་རབས་བཟང་སྤྱོད་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་མིན། 
གཉིས་པ། དེང་རབས་ཀྱི་ཀུན་སྤྱོད་དེ་གང་འདྲ་ཞིག་གི་ཐོག་ལ་འགྲོ་ཡི་ཡོད་མེད། 
གསུམ་པ། དེང་རབས་ཀྱི་ཀུན་སྤྱོད་དེ་དང་འབྲེལ་བའི་དཀའ་རྙོག  
བཞི་པ། དེ་འདྲའི་དཀའ་རྙོག་དེ་དག་ཡོང་བའི་རྒྱུ་རྐྱེན་ག་རེ་ཡིན་མིན། 
ལྔ་པ། དཀའ་རྙོག་དེ་སེལ་ཐབས་ལ་ང་རང་གི་བསམ་ཚུལ་མདོར་བསྡུས་ཤིག་སྟེ་དོན་ཚན་ལྔའི་སྒོ་ནས་ཞུ་ན་བསམ་བྱུང་།

དེ་ལ་དང་པོ་ཡ་རབས་བཟང་སྤྱོད་ཟེར་བ་དེ་གོང་དུ་ཞུས་པ་བཞིན་ཧ་ཅང་རྒྱ་ཆེན་པོ་ཞིག་རེད་དེ། ཡིན་ན་ཡང་འཇིན་རྟེན་ཀུན་ཁྱབ་ཀྱི་ཡ་རབས་བཟང་སྤྱོད་ཅེས་པ་དེའི་ཐོག་ལ་ང་རང་གི་བསམ་ཚུལ་ཞིག་ཞུས་པ་ཡིན་ན། རྒྱུའི་ཁྱད་པར་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས། ངོ་བོའི་ཁྱད་པར་གཞན་ལ་དངོས་སུ་གནོད་པའམ་བརྒྱུད་ནས་གནོད་པའི་བྱ་བའི་རིགས་ལས་ལྡོག་པ། འབྲས་བུའི་ཁྱད་པར་གཞན་ལ་ཕན་པ་སྟེ་ཁྱད་ཆོས་གསུམ་ལྡན་གྱི་སྤྱོད་ཚུལ་ཞིག་ལ་ཡ་རབས་བཟང་སྤྱོད་ཅེས་བརྗོད་ན་འགྲིག་གམ་སྙམ། དེ་ཡང་ང་ཚོ་བོད་ལ་ཆ་མཚོན་པ་ཡིན་ན། སྔོན་གྱི་ཆོས་རྒྱལ་ཚོའི་གནས་སྐབས་ནས་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་ཅེས་མིའི་བཟང་སྤྱོད་ཀྱི་ཐོག་ལ་ལུགས་སྲོལ་ལམ་ཁྲིམས་ལུགས་ལྟ་བུ་ཞིག་གཏན་འབེབས་གནང་ཡོད་རེད། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཟེར་ན་ཡང་། ཚུར་བསྡུས་པ་ཡིན་ན་ལྷ་ཆོས་དགེ་བ་བཅུའི་ནང་དུ་ཕལ་ཆེར་འདུས་པ་ལྟ་བུ་ཞིག་རེད། དེ་འདྲའི་ལྷ་ཆོས་དགེ་བ་བཅུ་པོ་དེ་ཡང་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་སྤྱོད་ཚུལ་ཞིག་གསུངས་ཀྱི་ཡོད་རེད། དེ་ཡང་སྲོག་གཅོད་པ། མ་བྱིན་པ་ལེན་པ། ལོག་གཡེམ་སྟེ་གསུམ་པོ་དེ་ཕྱིའི་ལུས་ཀྱི་ཐོག་ནས་གཞན་ཕ་རོལ་པོ་ལ་དངོས་སུ་གནོད་པའི་ངན་སྤྱོད་དང་། དེ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཅས་བཞི་པོ་དེ་ངག་གི་ཐོག་ནས་གཞན་ཕ་རོལ་པོ་ལ་དངོས་སུ་གནོད་པའི་ངན་སྤྱོད་དང་། བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་པོ་དེ། དེ་ལྟ་བུའི་ཕྱིའི་ལུས་ངག་གི་ངན་སྤྱོད་འབྱུང་བའི་གཞི་ནང་གི་བསམ་ངན་རྣམས་རེད། དེ་ལྟ་བུའི་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་སྤྱོད་ཚུལ་ཞིག་ལ་ནང་པ་ཚོས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཞེས་ཐ་སྙད་བྱེད་ཀྱི་ཡོད་རེད་ལ། འདི་ཡང་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ལ་འགྲོ་ཡི་རེད་བསམ་གྱི་འདུག  འོ་ན་འདིའི་ནང་དུ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་ཞེས་པའི་ལོག་ལྟ་ལས་ལྡོག་ཅེས་པ་ཇི་ལྟར་ཞེ་ན། དེ་ལ་བཤད་ཚུལ་གཉིས་འདྲ་པོ་ཞིག་ཡོང་ཆོག་གམ་སྙམ་སྟེ།  དེ་ཡང་ནང་པའི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་ལོག་ལྟ་ཟེར་བ་དེ་ནང་པའི་གཞུང་ནས་བཤད་པའི་དཀོན་མཆོག་དང་། ལས་འབྲས། སྐྱེ་བ་སྔ་ཕྱི་སོགས་མེད་པར་ལྟ་བ་ལ་ལོག་ལྟ་ཞེས་འདོད་དགོས་ཀྱང་། ཡིན་ན་ཡང་འཇིག་རྟེན་ཀུན་ཁྱབ་ཀྱི་ཡ་རབས་བཟང་སྤྱོད་བཤད་ཡོང་དུས། གཞི་དང་བཅས་པ་ལས་ལྡོག་ཅེས་པའི་ལྡོག་སའི་ལོག་ལྟ་དེ་ངས་བལྟས་ན་དེ་ཙམ་ཞིག་ལ་ངོས་འཛིན་བྱེད་དགོས་མི་དགོས་པར་བྱ་བ་ཡག་པོ་ཞིག་བྱེད་ན་དེ་ལས་འབྲས་བུ་བཟང་པོ་ཞིག་འབྱུང་གི་ཡོད་པ་དང་། བྱ་བ་ངན་པ་ཞིག་བྱེད་ན་དེ་ལས་འབྲས་བུ་ཡང་ངན་པ་ཞིག་འབྱུང་གི་ཡོད་པའི་བསམ་ཚུལ་དེ་འཇིག་རྟེན་ཀུན་ཁྱབ་ཀྱི་ནང་སེམས་ཀྱི་ཐོག་ནས་བཟང་སྤྱོད་ཅིག་ཆགས་ཡོད་རེད། དེ་ལས་ལྡོག་ཏེ་བྱ་བ་བཟང་པོ་བྱེད་ན་དེ་ལས་འབྲས་བུ་བཟང་པོ་ཞིག་མི་འབྱུང་བར་གྱོང་རག་གི་ཡོད་པ་ལྟ་བུ་དང་། བྱ་བ་ངན་པ་ཞིག་བྱེད་པ་ཡིན་ན་དེ་ལས་འབྲས་བུ་ངན་པ་ཞིག་མི་འབྱུང་བར་དེ་ལ་ཁེ་ཕན་དང་འབྲས་བུ་བཟང་པོ་འབྱུང་གི་ཡོད་པའི་བསམ་ཚུལ་ལྟ་བུ། མ་ཟད་རྒྱུ་ནོར་དཔལ་འབྱོར་ཡང་དེ་ལ་བརྟེན་ནས་ཡོང་གི་ཡོད་པར་ལྟ་བའི་བསམ་ཚུལ་དེ་རྣམས་འཇིག་རྟེན་ཀུན་ཁྱབ་ཀྱི་ཡ་རབས་བཟང་སྤྱོད་བཤད་པའི་སྐབས་ཀྱི་ལོག་ལྟ་ཟེར་བ་དེ་འདྲའི་ཞིག་ལ་ངོས་འཛིན་དགོས་པ་མིན་འགྲོ་བསམ་གྱི་འདུག  དེར་བརྟེན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡིན་ན་ཡང་རེད། གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་སྤྱོད་ཚུལ་དེ་འཇིག་རྟེན་ཀུན་ཁྱབ་ཀྱི་དབང་དུ་བྱས་ནས་ཆོས་ཁས་ལེན་མ་ལེན་ཚང་མས་བཟང་སྤྱོད་དུ་འདོད་དགོས་པ་གཅིག་དང་། ཚེ་འདི་ཙམ་གྱི་བདེ་སྐྱིད་ཀྱི་ཆེད་དུ་ཡང་ངེས་པར་དུ་དགོས་པ་ཞིག་རེད་སྙམ། མདོར་ན་ངའི་ངོས་ནས་ཡ་རབས་བཟང་སྤྱོད་ཟེར་བ་དེ་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས་གཞན་ལ་དངོས་སུ་གནོད་པའམ་བརྒྱུད་ནས་གནོད་པའི་བྱ་བ་ལས་ལྡོག་པའི་སྤྱོད་ཚུལ་ཞིག་ལ་ཡ་རབས་བཟང་སྤྱོད་ཅེས་ངོས་འཛིན་བྱེད་ཀྱི་ཡོད།

གཉིས་པ། དེང་རབས་ཀུན་སྤྱོད་ལ་བཟང་ངན་གྱི་ཆ་གཉིས་ཀ་ཡོད་ཀྱང་། དེ་རིང་ངས་དགོས་དབང་གིས་ངན་ཕྱོགས་ནས་བཤད་ཀྱི་ཡིན། དུས་རབས་ཉེར་གཅིག་པ་འདིའི་ནང་གི་ཀུན་སྤྱོད་དེ་ག་འདྲ་ཞིག་ཆགས་ཡོད་རེད་ཟེར་ན། སྤྱིར་བཏང་ང་རང་ཚོ་འཛམ་བུ་གླིང་ཕྱོགས་ག་བར་བལྟས་པ་ཡིན་ན་ཡང་། ཚན་རིག་དར་རྒྱས་ཕྱིན་པའི་དབང་གིས་ཕྱིའི་དངོས་པོའི་རིགས་ཧ་ཅང་གི་ཡར་རྒྱས་ཚད་མཐོ་པོར་སླེབས་ཡོད་པ་དང་། མིའི་འཚོ་བའི་མཐུན་རྐྱེན་གྱི་ཆ་ནས་ཡིན་ན་ཡང་སྤྱི་ཡོངས་ནས་ཡར་རྒྱས་རྣམ་པ་འདྲ་པོ་ཞིག་ཕྱིན་ཡོད། དེ་བཞིན་དུ་མི་དང་མིའི་བར། རྒྱ་ཁབ་དང་རྒྱལ་ཁབ་ཀྱི་བར། གླིང་ཆེན་དང་གླིང་ཆེན་གྱི་བར་ལ། སྤྱིར་བཏང་གི་འབྲེལ་བ་དེ་སྔར་དང་མི་འདྲ་བར་འབྲེལ་བ་ཆེ་རུ་ཕྱིན་ཡོད་རེད་དེ། ཡིན་ན་ཡང་མང་ཆེ་བའི་འབྲེལ་བ་དེ་བཟང་སྤྱོད་ཀྱི་འབྲེལ་བ་ཞིག་མ་ཡིན་པར། སོ་སོའི་ཁེ་ཕན་གྱི་ཆེད་མ་བྱེད་ཐབས་མེད་དང་། ཡང་འགའ་ཞིག་ནི་ངོ་ཤེས་ཀྱི་འབྲེལ་བ་ཙམ་ཡིན། གང་ལྟར་ཕན་ཚུན་སེམས་ཐག་ཉེ་པོའི་ཐོག་ནས་གཅིག་གིས་གཅིག་ལ་ཡིད་ཆེས་བློས་འགེལ་གྱི་འབྲེལ་བ་དེ་ཆེས་དཀོན་པའི་གནས་སྟངས་ཤིག་ཆགས་ཡོད་པ་ཚོར་གྱི་འདུག  དཔེ་མཚོན་འགའ་ཞུ་བ་ཡིན་ན། དེ་ཡང་གཙོ་བོ་གསུམ་གྱི་ཐོག་ནས་བཤད་ཀྱི་ཡིན། གསུམ་དེ་ནི། རྩེད་འགྲན་པ། ཤེས་ཡོན་ཅན། སྒྱུ་རྩལ་བ་བཅས་གསུམ་གྱི་སྤྱོད་ཚུལ་ཐོག་ནས་ཞུ་ཡི་ཡིན། དེའི་དགོས་པ་རྒྱུ་མཚན་ཡང་། དེ་གསུམ་པོ་དེང་རབས་ཀྱི་གཞོན་སྐྱེས་ཚོའི་ཀུན་སྤྱོད་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད་པས་ཡིན།

༡༽ རྒྱལ་སྤྱིའི་ནང་དུ་རྩེད་འགྲན་འདྲ་པོ་ཞིག་གི་དབང་དུ་བྱེད་ན། རྒྱལ་སྤྱིའི་ཐོག་ལ་༼ཨོ་ལིམ་ཕིག་༽ཟེར་བ་འདྲ་པོ། དེ་བཞིན་གླིང་ཆེན་ནང་ཕན་ཚུན་དང་རྒྱལ་ཁབ་ཕན་ཚུན། ཚོགས་པ་དང་ལུང་ཚན་ཕན་ཚུན་བར་ལ་རྩེད་མོའི་རིགས་ཀྱི་བྱེད་སྒོ་སྣ་ཚོགས་པ་ཞིག་སྤེལ་དང་སྤེལ་བཞིན་པ་དེ་རེད། རྩེད་རིགས་ཀྱི་བྱེད་སྒོ་དེ་ཚོ་ཐོག་མའི་ཆ་ལ་འཛུགས་མཁན་ཚོས་དམིགས་ཡུལ་དེ། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར། ཚོགས་པ་དང་ཚོགས་པའི་བར། མི་དང་མིའི་བར་ལ་སེམས་ཐག་ཉེ་བོའི་མཐུན་འབྲེལ་དང་། ལྟད་མོ་ལྟ་མཁན་ཚོ་ལ་སྤྲོ་སྣང་དང་། རྩེད་མོ་བ་ཁོང་རང་ཚོ་ལ་ཡང་ལུས་བདེ་ཐང་ཡོང་བ་སོགས་གཞི་བཟུང་གིས་བཙུགས་ཡོད་ཀྱི་རེད་བསམ་གྱི་འདུག །ཡིན་ན་ཡང་ད་ཆར་དེ་དག་མང་ཆེ་བ་ཞིག་དམིགས་ཡུལ་དེའི་ཐོག་མ་སོང་བར་རྒྱལ་ཁབ་སོ་སོའི་མིང་གྲགས་དང་རྒྱལ་ཁབ་ཕན་ཚུན་འགྲན་རྩོད་ཀྱི་རྣམ་པ་དང་། གང་ཟག་སྒེར་སོ་སོ་ཡིན་ན་ཡང་མིང་གྲགས་དང་དཔལ་འབྱོར་འདུ་འགོད་འདྲ་པོ་ཞིག་གི་བསམ་བློའི་ཐོག་ནས་རྩེད་འགྲན་བྱེད་པའི་རྣམ་པ་ཞིག་ཆགས་སྡོད་ཀྱི་ཡོད་རེད། དེ་ལ་བརྟེན་ནས་སེམས་ཐག་ཉེ་པོ་དང་སེམས་གཏིང་གི་མཛའ་བརྩེའི་འབྲེལ་ལམ་དེ་ཡག་ཏུ་འགྲོ་བའི་ཚབ་ཏུ་སྡུག་ཏུ་ཕྱིན་པ་དང་། ལྟད་མོ་ལྟ་མཁན་ཚོ་ལ་ཡིན་ན་ཡང་སྤྲོ་སྣང་སྟེར་བའི་ཚབ་ཏུ་དངངས་སྐྲག་དང་འཇིགས་སྣང་། ཕན་ཚུན་ཞེ་འཁོན་སླེབས་པའི་རྒྱུར་འགྲོ་བ་འདྲ་བོ་མཐོང་གི་འདུག

༢༽ཤེས་ཡོན་གྱི་ཐོག་ལ་བསམ་བློ་ཞིག་གཏོང་བ་ཡིན་ན་ཡང་། སྤྱིར་བཏང་ཤེས་ཡོན་དེ་མི་སོ་སོའི་མི་ཚེའི་བདེ་སྐྱིད་དང་། དེ་དང་འབྲེལ་བའི་སོ་སོའི་ཉེ་འཁོར་དང་། དེ་ལས་ཁྱབ་ཆེར་བཏང་པ་ཡིན་ན་རྒྱལ་ཁབ་དང་མི་རིགས་རེད། འཛམ་བུ་གླིང་སྤྱི་ཡོངས་ལ་ཕན་ཐོགས་པའི་དངོས་པོ་ཞིག་ཡིན་དགོས་ཀྱི་ཡོད་རེད། དེར་བརྟེན་སྔ་མོ་ཡིན་ན་སློབ་སྦྱོང་བྱེད་དགོས་པའི་དམིགས་ཡུལ་ཡང་དེ་འདྲ་ཞིག་བཟུང་གི་ཡོད་རེད་དེ། ཡིན་ན་ཡང་ད་ཆར་མི་མང་ཆེ་བའི་བསམ་བློའི་ནང་ཤེས་ཡོན་དེ་དམིགས་ཡུལ་དེའི་ཐོག་མ་ཡིན་པར། གོང་དུ་ཞུས་པ་བཞིན་རང་གཅིག་པུའི་ཚེ་འདིའི་བདེ་སྐྱིད་ཀྱི་ཆེད་དུ་དང་། དེ་ཡང་ཕྱི་དངོས་པོ་ཁོ་ནས་འགྲུབ་ཀྱི་ཡོད་པའི་བསམ་ཚུལ་ཞིག་དང་། ཕ་རོལ་པོ་དང་འགྲན་རྩོད་ཀྱིི་རྣམ་པ་ཞིག་གི་ཐོག་ནས་ཤེས་ཡོན་སྦྱོང་པ་དང་།

༣༽ སྒྱུ་རྩལ་གྱི་ཐོག་ནས་ཞུ་ན། སྒྱུ་སྩལ་ལ་མང་པོ་ཞིག་ཡོད་པ་ལས་གློག་བརྙན་དང་གླུ་གར་བཅས་རེད། དེ་དག་དང་འཁྲབ་མཁན་ཚོས་གཞོན་སྐྱེས་ཚོར་སློབ་གསོ་བཟང་པོ་སྤྲོད་དགོས་པ་ཡིན་ཡང་། དེང་སྐབས་མང་ཆེ་བ་དེ་ལས་ལྡོག་སྟེ་ཆགས་སྡང་སོགས་སློང་བྱེད་དང་རྐུན་ཇག་སོགས་སློབ་མཁན་གྱི་དགེ་རྒན་ལྟ་བུར་འགྱུར་བཞིན་ཡོད། དེ་དང་དེ་མཚུངས་ཀྱི་དེང་དུས་ཀྱི་ཚོང་ལས་ཡིན་ནའང་རེད། ལས་དོན་ཆེ་ཕྲ་ཆུང་གསུམ་ག་འདྲ་ཞིག་ཡིན་ན་ཡང་། མང་པོ་ཞིག་གིས་རྒྱུ་ནོར་དཔལ་འབྱོར་སྒྲུབ་ཡ་ཞིག་དང་། མིང་གྲགས་དང་འགྲན་རྩོད་ཁོ་ནའི་རྣམ་པའི་ཐོག་ལ་འཇུག་སྡོད་པ་ཞིག་ཆགས་སྡོད་ཀྱི་ཡོད་རེད། བྱས་ཙང་དེང་རབས་ཀྱི་ཀུན་སྤྱོད་དེ་དེ་འདྲ་ཞིག་ཐོག་ལ་ཕལ་ཆེར་འགྲོ་བཞིན་པ་འདྲ་པོ་མཐོང་གི་འདུག

གསུམ་པ། འོ་ན་དེང་རབས་ཀྱི་ཀུན་སྤྱོད་དེ་དང་འབྲེལ་བའི་དཀའ་རྙོག་ག་རེ་ཡོད་རེད་ཅེ་ན། དེ་རིང་ཁ་སང་ང་རང་ཚོས་འཚོ་གནས་བྱེད་ས་འདི་ལ་། ས་མཚམས་ཆུ་མཚམས་འདྲ་བཅད་ནས་རྒྱལ་ཁབ་ཕན་ཚུན་བར་ལ་ས་རྩོད་དང་། ཆུ་རྩོད། གནམ་རྩོད་སོགས་དང་། དེའི་ཐོག་ནས་ཕན་ཚུན་དམག་འཁྲུག་གིས་དོན་མེད་མི་སེར་མང་པོ་ཞིག་གི་ལུས་སྲོག་ལ་གནོད་འཚེ་བྱེད་པ། དེ་དང་དེ་མཚུངས་ལྟ་གྲུབ་དང་ཤ་མདོག་སོགས་མི་འདྲ་རྒྱུ་མཚན་ཙམ་བཟུང་ནས་ཆོས་ལུགས་ཕན་ཚུན་དང་མི་རིགས་ཕན་ཚུན་བར་མཐོང་ཆུང་དང་ཁྱད་གསོད་བརྙས་བཅོས་དང་གསོད་རེས་ཀྱི་ཡ་ང་བའི་གནས་ཚུལ་གྱི་ཇི་རྙེད་ཅིག་བྱུང་དང་འབྱུང་བཞིན་པ་རེད། དེ་བཞིན་དུ་རྒྱལ་ཁབ་ནང་ལོག་ཡིན་ན་ཡང་མངའ་སྡེ་ཕན་ཚུན། ལུང་པ་ཕན་ཚུན། ཁྱིམ་མཚེས་ཕན་ཚུན། དེའི་ནང་ནས་ཀྱང་ནང་མི་ཕན་ཚུན། དེ་བས་ཀྱང་ཕ་མ་བུ་རྒྱུད་ཀྱི་བར་ལ་རྒྱུ་ནོར་སོགས་ཀྱི་རྩོད་རྙོག་དང་གསོད་རེས་མཚོན་པའི་བྱ་བ་ངན་པ་སྣ་ཚོགས་ཞིག་དེ་རིང་ཁ་སང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ང་རང་ཚོས་མཐོང་ཆོས་སུ་ཡོད་བཞིན་པ་དེ་རེད། དེ་དག་ཚང་མ་དུས་རབས་འདིར་མིའི་བཟང་སྤྱོད་ཉམས་ཆག་སོང་བའི་དབང་གིས་ཡོང་བ་ཤ་སྟག་རེད། དེ་ནི་ང་རང་ཚོ་ནང་བཅུད་ཀྱི་སེམས་ཅན་ཐོག་དཀའ་རྙོག་ཅིག་རེད།

དེ་བཞིན་དུ་ཕྱིའི་འཁོར་ཡུག་གི་ཆ་ནས་བསམ་བློ་ཞིག་གཏོང་པ་ཡིན་ན་ཡང་། དེ་རིང་ཁ་སང་ཁོར་ཡུག་ཧ་ཅང་གི་ཉམས་ཆག་འགྲོ་བཞིན་པ་རེད། གོ་ལའི་ཚ་དྲོད་ཧ་ཅང་འཕར་འགྲོ་གིན་འདུག་ཟེར་བ་འདྲ་པོ། འཛམ་གླིང་འདི་ལ་སེམས་འཁུར་ཡོད་པའི་མཁས་དབང་དང་གནད་ཡོད་མི་སྣ་ཚོས་དུས་རྒྱུན་དུ་སེམས་འཚབ་བྱས་དང་བྱེད་བཞིན་པ་དང་སྡུག་སྐད་རྒྱབ་དགོས་པ་ཞིག་ཆགས་ཀྱི་ཡོད་རེད།  དེ་དག་ཀྱང་མིའི་འདོད་རྔམས་ལ་བརྟེན་པའི་སྤྱོད་ཚུལ་ངན་པ་དེ་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད་རེད། མིའི་འདོད་རྔམས་གྱིས་ཚད་ལས་རྒལ་བའི་བཟོ་གྲྭ་མང་པོ་འཛུགས་པ་དང་གཏེར་ཁ་སྔོག་འདོན། རྡུན་ཕྲན་དང་རྫས་ངན་རིགས་མང་པོ་བཟོ་སྐྲུན་བྱས་པ་སོགས་ལ་བརྟེན་དེ་རིང་ཁ་སང་སྔར་དང་མི་འདྲ་བ་ས་ཡོམ་དང་། ཆུ་ལོག རླུང་འཚུབ། མེའི་འཇིགས་པ་ལ་སོགས་དང་། ཡང་ཚ་སར་ཚ་དྲགས་པའི་དཀའ་ངལ་དང་། གྲང་སར་གྲང་དྲགས་པའི་དཀའ་ངལ། དེ་བཞིན་དུ་ཁ་ཤས་ལ་ཆུ་མང་དྲགས་པའི་དཀའ་ངལ། ལ་ལ་ཆུ་ཉུང་དྲགས་པའི་དཀའ་ངལ་སོགས་གོ་ལ་འདིའི་ཁོར་ཡུག་ཧ་ཅང་གི་ཉམས་ཆག་སོང་ནས། མཐའ་ན་རྩི་ཤིང་ཡན་ཆད་ཧ་ཅང་གི་ཉུང་ཉུང་ཆགས་འགྲོ་ཡི་ཡོད་པའི་གནས་སྟངས་ཆགས་ཡོད། དེ་འདྲ་ཡིན་དུས་ཕྱིའི་ཁོར་ཡུག་ཉམས་ཆག་དེ་ལ་བརྟེན་ནས་ནང་བཅུད་ཀྱི་སྲོག་ལྡན་ཚོར་ནད་ཡམས་འདྲ་མིན་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་པ་དེ་རེད། མ་ཟད་སྔར་དང་མི་འདྲ་བར་བཅོས་སུ་མེད་པའི་ནད་ངན་རིགས་ཧ་ཅང་མང་པོ་སྤང་ལས་ཤ་མོ་རྡོལ་བ་བཞིན་འབྱུང་གི་ཡོད་པ་འདི་རེད། བྱས་ཙང་དཀའ་རྙོག་དེ་ཚོ་ཕལ་ཆེ་བ་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་དང་འབྲེལ་བའི་དཀའ་རྙོག་རེད།

བཞི་པ། འོ་ན་དེ་ལྟ་བུའི་བཟང་སྤྱོད་ཉམས་ཆག་དང་དེ་དང་འབྲེལ་བའི་དཀའ་རྙོག་ཡོང་སའི་གཞི་འདྲ་པོ་དེ་ག་འདྲ་ཞིག་རེད་ཅེས་ཟེར་བ་ཡིན་ན། ང་རང་གི་བསམ་ཚུལ་འདྲ་པོ་ཞིག་ཞུས་པ་ཡིན་ན། གཙོ་བོ་དེ་ང་རང་ཚོ་མི་ལ་རང་ཆས་སུ་ཡོད་པའི་བྱམས་བརྩེ་དང་བཟོད་བསྲན་འདྲ་བོ་ཡོད་པ། དཔེར་ན་ང་རང་ཚོ་བྱིས་པའི་དུས་ནས་ཕ་མ་ལ་བརྩེ་བ་དང་། དེ་བཞིན་དུ་ཕ་མ་ལ་བཟོད་བསྲན་འདྲ་པོ་ཞིག་ང་ཚོ་ལ་ཡོད་རེད། དེ་སུ་གང་གིས་ཀྱང་བསླབ་མི་དགོས་པར་རང་ཆས་སུ་ཡོད་པ་ཞིག་རེད། དེ་འདྲའི་ང་རང་ཚོའི༷་མིའི་རིན་ཐང་དེ་ཡར་རྒྱས་འགྲོ་བའི་ཚབ་ཏུ། དེ་ལས་ལྡོག་ཏེ་འདོད་རྔམས་དང་འཚེ་བའི་བསམ་པ་ལ་སོགས་པ། མདོར་ན་རང་གཞན་གྱི་རྒྱུད་འཁྲུག་བྱེད་མ་རབས་ཀྱི་བསམ་བློ་འདྲ་པོ་དེ་ཤུགས་ཆེ་རུ་དང་གོང་འཕེལ་དུ་ཕྱིན། དེ་ལ་བརྟེན་ནས་བཟང་སྤྱོད་རིགས་ཉམས་ཆག་འགྲོ་བ་དང། ངན་སྤྱོད་རིགས་གོང་འཕེལ་དུ་སོང་ནས་འཛམ་གླིང་འདིའི་ནང་དུ་དཀའ་རྙོག་མང་པོ་ཞིག་ཡོང་སྡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད།

དེས་ན་མིའི་ཀུན་སྤྱོད་ངན་པ་དེ་ཡང་ནང་བསམ་བློ་ངན་པ་ཞིག་ལས་བྱུང་བ་དང་། བསམ་ངན་དེ་ཡང་གང་ལས་འབྱུང་བ་དང་ཇི་ལྟར་གོང་འཕེལ་དུ་འགྲོ་བ་ནི། ཕྱི་རོལ་ནས་གཞན་གྱིས་ཤུགས་རྐྱེན་དང་། གཞན་གྱིས་གནོན་ཤུགས་འདྲ་པོ་ཞིག་ལ་རག་ལས་པ་དང་དེ་དག་དང་ཧ་ཅང་གིས་འབྲེལ་བ་ཆེན་པོ་ཡོད་པ་ཞིག་མཐོང་གི་འདུག གང་ཡིན་ཟེར་ན་ཕ་མ་དང་དགེ་རྒན་གཙོས་པའི་སྤྱི་ཚོགས་ནང་གི་སློབ་གསོ་བ་ཚོས་སློབ་གསོ་དང་སློབ་སྦྱོང་སྤྲོད་སྟངས་བཅས་ཀྱི་ཐོག་འཐུས་ཤོར་ཆེན་པོ་ཤོར་བ་དང་། གཞན་ལ་ཁ་མིག་ཡ་བལྟ་བྱེད་ས་ཧ་ཅང་དཀོན་པ་སོགས་རྐྱེན་གྱིས་ཡིན་པ་ཚོར་གྱི་འདུག གོང་དུ་ཞུས་པ་བཞིན་རེད། ཤེས་ཡོན་དང་སྤྱི་སྒེར་གང་གི་ལས་དོན་བྱ་བ་གང་འདྲ་ཡིན་ན་ཡང་དེ་དག་ཕལ་ཆེ་བ་གཞན་གྱི་སློབ་གསོའི་ཤུགས་རྐྱེན་འདྲ་པོ་ཞིག་གིས། གཞན་འབུར་འཇོམས་བྱེད་ཡ་འདྲ་པོ་དང་། ཕྱི་དངོས་པོའི་དཔལ་འབྱོར་ཁོ་ནའི་ཆ་རྐྱེན་དུ་སྒྲུབ་ཀྱི་ཡོད་པ་འདྲ་བོ་རེད་འདུག  དཔེར་ན་ཕ་མ་མང་པོ་ཞིགགིས་རང་གི་ཕྲུ་གུ་ལ་ཐོག་མ་སློབ་སྦྱོང་བྱེད་ཕྱོགས་ཀྱི་ཐོག་ལ་སློབ་གསོ་ཞིག་སྤྲོད་ཡོང་དུས་ནས། ཁྱོད་ཀྱིས་སློབ་སྦྱོང་བྱེད་དགོས་ཀྱི་རེད། ཁྱེད་ཀྱིས་སློབ་སྦྱོང་མ་བྱེད་པ་ཡིན་ན་མ་འོངས་པར་ཁྱེད་རང་མི་གཞན་དང་འདྲ་མཉམ་བྱེད་ནས་འགྲོ་མི་ཐུབ་པར་ཁྱེད་རང་རྗེས་ལུས་ཐེབས་ཀྱི་རེད་ཟེར་བ་འདྲ་བོ་དང། ཡང་ན་ཁྱེད་རང་མི་གཞན་ལས་ལྷག་པ་ཞིག་བྱེད་དགོས་ཀྱི་རེད། དེ་མ་བྱེད་པ་ཡིན་ན་ཁྱེད་རང་མི་གཞན་དང་ཁྱད་མེད་དུ་འགྱུར་གྱི་རེད། ཡང་ན་ཁྱེད་རང་གིས་སློབ་སྦྱོང་བྱེད་དགོས་ཀྱི་རེད། གང་ལགས་ཟེར་ན། མ་འོངས་པ་ན་ཁྱེད་རང་ལ་དཔལ་འབྱོར་དགོས་ཀྱི་ཡོད་རེད། རྒྱུ་ནོར་དཔལ་འབྱོར་མེད་པ་ཡིན་ན་མི་ཚེར་བདེ་སྐྱིད་མི་འབྱུང་བ་དང་མིའི་གཞན་དབང་དུ་འགྲོ་བ་ལས་རང་དབང་ཡང་མེད་པ་དང་། གལ་ཏེ་རྒྱུ་ནོར་དཔལ་འབྱོར་ཡོད་ན་ག་རེ་བྱེད་བྱེད་རེད་ཟེར་བ་ལྟ་བུའི་དེ་འདྲའི་སློབ་གསོ་སྤྲོད་པ་དང་། གང་ལྟར་ཡང་རྒྱལ་ཁབ་སོ་སོ་ཡིན་ནའང་རང་གི་མི་སེར་རྣམས་ལ་སློབ་གསོ་སྤྲོད་སྟངས་དེ་སོ་སོའི་རྒྱལ་ཁབ་འདི། དཔལ་འབྱོར་དང་། འཕྲུལ་རིག་ལག་རྩལ་དང་འཕྲུལ་འཁོར་ཡིན་ན་རེད། རྡུལ་ཕྲན་མཚོན་ཆའི་གཙོས་གོ་ལག་ཆ་སོགས་གང་ཅི་ཐད་ནས་འཛམ་གླིང་གི་ནང་དུ་འབུར་དུ་ཐོན་པ་ཞིག་དང་། རྒྱལ་ཁབ་གཞན་པ་ཚོ་ལས་ཁྱད་དུ་འཕགས་པ་བཟོ་རྒྱུ་ཞིག་གི་ཆེད་དུ་སློབ་གསོ་སྤྲོད་སྡོད་པ་འདྲ་པོ་རེད། དེ་འདྲ་ཞིག་གི་ཐོག་ནས་གཞོན་སྐྱེས་ཚོ་ལ་གཞན་ལས་རང་གཙོ་ཆེར་བཟུང་བའི་བསམ་པ་དེ་ཤུགས་ཆེན་པོ་ཞིག་སྤེལ་གྱི་ཡོད་པ་དང་། སོ་སོ་གཅིག་པོའི་ཁེ་ཕན་གྱི་བསམ་བློ་ཞིག་དང་། ཡང་ན་ཁོ་རང་གི་རྒྱལ་ཁབ་དང་མི་རིགས་སྤྱི་ཚོགས་དེ་ཁོ་ནའི་ཁེ་ཕན་གྱི་བསམ་བློ་ཆུང་ཆུང་ཞིག་རྒྱ་བསྐྱེད་དེ་དེ་ལ་བརྟེན་ནས་མི་རིགས་དང་སྤྱི་ཚོགས་གཞན་ལ་བརྩི་མཐོང་མེད་པ་དང་བརྙས་བཅོས་སོགས་སྤྱོད་ཚུལ་ངན་པ་ཤུགས་ཆེན་པོ་དེ་འདྲ་ཡོང་གི་མེད་འགྲོ་སྙམ། བསམ་ཚུལ་དེ་འདྲ་ཞིག་གི་ཐོག་ནས་མ་འོངས་པར་གཞོན་སྐྱེས་ཚོ་ཤེས་ཡོན་ཅན་ཞིག་ཆགས་པ་ཡིན་ན་ཡང་རེད། རྒྱུ་ནོར་ཅན་ཞིག་ཆགས་པ་ཡིན་ན་ཡང་འདྲ། ཡང་ན་ཆབ་སྲིད་པ་དང་། འཛམ་གླིང་གི་རྩེ་ཕུད་ཀྱི་རྩེད་འགྲན་པ་སྙན་གྲགས་ཆེན་པོ་ཞིག་ཆགས་པ་ཡིན་ན་ཡང་རེད། ག་འདྲ་ཞིག་ཆགས་པ་ཡིན་ན་ཡང་འཛམ་གླིང་སྤྱི་ཡོངས་ལ་ཕར་བཞག སོ་སོའི་རྒྱལ་ཁབ་ཀྱི་ནང་དུ། སོ་སོའི་སྤྱི་ཚོགས་ཀྱི་ནང་དུ་ཡང་ཕན་ཐོགས་ངེས་ཅན་ཞིག་ཡོང་ཁག་པོ་རེད།  ཁོ་རང་ལ་ཡང་དོན་དམ་པའི་སེམས་ཀྱི་ཞི་བདེ་ཞིག་ཡོང་ཁག་པོ་རེད། གང་ཡིན་ཟེར་ན། ཐོག་མའི་ཀུན་སློང་གི་བསམ་པ་དེ་མ་དག་པ་ཞིག་ཡིན་དུས། དེ་ལ་བརྟེན་ནས་དོན་དམ་པའི་འབྲས་བུ་བཟང་པོ་ཞིག་དང་ཕན་ཐོགས་མཁན་ཞིག་མི་ཡོང་བ་ནི། འབྲས་བུ་རྒྱུའི་རྗེས་སུ་འགྲོ་དགོས་པའི་ཆོས་ཉིད་ཅིག་ཆགས་སྡོད་ཡོད་རེད། བྱས་ཙང་ཐོག་མའི་ཀུན་སློང་དེ་མ་དག་པ་ཡིན་དུས། མ་འོངས་པར་དཔལ་འབྱོར་ཆེན་པོ་ཞིག་ཆགས་པ་ཡིན་ན་ཡང་། དེས་སྤྱི་ཚོགས་ཀྱི་ནང་དུ་གཉའ་གནོན་དང་བཤུ་གཞོག་གཏོང་བྱེད་ལྟ་བུ་དང་། ཤེས་ཡོན་གྱི་ཐོག་ནས་ཆབ་སྲིད་མཁས་ཅན་ལྟ་བུ་ཞིག་ཆགས་པ་ཡིན་ན་ཡང་ཆབ་སྲིད་དེས་མི་མང་གི་བདེ་བ་སྒྲུབ་པ་དང་། དཀའ་ངལ་སེལ་རྒྱུའི་ཚབ་ཏུ་མི་མང་དབང་བསྒྱུར་བྱེད་ཡ། མི་མང་བེད་སྤྱད་ནས་སྤྱི་ཚོགས་ཀྱི་ནང་དུ་བརྡབ་གསིག་གཏོང་བ་མཚོན་པའི་སོ་སོའི་དཔལ་འབྱོར་ཁོ་ན་འདུ་འགོད་བྱེད་ས་ཡིན་པའི་བཟོ་འདྲ་ཞིག་གིས། ལྐོག་ཟ་རུལ་སུང་ལ་སོགས་པའི་བྱ་བ་ངན་པ་མང་པོ་ཞིག་སྒྲུབ་སྡོད་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་རེད། དེ་མ་ཟད་མིང་གྲགས། འགྲན་སེམས་དང་རྒྱུ་ནོར་སོགས་ཁོ་ནའི་ཆེད་དུ་ཤེས་ཡོན་ཞིག་སྦྱོང་དུས། དེ་ལ་བརྟེན་པའི་དྭོགས་པ་རྣམ་རྟོག་མང་པོ་ཞིག་སླེབས་ཡ་དང་། དེའི་ཐོག་ཏག་ཏག་ཅིག་འགྲོ་མ་ཐུབ་པ་དེས་སེམས་ལ་འཇིགས་སྣང་དང་སྔངས་སྐྲག སེམས་སྡུག་མང་པོ་ཞིག་སླེབས་སྡོད་པ། དེ་ལ་བརྟེན་ནས་ཆང་རག་ཚད་མེད་བཏུང་སྡོད་པ། བཟི་སྨན་སྤྱོད་པ་དང་། རྒྱུ་ནོར་དཔལ་འབྱོར་དང་ཐོབ་གོ་ས་སོགས་ཀྱི་ཆེད་དུ་རྫུན་བཤད་པ། དེ་བཞིན་དུ་རྐུ་མ་དང་ཇག་པ་རྒྱབ་པ་སོགས་སྤྱོད་ངན་རིགས་མང་པོ་ཞིག་བྱུང་བ་དང་། དེ་དག་ཐམས་ཅད་ཀྱང་མཐར་གཏུགས་ན་ཐོག་མའི་ཀུན་སློང་གི་བསམ་པ་དེ་མ་འགྲིག་པའི་དབང་གིས་རེད་སྙམ། དེ་ལྟ་བུའི་ཀུན་སློང་གི་བསམ་པ་ངན་པ་དེ་ཕྲུ་གུ་ཆུང་དུས་ནས་ཡོད་པ་ཞིག་རེད་དམ་ཞེ་ན། རྩ་བ་ནས་མ་རེད། གཞི་རྩའི་ཆ་ནས་བག་ཆགས་འདྲ་པོ་ཞིག་ཡོད་རྒྱུ་རེད་དེ། དེ་འདྲའི་བསམ་ངན་སློང་བའམ་ཤུགས་ཆེར་སྐྱེ་རུ་འཇུག་མཁན་ལྟ་བུ་དེ་ཕ་མ་དང་དགེ་རྒན། གྲོགས་པོ། ཉེ་འཁོར་བ་ཚོའི་ཤུགས་རྐྱེན་དང་སློབ་གསོ་སྤྲོད་སྟངས་དབང་གིས་དང་དེ་དག་ཤུགས་རྐྱེན་གྱིས་ཡོང་གི་ཡོད་འགྲོ་བསམ་གྱི་འདུག །གང་ལྟར་ཡང་རྐྱེན་རྩ་གཙོ་བོ་འདྲ་པོ་དེ་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་བསམ་བློ་དང་། བཟོད་བསྲན་འདྲ་པོ་ཞིག་གཏན་ནས་མེད་པར་མི་སྒེར་སོ་སོ་ཡིན་ནའང་རེད། རྒྱལ་ཁབ་ཕན་ཚུན། མི་རིགས་དང་ཆོས་ལུགས་ཕན་ཚུན་ཡིན་ན་རེད། ཕན་ཚུན་གནོད་པའི་བྱ་བ་ཆུང་ཙག་ཞིག་བྱུང་བ་ཡིན་ན་ཡང་གཅིག་ལ་གཅིག་ལན་དང་གཉིས་ལ་གཉིས་ལན་བྱས། དེ་འདྲའི་གནས་སྟངས་དེ་ཤུགས་ཆེ་རུ་འགྲོ་ཡོང་དུས་འཛམ་གླིང་འདིའི་ནང་དུ་མི་གསོད་ཁྲག་སྦྱོར་མཚོན་པའི་དཀའ་ངལ་མང་པོ་ཞིག་ཡོང་བཞིན་པ་དེ་རེད། མདོར་ན་རང་གཅིག་པུའི་བསམ་བློའི་ངན་པ་དེ་ཡང་ཐུག་ས་་གོང་དུ་ཞུས་པ་བཞིན་ཕྱིའི་འཁོར་ཡུག་ལ་ཧ་ཅང་འབྲེལ་བ་ཆེན་པོ་ཞིག་ཡོད་ས་རེད་བསམ་གྱི་འདུག

ལྔ་པ། འོ་ན་དཀའ་རྙོག་དེ་དག་སེལ་ཐབས་ག་འདྲ་ཞིག་དགོས་འདུག་ཞུ་ན། གོང་དུ་ཞུས་པ་བཞིན་རྒྱལ་ཁབ་ཡིན་ན་ཡང་རེད། སྤྱི་ཚོགས་ཡིན་ན་ཡང་རེད། སུ་འདྲ་ཞིག་ཡིན་ན་ཡང་བསམ་བློའི་སློབ་གསོ་བའི་མི་སྣ་དང་དགེ་རྒན། ལྷག་པར་དུ་ཕ་མ་ཚོ་ཤིན་ཏུ་ནས་གལ་ཆེན་པོ་ཞིག་རེད། ཕྲུ་གུ་ཆུང་ཆུང་གི་སྐབས་སུ་སློབ་གསོའི་ཁྱད་པར་གྱིས་ཕྲུ་གུ་ཆེན་པོའི་གནས་སྐབས་སུ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དེ་གསལ་པོ་ཆགས་སྡོད་ཡོད་པ་སོང་ཙང་ཕ་མ་གཙོས་པའི་སྤྱི་ཚོགས་སློབ་གསོ་བ་ཚོས་ཕྲུ་གུ་ལ་རང་ཆས་སུ་ཡོད་སྡོད་པའི་བྱམས་བརྩེ་དང་བཟོད་བསྲན་དེ་ཚོ་གྲས་དེ་ཡར་གོང་འཕེལ་དུ་གཏོང་བའི་ཐབས་ལམ་ཞིག་བསྟན་རྒྱུ་དང་། དཔེར་ན་ང་ཚོ་བོད་པ་ལྟ་བུ་ལ་ཆ་མཚོན་ན། སྔོན་གྱི་རྒན་རབས་ཚོའི་གནས་སྐབས་སུ་སྲོལ་བཟང་ཡོད་པ་ནི། རང་རང་གི་བུ་རབས་ཚ་བརྒྱུད་ཚོ་ལ་ཞར་དང་ཞོར་དུ་རྒྱུ་འབྲས་དགེ་སྡིག་གི་བླང་དོར་གྱི་གནས་ལ་སློབ་གསོ་ཡང་ནས་ཡང་དུ་གནང་སྲོལ་ཡོད་པ་རེད། ཡང་སྙིང་རྗེ་དང་བྱམས་པ་ལྟ་བུ་དང་། དེ་བཞིན་དུ་འདི་བྱེད་ན་དགེ་བ་རེད་ཟེར་བ་དང་། འདི་བྱེད་ན་མི་དགེ་བ་རེད་ཟེར་བ་ལྟ་བུ་དང་། ཡང་དེ་འདྲ་བྱེད་རྒྱུ་ཡོད་མ་རེད་སེམས་ཅན་ལ་གནོད་འཚེ་ཐེབས་ཀྱི་རེད་ཟེར་བ་ལྟ་བུ། ཐ་ན་ལམ་ཁ་ནས་འབུ་ཞིག་མཐོང་བ་ཡིན་ན་ཡང་དེ་སྐྱབས་དགོས་པ་སོགས་ཀྱི་ཐོག་སློབ་གསོ་སྤྲོད་པའི་ལུགས་སྲོལ་ཞིག་ང་ཆུང་ཆུང་གི་སྐབས་སུ་ནི་འདུག མི་རིགས་གཞན་ལའང་དེ་ལྟར་ཡིན་གྱི་རེད། དེ་ལྟ་བུ་དེང་སང་གི་ཕ་མ་ཚོར་ཡོད་མེད་མི་ཤེས། དེས་ན་ཕ་མ་ཚོས་ཕྲུ་གུ་ཚོ་ཆུང་ཆུང་ཡིན་པའི་གནས་སྐབས་ནས་གཞན་བརྟེན་གྱི་བསམ་བློའི་སློབ་གསོ་སྤྲོད་རྒྱུ་དང་། དཔེར་ན་ང་རང་ཚོ་ལ་བདེ་སྐྱིད་ག་འདྲ་ཞིག་དང་ཕྱིའི་དངོས་པོ་བཟང་པོ་ག་འདྲ་ཞིག་ཐོབ་པ་ཡིན་ན་ཡང་། གཞན་ལ་བརྟེན་ནས་ཡོང་དགོས་པ་མ་གཏོགས་རང་རང་སོ་སོ་གཅིག་པུས་ཡོང་མི་ཐུབ་པ་རེད། དེར་བརྟེན་གཞན་བརྟེན་གྱི་བསམ་བློ་ཞིག་བསྐྲུན་གང་ཐུབ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། བསམ་པ་དེ་ནི་ང་ཚོ་ནང་པའི་གཞུང་ནས་བཤད་སྟངས་བྱེད་པ་ཡིན་ན་རྟེན་འབྱུང་ལྟ་གྲུབ་ཀྱི་ནང་དུ་བསྡུ་བ་རེད། གཞན་ལ་གནོད་ཚེ་ལྡོག་པའི་སྤྱོད་ཚུལ་དེ་སྤྱོད་པ་འཚེ་བ་མེད་པར་བསྡུ་བ་རེད། མདོར་ན་བདེ་སྡུག་ག་འདྲ་ཞིག་བྱུང་བ་ཡིན་ན་ཡང་རྒྱུ་ལ་བརྟེན་ནས་ཡོང་དགོས་པ་ཞིག་དང་། གཞན་ལ་བརྟེན་ནས་ཡོང་དགོས་པ་ཡིན་པས་འབྲས་བུ་བཟང་པོ་ཞིག་ཡིན་ན་དེ་ལ་རྒྱུ་བཟང་པོ་ཞིག་ཡོད་དགོས་པ་དང་དེ་མེད་ན་ཡོང་རྒྱུ་མེད་པ་ཞིག་རེད། དཔེར་ན་འབྲས་ཀྱི་མྱུ་གུ་སྐྱེ་བ་ལ་འབྲས་ཀྱི་ས་བོན་ཞིག་དགོས་ཀྱི་ཡོད་རེད་མ་གཏོགས། ནས་ཀྱི་ས་བོན་ལ་བརྟེན་ནས་ཡོང་རྒྱུ་མེད་པའི་གནས་སྟངས་ཤིག་གིས། འབྲས་བུ་ག་འདྲ་ཞིག་ཡིན་ན་ཡང་རང་དང་མཐུན་པའི་རྒྱུ་ཞིག་ལས་བྱུང་དགོས་པར་སོང་ཙང་། འབྲས་བུ་བདེ་སྡུག་གམ་བཟང་ངན་དེ་རྒྱུ་བཟང་ངན་གྱིས་ཁྱད་པར་ལས་བྱུང་བ་དང་། དེ་ཡང་སྡུག་བསྔལ་དེ་གཞན་ལ་གནོད་པའི་བྱ་བ་ཞིག་གི་སྟེང་ནས་བྱུང་བ་དང་། བདེ་བ་དེ་གཞན་ལ་ཕན་པར་བྱེད་པའི་རྒྱུ་ཞིག་དང་འབྲེལ་ནས་བྱུང་བ་ཡིན་ཞིང་། ང་རང་ཚོ་སུ་ཡིན་ན་ཡང་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པས། བདེ་བ་དེ་ཐོབ་པ་ལ་དེའི་རྒྱུ་བསྒྲུབ་དགོས་པ་དང་། སྡུག་བསྔལ་དེ་མེད་པར་བཟོ་བ་ལ་དེའི་རྒྱུ་དེ་མེད་པ་བཟོ་དགོས་པ་ཞིག་ཡིན་དུས། ཕ་མ་ཚོས་རང་གི་ཕྲུ་གུ་ཆུང་ཆུང་ཡིན་པའི་གནས་སྐབས་ནས་རྒྱུ་འབྲས་རྟེན་འབྱུང་གི་རྣམ་བཞག་དང་། གཞན་ལ་བརྟེན་དགོས་པའི་བསམ་བློ། གཞན་ལ་ཕན་སེམས་བཅས་བསྐྲུན་གང་ཐུབ་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། དེ་བཞིན་དགེ་རྒན་ཚོ་ཡིན་ན་ཡང་དགེ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་དེ་གཙོ་བོ་མི་ཚེ་འདི་གའི་བདེ་སྐྱིད་ཀྱི་ཆེད་དུ་སྤྲོད་ན་ཡང་འགྲིག་གི་རེད་དེ། ཡིན་ན་ཡང་གཞན་ལ་འགྲན་པའི་ཕྱིར་རམ་རྒྱུ་ནོར་དཔལ་འབྱོར་ཁོ་ནའི་ཆེད་དུ་མ་ཡིན་པར་སློོབ་སྦྱོང་དང་མཉམ་དུ་རང་ཉིད་ཀྱི་བདེ་སྐྱིད་སོགས་ལེགས་ཚོགས་གང་ཡིན་ཡང་གཞན་ལ་བརྟེན་ནས་ཡོང་དགོས་པའི་སློབ་གསོ་བཟང་པོ་སྤྲོད་དགོས་པར་དགེ་མཚན་ཆེན་པོ་ཡོད་པར་མཐོང་། དེ་བཞིན་དུ་རྒྱལ་ཁབ་སོ་སོ་ཡིན་ན་ཡང་ཡ་རབས་བཟང་སྤྱོད་དེའི་སྒང་ལ་ཤུགས་རྐྱེན་ཐེབས་པ་ཞིག་བྱེད་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་དང་། ལྷག་པར་དམག་འཁྲུག་གི་དུས་རབས་འདིར་བཟོད་སྒོམ་ནི་ཧ་ཅང་གི་གལ་ཆེན་ཞིག་མཐོང་གི་འདུག གང་ལགས་ཞུ་ན། འགྲོ་བ་མིའི་ཞེ་སྡང་གིས་བསྐྲུན་པའི་འཇིག་རྟེན་འདིའི་དམག་འཁྲུག་དེ་འགྲོ་བ་མི་རང་ཉིད་ཀྱིས་མེད་པར་བཟོ་དགོས་པ་མ་གཏོགས་གཞན་གང་གིས་ཀྱང་མི་ནུས། གལ་སྲིད་དེ་མེད་པར་མ་བཟོ་བར་དེ་མུར་ལུས་ན། ནམ་ཞིག་དམག་འཁྲུག་དེས་ཚུར་སྣོད་བཅུད་ཡོངས་རྫོགས་རྩ་མེད་དུ་གཏོང་ངེས་པ་རེད། དཔེར་ན་ཤིང་ལས་སྐྱེས་པའི་སྲིན་འབུས་ཤིང་བཟོས་པ་བཞིན་འགྱུར་ངེས་རེད། འོ་ན་དམག་འཁྲུག་སེལ་ཐབས་ཅི་ཡོད་ཅེ་ན། ཐབས་ལམ་ཡག་ཤོས་ནི་བཟོད་པ་རེད། རྒྱུ་མཚན་ནི་དམག་འཁྲུག་ནི་ཁོང་ཁྲོ་ལ་བརྟེན་ནས་བྱུང་བ་དང་། བཟོད་པ་ནི་ཁོང་ཁྲོའི་བཉེན་པོ་ཡིན་པས། དཔེར་ན་མེ་གསོད་བྱེད་ཆུ་མཆོག་ཡིན་པ་བཞིན་དུ་ཞེ་སྡང་གི་མེ་ལྕེ་འཇོམ་པ་ལ་བཟོད་པའི་ཆུ་བོ་དེ་ལས་ལྷག་པ་ཞིག་མེད། དེར་བརྟེན་ང་རང་ཚོས་ཕུགས་ཀྱི་ཁེ་ཕན་འཛམ་གླིང་འདིའི་མཐུན་འབྲེལ་དང་ཞི་བདེ་ལ་བསམ་ནས་གནས་སྐབས་བཟོད་བསྲན་བསྟེན་རྒྱུ་ཧ་ཅང་གལ་ཆེ། ལྷག་པར་དུ་དེང་གི་འཇིག་རྟེན་འདི་ཁ་ལོ་སྒྱུར་མཁན་ཐོབ་གོ་ས་ཡོད་པའི་དཔོན་རིགས་དང་། རྒྱུ་དངོས་པོ་ཡོད་པའི་འབྱོར་ལྡན། རྣམ་དཔྱོད་དང་ལག་བརྩལ་ཡོད་པའི་འཕྲུལ་ལས་མཁས་ཅན་ཚོར་གཞན་ལ་བྱམས་བརྩེ་དང་བཟོད་སྒོམ་དང་དཀྱེལ་ཡངས་དགོས་པ་ནི་ཤིན་ཏུ་ནས་གལ་ཆེའོ།

མཐའ་དོན་ཞུ་རྒྱུ་ནི། གོ་ལ་འདིའི་སྒང་གི་སྲོག་ལྡན་ཡོད་དོ་ཅོག་རང་ཉིད་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པ་དང་། ས་ཆེན་པོ་འདི་ནི་གོ་ལ་འདིའི་སྒང་གི་སྲོག་ལྡན་ཡོངས་རྫོགས་ལ་ཐོབ་ཐང་འདྲ་མཉམ་ཡིན་པར་མ་གཏོགས་ད་ལྟའི་དུས་རབས་འདིའི་འགྲོ་བ་མིའི་རིགས་གཅིག་པུར་མི་དབང་། དེར་བརྟེན་ང་ཚོས་སོ་སོའི་བདེ་སྡུག་གི་མྱོང་ཚོར་ལ་དཔག་ནས་གཞན་གྱི་ལུས་སྲོག་ལ་བརྩི་མཐོང་གནང་རོགས་ཞུ་རྒྱུ་དང། མ་ཟད་མི་རབས་རྗེས་མ་རྣམས་ལ་ཡང་ཐུགས་བསམ་བཞེས་ནས་བཟའ་བཏུང་གྱོན་གོས་སོགས་འཚོ་བའི་ལོངས་སྤྱོད་གང་གི་ཐད་ལའང་ངེས་པར་དུ་ཚོད་འཛིན་དང་གོ་ལ་འདི་ལ་གཅེས་སྤྲས་གནང་རོགས། ལྷག་པར་རང་ཅག་གི་ཚེ་སྲོག་ཡུན་གནས་དང་ལུས་སེམས་བདེ་ཐང་འདོད་ཚེ། ཁོར་ཡུག་འདི་བདག་སྐྱོང་ངེས་པར་དུ་གནང་དགོས། དེའི་འགན་འཁྲི་ཡང་ང་ཚོ་མི་རེ་ངོ་རེ་ལ་ཡོད་པ་ཤེས་དགོས། ཐུགས་རྗེ་ཆེ། སེར་བྱེས་དགེ་བཤེས་ཚེ་དབང་སྟོབས་ལྡན་གྱིས་ ༢༠༡༦--༡༧ ཉིན།