མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།
དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །
དྲི་བ།༣༽སྲོག་རྣམ་སྨིན་ཁོ་ན་ཡིན་པའི་སྒྲུབ་བྱེད་ཁོད། ལན། རྩ་བར་སྲོག་ནི་རྣམ་སྨིན་ཞེས་དང་། རང་འགྲེལ་ལས་རེ་ཞིག་གཅིག་ཏུ་སྲོག་ནི་རྣམ་སྨིན་ཞེས་པ་དང་། གང་སྤེལ་ལས་རྣམ་པ་འདིས་ནི་སྲོག་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་ནོ་ཞེས་གསུངས་པས་སོ། །དྲི་བ།༤༽སྲོག་ལ་རྣམ་སྨིན་གྱིས་ཁྱབ་ན་དགྲ་བཅོམ་པ་འགར་ཚེ་བསྲིང་བ་ཡོད་པར་བཤད་པ་དང་མི་འགལ་ལམ། ལན། མི་འགལ་ཏེ། དེ་ལྟར་བཤད་པ་ནི་ཚེའི་བར་ཆད་སེལ་བ་ཙམ་ལ་དགོངས་པ་ཡིན་ཏེ། མཛོད་རྩར་གསུམ་གྱིས་རིས་ནི་འཕེན་པར་བྱེད་ཅེས་པའི་ཐད་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས་བསོད་ནམས་བསགས་པས་ཚེ་སྲིང་ལ་སོགས་པའང་བར་ཆད་སེལ་བ་ཙམ་དུ་ཟད་དོ་ཞེས་གསུངས་པས་སོ། །དེས་མཚོན་ནས་ཚེ་གཏོང་ཚུལ་བཤད་པའི་དོན་དེའང་གོ་བར་འགྱུར་རོ། །དྲི་བ།༥༽དབང་པོ་དུ་ཉིང་མཚམས་དང་པོར་སྦྱོར་བ་དང་མཉམ་དུ་སྔར་མི་ལྡན་པའི་དབང་པོ་གང་གི་ཐོབ་པ་རྒྱུད་ལ་སྐྱེས་པ་དེ་དབང་པོ་རྙེད་པའམ་ཐོབ་པའི་དོན་དང་། སེམས་ཅན་གང་དག་འཆི་འཕོས་པའི་ཚེ་སྔར་ལྡན་པའི་དབང་པོ་རྣམས་གསར་དུ་འགག་པའམ་རྒྱུད་ལ་མི་ལྡན་པར་སོང་བ་ནི། དབང་པོ་དེ་གཏོང་བའི་དོན་ནོ། །དྲི་བ།༦༽ཕན་ཚུན་ངེས་ལྡན་གྱི་དབང་པོ་གསུམ་པོ་གང་། ལན། མཛོད་རྩར་བཏང་སྙོམ་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན་ཞེས་པའོ། །དྲི་བ།༧༽ ཡིད་བདེ་ལྡན་པར་བདེ་དབང་ལྡན་ན། བསམ་གཏན་གསུམ་པའི་དངོས་གཞི་མ་ཐོབ་པར་གཉིས་པའི་སོ་སྐྱེ་ལ་མི་འཐད་པ་ཡོད་དམ། ལན། མེད་དེ། བདེ་བའི་དབང་པོ་ལ་གསུམ་པའི་དངོས་གཞིའི་ཡན་ལག་དུ་གྱུར་པའི་བདེ་བ་ཡིན་པས་མ་ཁྱབ་སྟེ། དེ་འདྲའི་གང་ཟག་གི་རྒྱུད་ལ་བསམ་གཏན་གསུམ་པའི་བདེ་བ་ཉོན་མོངས་ཅན་གྱི་ཐོབ་པ་ཡོད་པའི་ཕྱིར་ཏེ། གོང་མའི་ཉོན་མོངས་ཅན་མ་སྤངས་པ་དེ་ལ་ལྡན་པ་ནི་གྲུབ་པའི་མཐའོ་ཞེས་མཆིམས་མཆན་གྱིས་གསུངས་སོ། །དྲི་བ།༨༽ཤེས་བྱ་གཞི་ལྔ་པོ་གང་། ལན།༽གཟུགས་དང་། སེམས་དང་། སེམས་ལས་བྱུང་བ་དང་། མི་ལྡན་པའི་འདུ་བྱེད་དང་། འདུས་མ་བྱས་ཀྱི་གཞི་སྟེ་ལྔའོ། །དྲི་བ།༩༽བསགས་རྡུལ་དང་རྫས་རྡུལ་ཕྲ་བའི་མཚན་ཉིད་གང་། ལན། རྫས་རྡུལ་གཞན་འདུས་པའི་གོང་བུ་ཆུང་ཐ་དེ། བསགས་རྡུལ་དང་། བསགས་རྡུལ་ཕྲ་བའི་ཚོགས་པར་ཡོད་པའི་རྡུལ་ཕྲན་ཆ་མེད་དེ། རྫས་རྡུལ་ཕྲ་བའི་མཚན་ཉིད། དྲི་བ།༡༠༽བསགས་རྡུལ་དང་རྫས་རྡུལ་ཕྲ་བ་གཉིས་ལ་ཆེ་ཆུང་ཡོད་དམ། ལན། མེད་དེ། བསགས་རྡུལ་ཕྲ་བ་ཆེས་ཆུང་བ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས་ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆེས་ཆུང་བ་ནི་མི་མངོན་ནོ་ཞེས་གསུངས་པས་སོ། །དྲི་བ།༡༡༽རྫས་རྡུལ་ཕྲ་བའི་གོ་ས་ལ་བསགས་རྡུལ་ཕྲ་བ་ཤོང་ངམ། རྒྱུ་མཚན་ཅི། ལན། མི་ཤོང་སྟེ། ཆ་མེད་གཅིག་གི་གོ་ས་ལ་ཆ་མེད་དྲུག་གམ་བརྒྱད་ཤོང་བ་མི་སྲིད་པའི་ཕྱིར་རོ། །དྲི་བ།༡༢༽རྡུལ་ཕྲ་རབ་རྣམས་རགས་པའི་གོ་སར་གནས་ཚུལ་ཞོག ལན། རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་རེག་པར་གཅིག་ལ་དུ་མས་བསྐོར་ཞིང་བར་སྟོང་དང་བཅས་པར་གནས་སོ། །རགས་པ་རྩོམ་ཚུལ་ཡང་དེ་ལས་གཞན་མེད་དོ། །དྲི་བ།༡༣༽སེམས་སེམས་བྱུང་གི་མཚན་ཉིད་ཞོག ལན། རང་ཡུལ་གྱི་ངོ་བོ་རང་སྟོབས་ཀྱིས་འཛིན་པའི་བློ་དེ། གཙོ་སེམས་ཀྱི་དང་། སེམས་དང་མཚུངས་པ་ལྔས་མཚུངས་པར་ལྡན་པ་དེ། སེམས་བྱུང་གི་མཚན་ཉིད་དོ། །དྲི་བ།༡༤༽མཚུངས་པ་ལྔ་པོ་གང་། ལན།༽དམིགས་པ་ཡུལ་གཅིག་པ། རྣམ་པ་འཛིན་སྟངས་གཅིག་པ། རྟེན་དབང་པོ་གཅིག་པ། སྐྱེ་བའི་དུས་གཅིག་པ། རྫས་རེ་རེ་མཚུངས་པ་བཅས་ལྔའོ། །དྲི་བ།༡༥༽སེམས་ཀྱི་ས་མང་ཞེས་པའི་དོན་དང་། ཚད་ཞོག ལན། དང་པོ་ནི། རང་གང་གི་འཁོར་དུ་སྐྱེ་སའམ་སྐྱེ་ཡུལ་གྱི་སེམས་མང་བའི་ཕྱིར་ན་སེམས་ཀྱི་ས་མང་ཞེས་བརྗོད་དོ། །གཉིས་པ་རང་གི་འཁོར་ཅན་གཙོ་སེམས་ཡིན་པའི་ལྡོག་ཆ་ནས་གཙོ་སེམས་དེའི་འཁོར་དུ་སྐྱེས་པའི་སེམས་བྱུང་དེ། སེམས་ཀྱི་ས་མང་གི་ཚད་དང་། རང་གི་འཁོར་ཅན་དགེ་སེམས་ཡིན་པའི་ལྡོག་ཆ་ནས་གཙོ་སེམས་དེའི་འཁོར་དུ་སྐྱེས་པའི་སེམས་བྱུང་དེ། དགེ་བའི་ས་མང་གི་ཚད་དོ། །ཉོན་མོངས་དང་མི་དགེ་བའི་ས་མང་སོགས་ལ་དེས་མཚོན་ནས་ཤེས་པར་བྱའོ། །དྲི་བ།༡༦༽སེམས་བྱུང་རྫས་བཏགས་ཀྱི་མཚན་ཉིད་ཞོག ལན། བརྗོད་པ་སྒྲ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བློ་ཡུལ་དུ་འཆར་ཐུབ་པའི་སེམས་བྱུང་དེ་རྫས་ཡོད་ཀྱི་དང་། བརྗོད་པ་སྒྲ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་བློ་ཡུལ་དུ་འཆར་མི་ཐུབ་པའི་སེམས་བྱུང་དེ་སེམས་བྱུང་བཏགས་ཡོད་ཀྱི་མཚན་ཉིད་དོ། །དྲི་བ།༡༧༽སེམས་བྱུང་རྫས་ཡོད་དང་བཏགས་ཡོད་ཀྱི་གོ་དོན་ཞོག ལན། སེམས་བྱུང་གཞན་གྱི་ཁྱད་པར་འགའ་ཞིག་ཙམ་ལ་བཏགས་པ་མ་ཡིན་པར་རང་སྟོབས་ཀྱིས་སེམས་བྱུང་དུ་གྲུབ་པ་དེ། སེམས་བྱུང་རྫས་ཡོད་དང་། གདགས་གཞིའི་སེམས་བྱུང་རྫས་ཡོད་ཀྱི་ཁྱད་པར་འགའ་ཞིག་གི་ཆ་ལ་བཏགས་ཏེ་གདགས་གཞིའི་སེམས་བྱུང་རྫས་ཡོད་ལས་གཞན་དུ་བཞག་པའི་སེམས་བྱུང་དེ། སེམས་བྱུང་བཏགས་ཡོད་དོ། །དྲི་བ།༡༨༽མཆིམས་མཆན་དུ་རྣམ་པར་མི་འཚེ་བ་དང་རྣམ་འཚེ་གཉིས་ཞེ་སྡང་མེད་པ་དང་ཁོང་ཁྲོ་ལ་བཏགས་པར་བཤད་པ་འཐད་དམ། ལན།༽མི་འཐད་སྙམ་སྟེ། མཛོད་འདིར་སེམས་བྱུང་ཞེ་དྲུག་ཁོ་ན་བགྲངས་པ་རྫས་ཡོད་ཀྱི་དབང་དུ་བྱས་ན་རྣམ་པར་མི་འཚེ་བ་དང་རྣམ་འཚེ་གཉིས་རྫས་ཡོད་དུ་འགྱུར་ལ། རྫས་བཏགས་ཅི་རིགས་པའི་དབང་དུ་བྱས་ན་གཏི་མུག་མེད་པའི་དགེ་རྩ་སོགས་བཏགས་ཡོད་བདུན་པོ་སྐབས་འདིར་མི་འདྲེན་པའི་རྒྱུ་མཚན་མེད་པས། དེ་གཉིས་རྫས་ཡོད་ཡིན་པར་སྨྲ་དགོས་སྙམ་པས་དཔྱོད་ཅིག དྲི་བ།༡༩༽གཞུང་འདིར་བཤད་པའི་སེམས་བྱུང་རྣམས་ས་གང་ན་སེམས་བྱུང་གང་ཡོད་སྨྲོས། ལན། སྡེ་ཚན་དང་པོ་གསུམ་ཆར་དང་། །ཉོན་མོངས་ཆུང་ངུའི་རྒྱགས་པ་སྟེ། །མ་ངེས་ཆགས་དང་ང་རྒྱལ་དང་། །ཐེ་ཚོམ་རྣམས་ནི་ཁམ༵ས་གསུམ༵་ཆར། །གཡོ་རྒྱུ་རྒྱགས་གསུམ་མ་གཏོགས་པའི། །ཉོན་མོངས་ཆུང་རྣམས་མི་དགེ་གཉིས། །འགྱོད་གཉིད་ཁོང་ཁྲོ་བཅུ་གཉིས་འདོད༵(འདོད་ཁམས)། །ཉོན་མོངས་ཆུང་ངུའི་གཡོ་རྒྱུ་དང་། །མ་ངེས་རྟོག་དཔྱོད་རྣམ་གཉིས་བཞི། །འདོད༵་དང་བསམ༵་གཏན༵་དང་པོར་ཡོད། །ཅེས་སོ། །དྲི་བ།༢༠༽སེམས་བྱུང་དེ་དག་རྣམ་ཤེས་གང་དང་གང་གི་འཁོར་དུ་འབྱུང་། ལན། སྡེ་ཚན་དང་པོ་རྣམ་བཞི་དང་། །མ་ངེས་རྟོག་དཔྱོད་ཆགས་སྡང་བཅས། །ཚོགས་དྲུག་འཁོར་དུ་ཅི་རིགས་འབྱུང་། །ཉོན་མོངས་ཆུང་རྣམས་མ་ངེས་པའི། །འགྱོད་གཉིད་ང་རྒྱལ་ཐེ་ཚོམ་སྟེ། །བཅུ་བཞི་ཡིད་ཤེས་ཁོ་ནའི་འཁོར། །འདི་རྣམས་མཆིམས་ལྟར་དུ་བསྡོམས་སོ། །དྲི་བ།༢༡༽མ་ངེས་པའི་སེམས་བྱུང་བརྒྱད་པོ་གང་། ལན། དབྱིག་བཤེས་ཀྱིས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིད་དང་ཁོང་ཁྲོ་ཆགས་རྣམས་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་གསུངས་སོ། །དྲི་བ།༢༢༽འདྲེས་པ་དང་མ་འདྲེས་པའི་ཉོན་མོངས་པ་གཉིས་ཀྱི་མཚན་ཉིད་གང་། ལན། རྩ་ཉོན་མ་རིག་པ་ཁོ་ན་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་མ་འདྲེས་པའི་ཉོན་མོངས་པ་དང་། རྩ་ཉོན་མ་རིག་པ་གཞན་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ། འདྲེས་པའི་ཉོན་མོངས་པའོ། །དྲི་བ།༢༣༽ཐོབ་པ་དང་མ་ཐོབ་པའི་མཚན་ཉིད་ཞོག ལན། རང་གི་འཐོབ་བྱའི་ཆོས་རྒྱུད་ལ་ལྡན་པར་བྱེད་པའི་ལྡན་མིན་འདུ་བྱེད་དེ། ཐོབ་པ་དང་། རང་གི་འཐོབ་བྱའི་ཆོས་རྒྱུད་ལ་མི་ལྡན་པར་བྱེད་པའི་ལྡན་མིན་འདུ་བྱེད་དེ། མ་ཐོབ་པའོ། །དྲི་བ།༢༤༽ཐོབ་པ་དེ་ལ་དབྱེ་ན་རིགས་དུ་ཡོད། ལན། གསུམ་སྟེ། རྙེད་ཐོབ་དང་། ལྡན་ཐོབ། ཡེ་ཐོབ་བཅས་སོ། །གཞན་ཡང་ལྔར་དབྱེ་བར་རིགས་སོ། །དྲི་བ།༢༥༽ཐོབ་པ་དུས་གསུམ་པ་འཇོག་སྟངས་གང་། ལན།༽འཐོབ་བྱའི་ཆོས་འདས་མ་ད་གསུམ་རེ་རེ་ལའང་ཐོབ་པ་འདས་པ་མ་འོངས་པ་ད་ལྟར་གསུམ་གསུམ་དུ་དབྱེར་ཡོད་དེ། དང་པོ། རང་གི་འཐོབ་བྱའི་ཆོས་འདས་པ་ཡིན་ལ། ཐོབ་པ་དེ་སྐྱེས་ནས་འགགས་ཟིན་པ་དེ། འཐོབ་བྱའི་ཆོས་འདས་པའི་ཐོབ་པ་འདས་པ། རང་གི་ཐོབ་བྱའི་ཆོས་འདས་པ་ཡིན་ལ། ཐོབ་པ་སྐྱེས་ལ་མ་འགག་པ་དེ། ཐོབ་བྱའི་ཆོས་འདས་པའི་ཐོབ་པ་ད་ལྟར་བ། རང་གི་འཐོབ་བྱའི་ཆོས་འདས་པ་ཡིན་ལ། ཐོབ་པ་སྐྱེ་རུང་ལ་མ་སྐྱེ་བ་དེ། འཐོབ་བྱའི་ཆོས་འདས་པའི་ཐོབ་པ་མ་འོངས་པའོ། །དེས་མཚོན་ནས་འཐོབ་བྱའི་ཆོས་ད་ལྟ་བ་དང་མ་འོངས་པ་གཉིས་ཀྱི་ཐོབ་པ་དུས་གསུམ་བརྩི་སྟངས་ཤེས་པར་བྱའོ། །དྲི་བ།༢༦༽ཐོབ་པ་དུས་གསུམ་པ་ཡོད་པའི་འཐོབ་བྱའི་ཆོས་ཀྱི་ཚད་གང་། ལན། འཐོབ་བྱའི་ཆོས་སྟོབས་དང་ལྡན་པའོ། །དེའང་དགེ་བ་དང་ཉོན་མོངས་ཅན་གང་རུང་ཡིན་པ་ནི་སྤྱིར་བཏང་ཡིན་ལ། གཟུགས་ཀྱི་རིག་བྱེད་བསྒྲིབས་གཟུགས་ལུང་མ་བསྟན་པ་དང་། འདོད་པའི་དགེ་མི་དགེའི་རིག་བྱེད་དང་རིག་བྱེད་མིན་པའི་གཟུགས་ཀྱི་ཐོབ་པ་ཕྱིས་སྐྱེ་བས། སྔར་མེད་པ་རྣམས་དམིགས་ཀྱིས་བསལ་བ་ཡིན་ནོ། །དྲི་བ།༢༧༽ཐོབ་པ་དུས་གསུམ་པ་མེད་པའི་འཐོབ་བྱའི་ཆོས་ཀྱི་ཚད་གང་། ལན། འཐོབ་བྱའི་ཆོས་སྟོབས་དང་མི་ལྡན་པའོ། །དེའང་རྒྱུད་བསྡུས་ཀྱི་མ་བསྒྲིབས་ལུང་མ་བསྟན་པ་ཡིན་པ་སྤྱིར་བཏང་ཡིན་ལ། དམིགས་ཀྱིས་བསལ་ན། ལྷའི་མིག་དང་རྣ་བའི་མངོན་ཤེས་ལུང་མ་བསྟན་གཉིས་དང་། སྤྲུལ་སེམས་ལུང་མ་བསྟན་རྣམས་ཐོབ་པ་དུས་གསུམ་པ་ཡོད་པར་ཤེས་པར་བྱའོ། །དྲི་བ།༢༨༽ སྐལ་མཉམ་རྒྱུད་ཀྱིས་བསྡུས་དགོས་སམ། དེའི་མཚན་ཉིད་གང་། ལན། དེ་རྒྱུད་ཀྱིས་བསྡུས་དགོས། མཚན་ཉིད་ནི། སེམས་ཅན་རྣམས་ནང་ཕན་ཚུན་འདྲ་བར་བྱེད་པའི་མི་ལྡན་འདུ་བྱེད་དོ། །དྲི་བ།༢༩༽འགོག་པའི་སྙོམས་འཇུག་གི་མཚན་ཉིད་གང་། ལན། དགག་གཞི་ལུས་ཀྱི་སྟེང་དུ་དགག་བྱ་རྣམ་ཤེས་ཚོགས་དྲུག་འཁོར་དང་བཅས་པ་བཀག་པའི་འཕགས་རྒྱུད་ཀྱིས་བསྡུས་པའི་ལྡན་མིན་འདུ་བྱེད་གང་ཞིག སྲིད་རྩེའི་སས་བསྡུས་པ་དེའོ། །དྲི་བ།༣༠༽འདུ་ཤེས་མེད་པའི་སྙོམས་འཇུག་གི་མཚན་ཉིད་གང་། ལན། དགག་བྱ་སེམས་དང་སེམས་བྱུང་འགོག་པའི་སོ་སྐྱེའི་རྒྱུད་ཀྱིས་བསྡུས་པའི་ལྡན་མིན་འདུ་བྱེད་གང་ཞིག བསམ་གཏན་བཞི་པས་བསྡུས་པ་དེའོ། །དྲི་བ།༣༡༽སྙོམས་འཇུག་གཉིས་ལས་ལྡང་སེམས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གང་། ལན། སྙོམས་པར་འཇུག་སེམས་སྐད་ཅིག་ཐ་མ་དེའོ། །དྲི་བ།༣༢༽སྲོག་གི་མཚན་ཉིད་དང་དོན་གང་། ལན།༽དྲོད་དང་རྣམ་ཤེས་ཅི་རིགས་པའི་རྟེན་བྱེད་པའི་ལྡན་མིན་འདུ་བྱེད་དེའོ། །དེའང་རྩ་བར་སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ་ཞེས་གསུངས་པས་སོ། །དེའི་དོན་ནི་དྲོད་དང་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྒྱུ་བྱེད་པར་སི་ཏུས་གསུངས་སོ། །དྲི་བ།༣༣༽ཁྱོད་ཆོས་དེའི་ལྷན་ཅིག་འབྱུང་རྒྱུ་ཡིན་ན་དེ་དང་ཕན་ཚུན་རྒྱུ་འབྲས་ཡིན་པས་ཁྱབ་བམ། ལན། སྤྱིར་ཁྱབ་ཀྱང་། དམིགས་ཀྱིས་བསལ་ན་མ་ཁྱབ་སྟེ། དཔེར་ན་བུམ་པ་རང་ཉིད་རང་གི་རྗེས་མཐུན་གྱི་མཚན་ཉིད་བཞི་པོའི་ལྷན་ཅིག་འབྱུང་རྒྱུ་ཡིན་ཡང་། དེ་དག་བུམ་པའི་ལྷན་ཅིག་འབྱུང་རྒྱུ་མ་ཡིན་པ་བཞིན་ནོ། །དྲི་བ།༣༤༽ སེམས་ཀྱི་རྗེས་འཇུག་ཏུ་འཇོག་པའི་རྒྱུ་མཚན་བཅུ་པོ་གང་། ལན། དུས་ཙམ་གཅིག་པ་དང་། སྐྱེ་དུས་གཅིག་པ། གནས་དུས་གཅིག་པ། འགག་དུས་གཅིག་པ་སྟེ་དུས་གཅིག་པ་བཞི་དང་། འབྲས་བུ་ཙམ་གཅིག་པ། སྨིན་འབྲས་གཅིག་པ། རྒྱུ་མཐུན་གྱི་འབྲས་བུ་གཅིག་པ་སྟེ་འབྲས་བུ་གཅིག་པ་གསུམ་དང་། སེམས་དེ་དགེ་བ་ཡིན་ན་རྗེས་འཇུག་དེའང་དགེ་བ་ཡིན་པ་སྟེ། མི་དགེ་བ་དང་ལུང་མ་བསྟན་ལའང་དེ་ལྟར་སྦྱར་རོ། །དྲི་བ།༣༥༽ འཇིག་ལྟའི་རྒྱུ་དང་རྒྱུ་ཅན་གྱི་ངོ་བོ་ངོས་ཟུངས། ལན། འཇིག་ལྟ་ལ་ལྷན་ཅིག་འབྱུང་རྒྱུ་དང་། སྐལ་མཉམ། མཚུངས་ལྡན། ཀུན་འགྲོའི་རྒྱུ་གང་རུང་སོང་བ་དེའི་རྒྱུ་དང་། འཇིག་ལྟའི་རྒྱུ་མཐུན་དང་སྐྱེས་བུའི་བྱེད་འབྲས་གང་རུང་དུ་གྲུབ་པ་དེའི་རྒྱུ་ཅན་ནོ།།འདི་སྤྱིར་བཏང་དང་མི་འདྲའོ། །དྲི་བ།༣༦༽ འཇིག་ལྟའི་རྒྱུ་དང་རྒྱུ་ཅན་གཉིས་ལ་མུ་དུ་ངེས། རྩིས། ལན། གསུམ་ངེས། སྡུག་བསྔལ་མཐོང་སྤང་གི་འཇིག་ལྟ་རང་ཉིད་དང་། མ་རིག་པ་མ་གཏོགས་པའི་ཕྲ་རྒྱས་བརྒྱད་པོ་མ་འོངས་པ་མཚུངས་ལྡན་དང་བཅས་པ་ལྟ་བུ་འཇིག་ལྟའི་རྒྱུ་ཅན་ཡིན་ལ། འཇིག་ལྟའི་རྒྱུ་མིན་པའི་མུའོ། །སྡུག་བསྔལ་མཐོང་སྤང་ཕྲ་རྒྱས་བཅུ་པོ་འདས་དང་ད་ལྟར་བ་མཚུངས་ལྡན་དང་བཅས་པ་ལྟ་བུ་གཉིས་ཀ་ཡིན་པའི་མུའོ། །འགོག་ལམ་གྱི་བདེན་པ་དང་། ནམ་མཁའ། བརྟགས་མིན་འགོག་ལྟ་བུ་གཉིས་ཀ་མིན་པའི་མུ་སྟེ་གསུམ་མོ། དྲི་བ།༣༧༽འཇིག་ལྟའི་རྒྱུ་དང་རྒྱུ་ཅན་གཉིས་ཀ་ཡིན་པའི་ཕྲ་རྒྱས་བཞི་བཅུ་པོ་གང་། ལན། འདོད་པའི་སྡུག་བདེན་གྱི་ལོག་ཞུགས་བཅུ་དང་། ཀུན་བདེན་ལོག་ཞུགས་ལོག་ལྟ། ལྟ་བ། ཐེ་ཚོམ། མ་རིག་པ་དང་བཞི་སྟེ་འདོད་པར་བཅུ་བཞི་དང་། གཟུགས་ཁམས་དང་གཟུགས་མེད་དུ་ཁོང་ཁྲོ་ཕྲིས་ནས་འདོད་པ་ལྟར་བཅུ་གསུམ་རེ་བགྲངས་ནས་ཉེར་དྲུག་སྟེ་བཞི་བཅུའོ། །དྲི་བ།༣༨༽རྣམ་སྨིན་གྱི་འབྲས་བུའི་མཚན་ཉིད་གང་། ལན། སྨིན་རྒྱུ་ལས་ཕྱིས་བྱུང་ཞིང་རྒྱུད་ཀྱིས་བསྡུས་པའི་མ་བསྒྲིབས་ལུང་མ་བསྟན་པ་དེའོ། །དྲི་བ།༣༩༽ རྣམ་སྨིན་རྒྱས་བྱུང་དང་གཞི་མཐུན་མེད་པའི་སྒྲུབ་བྱེད་གང་། ལན། རང་འགྲེལ་ལས། རྒྱས་པ་ལས་བྱུང་བ་དང་རྒྱུ་མཐུན་པ་ལས་བྱུང་བ་ཡང་ཡོད་པས་དེའི་ཕྱིར། ལུང་བསྟན་ཕྱིས་བྱུང་ཞེས་བྱ་བ་སྨོས་ཏེ། ཞེས་གསུངས་པས་སོ། །དྲི་བ།༤༠༽ ཀུན་འགྲོའི་རྒྱུའི་མཚན་ཉིད་གང་། ལན།༽རང་སའི་སྤང་བྱ་རིགས་ལྔ་པོ་ཀུན་གྱི་ཐུན་མོང་གི་རྒྱུར་གྱུར་པའི་ཕྲ་རྒྱས་མཚུངས་ལྡན་དང་བཅས་པ་དེའོ། ། དྲི་བ།༤༡༽ཀུན་འགྲོ་བཅུ་གཅིག་པོ་གང་། ལན། མཁས་འཇུག་ལས། དེ་ཡང་སྡུག་བསྔལ་མཐོང་སྤང་གི། །ལྟ་བ་ལྔ་དང་ཐེ་ཚོམ་དང་། །ཀུན་བདེན་མཐོང་བས་སྤང་བྱ་བའི། །ལོག་ལྟ་ལྟ་བ་ཐེ་ཚོམ་གསུམ། །དེ་རྣམས་མཚུངས་ལྡན་མ་རིག་དང་། མ་འདྲེས་པ་ཡི་མ་རིག་སྟེ། །བཅུ་གཅིག་དེ་ལ་ཀུན་འགྲོ་ཟེར། །ཞེས་སོ། །དྲི་བ།༤༢༽སེམས་རིག་གི་སྐབས་ཀྱི་ཚེའམ་སྐབས་བརྒྱད་པོ་གང་། ལན། རྒྱུན་གྱི་ཚེ། ས་མཚུངས་བའི་ཚེ། སྙོམས་པར་འཇུག་པའི་ཚེ། སྙོམས་འཇུག་ལས་ལྡང་བའི་ཚེ། སྤྲུལ་བ་ལ་འཇུག་པའི་ཚེ། སྤྲུལ་བ་ལས་ལྡང་བའི་ཚེ། ཉིང་མཚམས་སྦྱོར་བའི་ཚེ། སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་སྟེ་བརྒྱད་དོ། །དྲི་བ།༤༣༽སེམས་རིག་བཅུ་གཉིས་པོ་གང་། ལན། མཛོར་རྩར། འདོད་ཡིད་དགེ་དང་མི་དགེ་དང་། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། །གཟུགས་དང་གཟུགས་མེད་པ་དག་ན། །མི་དགེ་ལས་གཞན་ཟག་མེད་གཉིས། །ཞེས་སོ། །དྲི་བ།༤༤༽འདོད་ཉོན་གཅིག་མངོན་དུ་གྱུར་སྐབས་དེ་དང་དུས་མཉམ་དུ་སེམས་དྲུག་གསར་དུ་རྙེད་རྒྱུ་ཡོད་དམ། ལན། མེད་དེ། གང་སྤེལ་ལས། ཅི་སྐད་ཅིག་མ་གཅིག་ལ་དྲུག་དང་དྲུག་དང་གཉིས་རྙེད་དམ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་ཞེས་དང་། ཡོངས་སུ་ཉམས་པ་རྣམས་ཀྱི་ཚེ་ཅི་རིགས་པར་ཡོངས་སུ་བགྲངས་ཏེ་དྲུག་རྙེད་དོ་གསུངས་པའི་ཕྱིར་རོ། །དྲི་བ༤༥༽ ཁམས་དེའི་སྐྱེ་ཐོབ་ཀྱི་དགེ་བ་ཁམས་དེར་ཉིང་མཚམས་སྦྱར་མ་ཐག་ཏུ་འཐོབ་དགོས་པའི་སྒྲུབ་བྱེད་གང་། ལན།༽གང་སྤེལ་ལས། གང་གི་ཚེ་གཟུགས་དང་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ཏེ་འདོད་པའི་ཁམས་སུ་སྐྱེ་བ་དེའི་ཚེ་འདོད་པ་ན་སྤྱོད་པའི་དགེ་བ་སྐྱེས་ནས་ཐོབ་པ་རྙེད་དོ་ཞེས་གསུངས་པས་སོ། །གཟུགས་ཁམས་ལ་དེ་ལྟར་གསུངས་ཤིང་གཟུགས་མེད་ལའང་དེ་དང་གཅིག་མཚུངས་སུ་གྲུབ་པོ། །དྲི་བ།༤༦༽འདོད་པའི་རྟེན་ལ་གཟུགས་ཀྱི་དགེ་བ་སྐྱེ་ཐོབ་མངོན་དུ་གྱུར་རྒྱུ་ཡོད་དམ། ལན། མེད་དེ། ཁམས་དེ་དང་དེའི་སྐྱེས་ཐོབ་ཀྱི་དགེ་བ་ཁམས་དེར་ཉིང་མཚམས་སྦྱར་མ་ཐག་ཏུ་འཐོབ་དགོས་པའི་ཕྱིར་རོ། །དྲི་བ།༤༧༽ཁམས་དེའི་སྦྱོར་བྱུང་གི་དགེ་བའི་སྔ་ཐོབ་དུས་ནམ་ཞིག་ནས་འཐོབ། ལན། སྦྱོར་བྱུང་གི་དགེ་བ་དེའི་སྦྱོར་བ་ནམ་གོམས་ན་དེ་དུས་སུ་འཐོབ་པར་མཆིམས་མཆན་གྱིས་གསུངས་སོ། །དྲི་བ།༽གཟུགས་ཁམས་པ་འདོད་པར་སྐྱེ་སྐབས་གཟུགས་ཁམས་པའི་རྟེན་ལ་འདོད་ཉོན་སྐྱེ་བ་ཡོད་དམ། ལན། མེད་དེ། དེ་འདྲའི་གང་ཟག་འདོད་པའི་བར་སྲིད་ལ་ནམ་ཉིང་མཚམས་སྦྱར་བ་དང་མཉམ་དུ་གཟོད་འདོད་ཉོན་འཐོབ་དགོས་པའི་ཕྱིར་རོ། །དྲི་བ།༤༨༽སེམས་རིག་བཅུ་གཉིས་རྙེད་ཚུལ་དཔྱད་སྐབས་ཚེའམ་སྐབས་ལྔ་པོ་གང་། ལན། རང་འགྲེལ་ལས། སྐྱེས་༵དང་སྙོམས༵་པར་འཇུག་པ་དང་། །འདོད་ཆགས༵་བྲལ་དང་ཡོངས་ཉམས༵་དང་། །དགེ་བའི་ཉིང་མཚམས་སྦྱོར༵་བའི་ཚེ། །སེམས་དེ་ལྡན་པ་མིན་ལས་རྙེད། །ཅེས་གསུངས་སོ། །
མཛོད་གནས་གསུམ་པ་འཇིག་རྟེན་བསྟན་པའི་དྲི་བ་དང་དྲིས་ལན།
དྲི་བ།༡༽གཟུགས་ཁམས་གནས་རིས་བཅུ་བདུན་པོ་ལ་གཟུགས་ཁམས་ཞེས་བརྗོད་པའི་རྒྱུ་མཚན་གང་། ལན། འདོད་པ་ལས་འདོད་ཆགས་དང་བྲལ་ནས་གཟུགས་ཀྱི་འདོད་ཆགས་དང་བཅས་པའི་ཕྱིར་རོ། །དྲི་བ།༢༽གཟུགས་ཁམས་གནས་རིས་བཅུ་བདུན་པོ་གང་། ལན། མཁས་འཇུག་ལས། དང་པོ་ཚངས་རིས་མདུན་འདོན་ཚངས་ཆེན་གསུམ། །གཉིས་པ་འོད་ཆུང་ཚད་མེད་འོད་འོད་གསལ། །གསུམ་པ་དགེ་ཆུང་ཚད་མེད་དགེ་དགེ་རྒྱས། །བཞི་བ་སྤྲིན་མེད་འོད་དང་བསོད་ནམས་སྐྱེས། །འབྲས་བུ་ཆེ་གསུམ་དེ་སྟེང་གནས་གཙང་ལྔ། །མི་ཆེ་མི་གདུང་ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་དང་འོག་མིན་དང་བཅས་པ། །བསམ་གཏན་བཞི་པའི་གནས་རིས་བརྒྱད་ཡིན་ནོ། །ཞེས་སོ། །དྲི་བ།༣༽གཟུགས་མེད་སྐྱེ་མཆེད་མུ་བཞི་གང་། ལན། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་སྟེ་བཞིའོ། །དྲི་བ།༤༽གཟུགས་མེད་ཁམས་སུ་གནས་མེད་པའི་རྒྱུ་མཚན་གང་། ལན། གཟུགས་མེད་པའི་ཕྱིར། ཁྱབ་སྟེ། གནས་གཞན་ཐ་དད་གཟུགས་ཀྱིས་ཕྱེ་བས་སོ། །དྲི་བ།༥༽སྐྱེ་གནས་བཞིའི་མཚན་ཉིད་སོ་སོར་ཞོག ལན། སྒོ་ངའི་ནང་དུ་དབང་པོ་ལྔ་རིམ་གྱིས་གྲུབ་ནས་སྐྱེ་བ་དེ། སྒོང་སྐྱེས་ཀྱི་མཚན་ཉིད། སྒོ་ང་ལ་མ་ལྟོས་པར་མངལ་དུ་དབང་པོ་ལྔ་རིམ་གྱིས་གྲུབ་ནས་སྐྱེ་བ་དེ། མངལ་སྐྱེས་ཀྱི་མཚན་ཉིད། མངལ་སྒོང་གང་ལ་ཡང་མ་ལྟོས་པར་དྲོད་གཤེར་ལས་དབང་པོ་ལྔ་རིམ་གྱིས་གྲུབ་ནས་སྐྱེ་བ་དེ། དྲོད་གཤེར་སྐྱེས་ཀྱི་མཚན་ཉིད། སྐྱེས་གནས་སུ་ཉིང་མཚམས་སྦྱར་མ་ཐག་ཏུ་དབང་པོ་ལྔ་ཅིག་ཅར་དུ་གྲུབ་ནས་སྐྱེ་བ་དེ། རྫུས་སྐྱེས་ཀྱི་མཚན་ཉིད། དྲི་བ༦༽སྐྱེ་གནས་ཞེས་པའི་དོན་གང་། ལན། མཆིམས་ཀྱིས་སྐྱེ་གནས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རིགས་ཏེ། སྒོ་ང་ལས་སྐྱེས་པའི་སྐྱེ་གནས་ནི་སྒོ་ང་ལས་སྐྱེས་པའི་རིགས་ཞེས་བྱ་བའི་དོན་དུ་བཤད་དོ། །དེའང་གང་སྤེལ་ལས། སྐྱེ་གནས་རྣམས་སེམས་ཅན་ཞེས་པ་ཁོ་ན་ཡིན་པའི་ཕྱིར་ཞེས་གསུངས་སོ། །དྲི་བ།༧༽ བར་སྲིད་དང་སྐྱེ་སྲིད་གཉིས་ཀྱི་མཚན་ཉིད་ཞོག ལན། འགྲོ་བ་གང་ནས་ཤི་འཕོས་ཏེ་འགྲོ་བ་གང་རུང་དུ་ཉིང་མཚམས་སྦྱོར་བ་ལ་ཐུག་གི་བར་གྱི་སྲིད་པ་དེ། བར་སྲིད་དང་། འགྲོ་བ་གང་རུང་དུ་ཉིང་མཚམས་སྦྱར་མ་ཐག་པའི་སྐད་ཅིག་དང་པོའི་སྲིད་པ་དེ། སྐྱེ་སྲིད་དོ། །དྲི་བ།༨༽སྔོན་དུས་ཀྱི་སྲིད་པ་དང་འཆི་སྲིད་གཉིས་ཀྱི་མཚན་ཉིད་གང་། ལན། འགྲོ་བ་གང་རུང་དུ་སྐྱེས་པའི་སྐད་ཅིག་གཉིས་པ་ནས་འཆི་སྲིད་ལ་ཐུག་གི་བར་གྱི་སྲིད་པ་དེ། སྔོན་དུས་ཀྱི་དང་། འགྲོ་བ་གང་རུང་ནས་སྲོག་ཆད་མ་ཁད་ཀྱི་སྐད་ཅིག་ཐ་མའི་སྲིད་པ་དེ། འཆི་སྲིད་དོ། །དྲི་བ།༩༽བར་སྲིད་ཡོད་པར་སྒྲུབ་པའི་རིགས་པ་གང་། ལན། སྐྱེ་སྲིད་ཆོས་ཅན། ཁྱོད་འཆི་སྲིད་རྒྱུན་ཆད་ལས་བྱུང་བ་མ་ཡིན་ཏེ། རང་རྒྱུ་བར་མ་ཆད་དུ་བྱུང་བའི་འབྲུའི་རྒྱུན་དང་། རྒྱུན་གྱི་འབྲས་བུ་ཉིད་དུ་ཆོས་མཐུན་པའི་ཕྱིར། དཔེར་ན་འབྲུའི་རྒྱུན་བཞིན། དྲི་བ།༡༠༽མེ་ལོང་ནང་གི་གཟུགས་བརྙན་མ་གྲུབ་པའི་སྒྲུབ་བྱེད་གང་། ལན། དེ་མ་གྲུབ་སྟེ། གཟུགས་བརྙན་ནི། མེ་ལོང་གི་ཡུལ་ཐ་དད་ན་སྣང་རུང་ཚད་མས་ཁེགས་ལ། མེ་ལོང་གི་ཡུལ་དུ་ཡོད་པར་སྨྲས་ན། མེ་ལོང་ཐོགས་བཅས་ཡིན་པས་གནོད་དོ། །དྲི་བ།༡༡༽བར་སྲིད་པ་དབང་པོ་ཀུན་ཚང་ཡིན་པའི་རྒྱུ་མཚན་ཅི། ལན། སྲིད་པ་འཚོལ་པའི་ཕྱིར། དེའང་གང་སྤེལ་གྱིས་སྲིད་པ་འཚོལ་བ་ཡིན་པའི་ཕྱིར་དབང་པོ་མ་ཚང་བ་མེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྣ་མེད་པ་དང་མིག་མེད་པ་སྐྱེ་བ་ཉིད་དུ་མི་འགྱུར་རོ་ཞེས་གསུངས་པས་སོ། །དྲི་བ།༡༢༽བར་སྲིད་པ་ཐོགས་མེད་ཡིན་པའི་རྒྱུ་མཚན་ཅི། ལན། རྡོ་བ་དང་བྲག་སྲ་བ་སོགས་ཀྱི་དཀྱིལ་ན་སྦལ་བ་སོགས་དམིགས་པས་སོ། །དྲི་བ།༡༣༽བར་སྲིད་དང་རང་གི་སྔོན་དུས་སྲིད་པ་གཉིས་འཕེན་བྱེད་ལས་གཅིག་ན་སྔོན་དུས་སུ་དབང་པོ་དང་ཡན་ལག་མི་ཚང་བ་མི་འགལ་ལམ། ལན། མི་འགལ་ཏེ་འཕེན་བྱེད་ཀྱིས་བར་སྲིད་དུ་དབང་པོ་ཚང་བར་འཕངས་ཀྱང་རྫོགས་བྱེད་ཀྱིས་དེའི་རྒྱུན་མི་འཇུག་པར་བྱས་ཏེ་སྐྱེ་སྲིད་ཀྱི་ཚེ་མིག་དང་ཡན་ལག་སོགས་མ་ཚང་བར་བྱས་པ་སྟེ། དཔེར་ན་འཕེན་བྱེད་ཀྱིས་བདེ་འགྲོར་འཕངས་ཀྱང་རྫོགས་བྱེད་ཀྱིས་སྡུག་བསྔལ་མྱོང་བར་བྱས་པ་སོགས་ཡོད་པ་བཞིན་ནོ། །དྲི་བ།༡༤༽ རྟེན་འབྲེལ་གྱི་དོན་ཞོག ལན། རྟེན་ཞེས་པ་ནི་བརྟེན་པའི་དོན་དང་། འབྲེལ་བ་ནི་འགྲོ་བའི་དོན་ནོ། །དེའང་བརྟེན་པ་དེ་རྟེན་དེ་ལ་འཕྲད་པར་སོང་བའི་དོན་ནོ། །དྲི་བ།༡༥༽ཀླུས་བདེན་པ་མཐོང་ལ་འཕེན་བྱེད་མེད། །ཅེས་པའི་ལུང་དོན་གང་། ལན། འཕགས་པ་རྣམས་ཀྱིས་བདག་མེད་མངོན་སུམ་དུ་རྟོགས་པས། བདག་ཡོད་པ་གཞིར་བཞག་ཏེ་བདག་འཛིན་གྱི་དབང་དུ་སོང་ནས་བདག་ལ་ཕན་བསྒྲུབ་གནོད་བསལ་གྱི་ཆེད་དུ་ལས་གསར་དུ་གསོག་པར་མི་བྱེད་པའི་དོན་ནོ། །དྲི་བ།༡༦༽ལས་དེའི་དེ་དུས་ཀྱི་ཀུན་སློང་གི་དོན་གང་། ལན། ལས་དེའི་བྱ་བ་དང་མཐུན་པར་ཞུགས་ནས་ལས་དེ་མཐར་ཕྱིན་པར་བྱེད་པ་དེའོ། །དྲི་བ།༡༧༽མ་རིག་པ་ཞེས་པའི་མ་ཡིག་དེ་དགག་ཚིག་ཡིན་པའི་དོན་གང་། ལན། རང་ཡུལ་ཚུལ་བཞིན་དུ་རྟོགས་པའི་(རིག་པ་ཡེ་ཤེས་སམ་)ཤེས་རབ་ཀྱི་འགལ་ཟླ་ཡིན་པར་སྟོན་པའི་དགག་ཚིག་གོ །དྲི་བ།༡༨༽མ་རིག་པ་རིག་པ་ཡེ་ཤེས་ཀྱི་འགལ་ཟླར་འགྲོ་ཚུལ་གང་། ལན། འདི་ལ་གཉིས་སྟེ། དང་པོ་ནི་ཆོས་དེའི་གནས་ལུགས་མ་ཤེས་པ་ཙམ་གྱིས་ཆོས་དེའི་གནས་ལུགས་རྟོགས་པའི་རིག་པ་ཡེ་ཤེས་དང་འགལ་ཚུལ་ལོ། །གཉིས་པ་ནི། མ་རིག་དེས་ཆོས་དེའི་གནས་ལུགས་ཀྱི་ལྡོག་ཟླ་དངོས་སུ་བཟུང་བའི་སྒོ་ནས་ཆོས་དེའི་གནས་ལུགས་རྟོགས་པའི་རིག་པ་ཡེ་ཤེས་དང་འཛིན་སྟངས་འགལ་ཚུལ་ལོ། །དྲི་བ།༡༩༽ལས་དེའི་རྒྱུ་དུས་ཀྱི་ཐོག་མའི་ཀུན་སློང་གི་དོན་གང་། ལན། ལས་དེ་ལ་རྒྱུའི་དུས་ཀྱི་ཀུན་སློང་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་ཡར་སྔོན་དུ་སོང་བའི་ཀུན་སློང་དེའོ། །དྲི་བ།༢༠༽ཡང་སྲིད་འཕེན་བྱེད་ཀྱི་ལས་དེ་བདག་འཛིན་མ་རིག་པས་ཀུན་ནས་བསླངས་སྟངས་གང་། ལན། བདག་འཛིན་མ་རིག་པས་བདག་བཟུང་བའི་དབང་གིས་བདག་དང་བདག་གི་ཉེར་ཕུང་ལ་ཕན་སྒྲུབ་གནོད་བསལ་གྱི་ཆེད་དུ་ལས་དེ་གསོག་པའི་བྱ་བ་ལ་མ་ཞུགས་ཐབས་མེད་དུ་སོང་བ་དེའོ། །དྲི་བ།༢༡༽འཕེན་བྱེད་ལས་ཀྱིས་འཕངས་འབྲས་འཕངས་པའི་དོན་ཅི། ལན། ད་ལྟའི་(མིའི་)རྣམ་སྨིན་གྱི་ཕུང་པོའི་རྒྱུན་དེ་ཕྱི་མའི་(སེངྒེའི་)རྣམ་སྨིན་གྱི་ཕུང་པོའི་རང་བཞིན་དུ་བསྒྱུར་བའི་ཚུལ་ལོ། །དྲི་བ།༢༢༽འཕེན་བྱེད་དག་གིས་འཕངས་འབྲས་དེ་འཕེན་པའི་དོན་ཞོག ལན། འཕེན་བྱེད་འགག་པའི་དེ་མ་ཐག་ནས་འཕེན་པ་མ་ཡིན་པར་འདུ་བྱེད་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་འགྲུབ་པར་བྱེད་པའི་ནུས་པ་དེ་རང་འབྲས་ཡིད་ཀྱི་རྣམ་ཤེས་ཀྱི་ནུས་པའི་ངོ་བོར་བསྒྱུར་ཚུལ་ལམ་ཡིད་ཀྱི་རྣམ་ཤེས་ལ་བགོ་ཚུལ་ལོ། །དཔེར་ན་མདའ་འཕངས་པ་སར་མ་ལྷུང་ཀྱང་མདའ་འཕངས་བ་ཡིན་པ་བཞིན་ནོ། །དྲི་བ།༢༣༽འཕེན་བྱེད་དང་འགྲུབ་བྱེད་ཀྱི་དོན་གང་། ལན། གཙོ་བོ་ད་ལྟའི་(མིའི་)རྣམ་སྨིན་གྱི་ཕུང་པོའི་རྒྱུན་དེ་ཕྱི་མའི་(སེངྒེའི་)རྣམ་སྨིན་གྱི་ཕུང་པོའི་རྣམ་པར་བསྒྱུར་བར་བྱེད་པ་ལ་འཕེན་བྱེད་དང་། གཙོ་བོ་འཕེན་བྱེད་ལས་ཀྱིས་འཕངས་པའི་ཉེར་ཕུང་གི་ངོ་བོ་སྔར་མ་གྲུབ་ཅིང་མ་སྐྱེ་བ་དེ་འགྲུབ་ཅིང་སྐྱེ་བར་བྱེད་པ་དེ་འགྲུབ་བྱེད་ཀྱི་དོན་ནོ། །དྲི་བ།༢༤༽སྲེད་པ་དེ། ཚོར་བ་རྣམས་ཀྱི་ངོ་བོ་ཆགས་སྟངས་གང་། ལན། བསམ་གཏན་གསུམ་པ་མན་གྱི་མངོན་མཐོ་བ་རྣམས་ཀྱིས་རྒྱུ་བདེ་(ཡིད་བདེ་དང་ཚོར་བ་བདེ་)བ་ཚོར་ལས་བྱུང་ཞིང་བདེ་ཚོར་དེ་ལ་དམིགས་ནས་དེ་དང་མི་འབྲལ་བ་ལ་ཆགས་ཤིང་སྲེད་པ་དང་། དམྱལ་སོགས་ངན་འགྲོ་བ་རྣམས་ཀྱིས་རྒྱུ་སྡུག་(ཡིད་མི་བདེ་དང་ཚོར་བ་སྡུག་བསྔལ་བ་)ཚོར་ལས་བྱུང་ཞིང་སྡུག་ཚོར་དེ་ལ་དམིགས་ནས་དེ་དང་བྲལ་བའི་བདེ་བ་ལ་ཆགས་ཤིང་སྲེད་པ་དང་། བསམ་གཏན་བཞི་པ་ཡན་གྱི་ལྷ་རྣམས་ཀྱིས་རྒྱུ་བཏང་སྙོམས་ལས་བྱུང་ཞིང་བཏང་སྙོམས་ཀྱི་ཚོར་བ་དེ་དང་དེའི་གནས་སྐབས་ལ་དམིགས་ནས་དེ་ལས་མི་ཉམས་པར་སྡོད་པ་ལ་ཆགས་ཤིང་སྲེད་པའོ། །དྲི་བ།༢༥༽ལེན་པ་རང་ཡུལ་ལ་ཆགས་སྟངས་གང་། ལན། སྲེད་པས་ཚོར་བདེ་དང་མི་འབྲལ་བར་ཆགས་ཤིང་སྲེད་པའི་དབང་གིས་ཚོར་བདེ་དེའི་རྒྱུ་འདོད་ཡོན་དང་བྱ་བ་སོགས་ལ་ཆགས་པར་བྱེད་པ་དང་། དེ་བཞིན་དུ་སྲེད་པས་སྡུག་ཚོར་དང་འབྲལ་བར་སྲེད་པའི་དབང་གིས་སྡུག་ཚོར་དང་འབྲལ་བའི་ཆེད་དུ་འབྲལ་སྲིད་དེའི་རྒྱུ་སོགས་ལ་ཆགས་པ་དང་། སྲེད་པའ་བཏང་སྙོམས་མི་ཉམས་པ་ལ་སྲེད་པའི་དབང་གིས་བཏང་སྙོམས་དེ་རྒྱུ་སོགས་ལ་ཆགས་ཤིང་སྲེད་པའོ། །དྲི་བ།༢༦༽སྲེད་ལེན་གཉིས་ཀྱིས་ལས་ལ་གསོས་འདེབས་སྟངས་གང་། ལན། སྲེད་ལེན་གཉིས་ཀྱིས་ལས་དེ་ལ་གསོས་བཏབ་(གྲོགས་སམ་ཁ་གསོས་བརྒྱབ་)ནས་ལས་དེ། ཡང་སྲིད་ཕྱི་མ་འགྲུབ་ནུས་སུ་སོང་བ་དེའོ། །དྲི་བ།༢༧༽ལས་ཀྱི་བག་ཆགས་ཡིད་ཤེས་སུ་འཇོག་པའི་དོན་གང་། ལན། འཕེན་བྱེད་ལས་ཀྱི་རང་འབྲས་རྣམ་སྨིན་འབྱིན་པའི་ནུས་པ་དེ། རང་འབྲས་ཡིད་ཀྱི་ཤེས་པའི་ནུས་པའི་ངོ་བོར་བསྒྱུར་སྟངས་དེའོ། །དྲི་བ།༢༨༽ཟས་ཀྱི་མཚན་ཉིད་གང་། ལན། སྲིད་པ་གསོ་བྱེད་ཀྱི་རྐྱེན་དེའོ། །དྲི་བ།༢༩༽ ཟས་ལ་དབྱེ་ན་དུ་ཡོད། སོ་སོའི་མཚན་ཉིད་ཞོག ལན། བཞི་ཡོད། ༡ཕྲད་ནས་འཛིན་པའི་དབང་པོའི་ཡུལ་གྱི་གཟུགས་གང་ཞིག དབང་བཅས་ལུས་ཀྱི་གསོ་བྱེད་དུ་གྲུབ་པ་དེ། ཁམས་ཟས་ཀྱི་མཚན་ཉིད། ༢རེག་པ་ཉོན་མོངས་ཅན་དེ། རེག་པའི་ཟས་ཀྱི་མཚན་ཉིད། ༣ཡང་སྲིད་ཕྱི་མ་འཕེན་བྱེད་ཀྱི་ཟག་བཅས་སེམས་པའི་ལས་དེ། སེམས་པའི་ཟས་ཀྱི་མཚན་ཉིད། ༤ལས་ཀྱིས་འཕངས་པའི་ཡང་སྲིད་ཕྱི་མ་མངོན་པར་འགྲུབ་པར་བྱེད་པའི་རྣམ་པར་ཤེས་པ་དེ། རྣམ་ཤེས་ཀྱི་ཟས་ཀྱི་མཚན་ཉིད་དོ། །དྲི་བ།༣༠༽སེམས་མེད་པའི་ངང་ནས་འཆི་འཕོ་དང་སྐྱེ་བ་མེད་པའི་རྒྱུ་མཚན་ཅི། ལན།༽འཆི་བ་དང་སྐྱེ་བའི་དོན་ནི་སེམས་གཞན་དུ་འཕོ་བ་དང་ཉིང་མཚམས་སྦྱོར་བ་ཡིན་པར་མཆིམས་ཀྱིས་གསུངས་པས་སོ། །དྲི་བ།༣༡༽ སྣོད་ཀྱི་འཇིག་རྟེན་གྱི་མཚན་ཉིད་གང་། ལན༽སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་བདག་འབྲས་གང་ཞིག རྒྱུད་ཀྱིས་མ་བསྡུས་པའི་ཆོས་དེའོ། །དྲི་བ།༣༢༽ཟླ་བ་རྣམས་ལ་ཉ་སྐར་གྱིས་བཏགས་པའི་ཐ་སྙད་བཅུ་གཉིས་པོ་ངོས་ཟུངས། ལན།༽མགོ་དང་རྒྱལ་དང་མཆུ་དང་གསུམ། །དགུན་ཟླ་གསུམ་གྱི་ཉ་སྐར་ཡིན། །དབོ་དང་ནག་པ་ས་ག་གསུམ། །དཔྱིད་ཟླ་གསུམ་གྱི་ཉ་སྐར་ཡིན། །སྣྲོན་དང་ཆུ་སྟོད་གྲོ་ཞུན་གསུམ། །དབྱར་ཟླ་གསུམ་གྱི་ཉ་སྐར་ཡིན། །ཁྲུམས་སྟོད་ཐ་སྐར་སྨིན་དྲུག་གསུམ། །སྟོན་ཟླ་གསུམ་གྱི་ཉ་སྐར་ཡིན།།ཞེས་སོ། །དྲི་བ།༣༣༽མཛོད་ལུགས་སུ་ལོ་འགོ་གང་ནས་འཛིན། སྒྲུབ་བྱེད་ཁོད། ལན། ཤེས་བྱ་ཆོས་ཅན། མཛོད་ཀྱི་ལོ་འགོ་ཧོར་ཟླ་བཅུ་བའི་ཚེས་བཅུ་དྲུག་ནས་འཛིན་དགོས་ཏེ། མཛོད་རྩར་དགུན་རྣམས་ཀྱི་ནི་བཞི་པ་ལ་ཞེས་པའི་བཞི་པ་དབོ་ཟླ་བ་ཡིན་པའི་ཕྱིར། ཁྱབ་པ་སླ། དྲི་བ།༣༤༽དགུན་རྣམས་ཀྱི་བཞི་པ་དེ་དཔྱིད་ར་བའམ་དབོ་ཟླ་བ་ཡིན་པའི་སྒྲུབ་བྱེད་གང་། ལན། ལུང་ནི། མཛོད་རང་འགྲེལ་ལས་དེ་བཞིན་དུ་དགུན་རྣམས་ཀྱི་ནི་ཟླ་བ་བཞི་པའི་ཚེས་དགུ་ནས་ཐུང་ངུར་འགྱུར་རོ། །ཞེས་བྱ་བར་སྦྱར་ཏེ། དཔྱིད་ཟླ་ར་བ་ཡར་གྱི་ངོའི་ཚེས་དགུ་ནས་སོ་ཞེས་གསུངས་པས་སོ། །རིགས་པ་ནི། རང་འགྲེལ་རྒྱ་དཔེར། དགུན་བཞི་པ་ལ་ཕཱལྒུ་ན་ཞེས་པ་ཡོད་ཅིང་དེ་དབོ་དང་དཔྱིད་ཟླ་ར་བའི་སྐད་དོད་ཡིན་པའི་ཕྱིར་རོ། །དྲི་བ།༣༥༽མཛོད་ལུགས་སུ་ལྡོག་གཉིས་ཀྱི་དུས་ཚིགས་ངོས་ཟུངས། ལན།༽དབྱར་ཉི་མ་ལྡོག་པའི་དུས་ནི་ཧོར་བརྒྱད་པའི་ཡར་ངོའི་ཚེས་དགུ་དང་། དགུན་ཉི་མ་ལྡོག་པའི་དུས་ནི་ཧོར་ཟླ་གཉིས་པའི་ཡར་ངོའི་ཚེས་དགུ་ནས་སོ། །དྲི་བ།༣༦༽དགུན་རྣམས་ཀྱི་ནི་བཞི་པ་ལ་ཞེས་པས་དགུན་ཉི་ལྡོག་དངོས་སུ་སྟོན་པའི་སྒྲུབ་བྱེད་གང་། ལན།༽ གདགས་པ་ལས་དཔྱིད་ཟླ་ར་བ་ཡར་གྱི་ངོའི་ཚེས་བརྒྱད་ལ་མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ་ཞེས་གསུངས་པས་སོ། །དྲི་བ།༣༧༽མཛོད་ལུགས་སུ་ལྡོག་གཉིས་ཀྱི་ས་ཚུགས་ངོས་ཟུངས། ལན།༽དབྱར་ཉི་མ་ལྡོག་པའི་ཡུལ་ནི་བྱང་བགྲོད་མཐར་ཐུག་པ་འཛམ་བུའི་གླིང་གི་དཀྱིལ་གཞུང་དང་། དགུན་ཉི་མ་ལྡོག་པའི་ཡུལ་ནི་ལྷོ་བགྲོད་མཐར་ཐུག་པ་འཛམ་བུའི་གླིང་ལས་དཔག་ཚད་དྲུག་དང་བཅོ་བརྒྱད་ཀྱི་ཆ་ཤས་གཅིག་གི་ཕྱི་རོལ་དུ་གྱུར་པའི་རྒྱ་མཚོའི་སྟེང་དུའོ། །དྲི་བ།༣༨༽ཉི་ལྡོག་གི་གོ་དོན་ཞོག ལན། ཉི་མ་བྱང་ནས་ལྷོ་རུ་འགྲོ་བ་དབྱར་ཉི་ལྡོག་དང་། ཉི་མ་ལྷོ་ནས་བྱང་དུ་འགྲོ་བ་ནི་དགུན་ཉི་མ་ལྡོག་པའི་ངོ་བོའོ། །དྲི་བ།༣༩༽མཛོད་ལུགས་སུ་གོ་ལ་གང་འཐད། རྒྱུ་མཚན་བཅས་ཁོད། ལན། གོ་ལ་ལྕགས་སྒྲོག་མ་འཐད་དེ། ཉི་མ། ཤར་ནུབ་ཀྱི་གླིང་གཉིས་ལ་རིང་བ་མཉམ་ཚེ། ལྷོ་བྱང་གི་གླིང་གཉིས་ལ་ཐུང་བ་མཉམ་པས་སོ། །དྲི་བ།༤༠༽གོ་ལ་དྲུ་འཛིང་མ་མཛོད་ཀྱི་ལུགས་ལ་མི་འཐད་པའི་རྒྱུ་མཚན་ཅི། ལན། དྲུ་འཛིང་མའི་ལུགས་ཀྱི་ཉི་མ་བྱང་བགྲོད་མཐར་ཐུག་པའི་ཚེ་དུམ་བུ་བདུན་པའི་ཕྱེད་མཚམས་ཚུན་ཆད་དུ་མི་འོང་བས་ཉི་མ་གླིང་དཀྱིལ་དུ་བསླེབ་ཐབས་མེད་ཅིང་། བྱང་བགྲོད་མཐར་ཐུག་པའི་ཚེ་ཉི་མ་གླིང་དཀྱིལ་དུ་བསླེབ་དགོས་པ་མཆིམས་ཀྱིས་གསུངས་པས་སོ། །དྲི་བ།༤༡༽སྟོང་གསུམ་གཅིག་གི་ཚད་གང་། ལན། གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་ཆ་ཚང་བའི་འཇིག་རྟེན་སྟོང་ཕྲག་གཅིག་ལ་སྟོང་དང་པོ། དེ་སྟོང་གཅིག་ལ་སྟོང་གཉིས་པ། སྟོང་གཉིས་པ་སྟོང་གཅིག་ལ་སྟོང་གསུམ་གྱི་འཇིག་རྟེན་ཞེས་བྱའོ། །དྲི་བ།༤༢༽བར་སྐལ་ཉི་ཤུའི་བརྩི་སྟངས་སྨྲོས། ལན།༽ཚེ་ལོ་བརྒྱ་རེ་མཚམས་ནས་ལོ་རེ་ཕྲིས་ཏེ། ཚེ་ལོ་བརྒྱད་ཁྲི་ནས་ཚེ་ལོ་བཅུ་པར་ཐུག་པའི་ཡུན་ཚད་དེ་ལ་ཡ་ཐོག་རིང་མོ་དང་། དེ་ནས་སྔར་ལྟར་ལོ་བརྒྱ་རེ་མཚམས་ནས་ལོ་རེ་སྣོན་ཕྲི་བྱས་ཏེ་ཡར་ཚེ་ལོ་བརྒྱད་ཁྲི་དང་། མར་བཅུ་པར་ཐུག་པའི་ཡུན་ཚད་དེ་ལ་བར་གྱི་ཁུག་པ་གཅིག་དང་། དེ་ལྟར་ལན་གྲངས་བཅོ་བརྒྱད་ལ་བར་གྱི་ཁུག་པ་བཅོ་བརྒྱད་དང་། མཐར་ཡང་ལོ་བརྒྱ་རེ་མཚམས་ལ་ལོ་རེ་བསྣན་ཏེ་ཚེ་ལོ་བཅུ་བ་ནས་བརྒྱད་ཁྲིར་ཐུག་པའི་ཡུན་ཚད་དེ་ལ་མ་ཐོག་རིང་མོ་སྟེ།ཡར་ཐོག་རིང་མོ་དང་། བར་གྱི་ཁུག་པ་བཅོ་བརྒྱད། མ་ཐོག་རིང་མོ་བཅས་བསྡོམས་པ་དེར་བར་སྐལ་ཉི་ཤུ་ཞེས་བྱའོ། །དྲི་བ།༤༣༽དུས་ངན་སྙིགས་མ་ལྔ་པོ་གང་། ལན། ༡སྲོག་རྒུད་པ་ཚེའི་སྙིགས་མ།༢ལོངས་སྤྱོད་རྒུད་པ་དུས་ཀྱི་དང་།༣རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་དང་།༤ཁྱིམ་པའི་དགེ་ཕྱོགས་རྒུད་པ་ཉོན་མོངས་ཀྱི་དང་།༥ལུས་རྒུད་པ་སེམས་ཅན་སྙིགས་མ་བཅས་ལྔའོ། །དྲི་བ།༤༤༽གྲངས་མེད་གཅིག་གི་ཚད་ཞོག ལན།༽གྲངས་གནས་དྲུག་ཅུར་ཕྱིན་པ་དེའོ། །དྲི་བ།༤༥༽འཇིག་ཐེངས་དྲུག་ཅུ་རྩ་བཞི་གང་། ལན།༽མཛོད་རྩར། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པར་བྱེད། །ཅེས་པ་ལྟར་རོ། །
མཛོད་གནས་བཞི་པ་ལས་བསྟན་པའི་དྲི་བ་དང་དྲིས་ལན།
དྲི་བ།༡༽ལས་ཀྱི་མཚན་ཉིད་གང་། ལན། ཡིད་ཤེས་དང་མཚུངས་ལྡན་དུ་གྱུར་པའི་སེམས་བྱུང་སེམས་པའམ། དེས་ཀུན་ནས་བསླངས་བའི་གཟུགས་དེའོ། །དྲི་བ།༢༽གཟུགས་དྭང་བ་ཞེས་པའི་དོན་གང་། ལན། གསལ་སྒྲིབ་མེད་པའི་གཟུགས་དེའོ། དྲི་བ།༣༽སེམས་པ་དང་བསམ་པའི་ལས་ཀྱི་མཚན་ཉིད་གང་། ལན། ཡིད་ཤེས་དང་མཚུངས་ལྡན་དུ་གྱུར་བའི་སེམས་བྱུང་སེམས་པ་དེ། སེམས་པའི་དང་། སེམས་པ་དེས་ཀུན་ནས་བསླངས་བའི་གཟུགས་དེ། བསམ་པའི་ལས་ཀྱི་མཚན་ཉིད་དོ། །དྲི་བ།༤༽བསམ་པའི་ལས་ལ་དབྱེ་ན་དུ་ཡོད། སོ་སོའི་མཚན་ཉིད་སྨྲོས། ལན། དབྱེ་ན་ལུས་ངག་གི་ལས་གཉིས་ཏེ། ལུས་ཀྱི་བྱ་བར་གྱུར་པའི་བསམ་པའི་ལས་དེ། ལུས་ཀྱི་དང་། ངག་གི་བྱ་བར་གྱུར་པའི་བསམ་པའི་ལས་དེ། ངག་གི་ལས་ཀྱི་མཚན་ཉིད་དོ། །དྲི་བ།༥༽རིག་བྱེད་ཀྱི་གཟུགས་ཀྱི་ཚད་སྨྲོས། ལན། ནང་གི་ཀུན་སློང་གཞན་ལ་རིག་པར་བྱེད་པའི་གཟུགས་དེའོ། །དྲི་བ།༦༽བྱེ་སྨྲས་རིག་བྱེད་མིན་པའི་གཟུགས་ཡོད་པའི་སྒྲུབ་བྱེད་གང་དགོད། ལན། མདོ་ལས། གནས་གསུམ་གྱི་གཟུགས་ཀྱིས་གཟུགས་ཐམས་ཅད་བསྡུས་པ་ཡིན་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ཀྱང་ཡོད། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་ཡོད་དོ། །ཞེས་གསུངས་སོ། །དྲི་བ།༧༽རྫས་བྱུང་གི་བསོད་ནམས་བདུན་པོ་གང་། ལན། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པ་ནད་གཡོག་དང་། །ཡུལ་ངན་ཚེས་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་སོ། །དྲི་བ།༨༽རྫས་བྱུང་མིན་པའི་བསོད་ནམས་བདུན་པོ་གང་། ལན། བཞུགས་དང་གཤེགས་རྩོམ་ལམ་ཞུགས་དང་། ཕྱིན་པ་ཐོས་དང་མཐོང་བ་དང་། །ཆོས་ཐོས་བསླབ་པས་གཞི་འཛིན་ལས། །དགའ་དང་དད་པ་བསྐྱེད་པ་ནི། །རྫས་ལ་མ་ལྟོས་བསོད་ནམས་བདུན། །ཞེས་སོ། །དྲི་བ།༩༽བསམ་གཏན་གཉིས་པ་ཡན་ཆོད་ན་ཀུན་སློང་མེད་པའི་སྒྲུབ་བྱེད་གང་། ལན། རྩ་བར། རྣམ་རིག་དཔྱོད་དང་བཅས་དག་ན། །འདོད་པ་ན་ཡང་བསྒྲིབས་པ་མེད། །གང་ཕྱིར་ཀུན་སློང་མེད་ཅེས་གསུངས་པས་སོ། །དྲི་བ།༡༠༽ལུས་ངག་གི་ལས་ལ་རྟོག་དཔྱོད་ཅན་གྱི་ཀུན་སློང་དགོས་པའི་སྒྲུབ་བྱེད་གང་། ལན། རྒྱལ་སྲས་མ་ལས། བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲ་བས་ལུས་དང་ངག་གི་ལས་དག་ནི་རྟོག་པ་དང་དཔྱོད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་དང་། གང་སྤེལ་གྱིས། ལུས་དང་ངག་གི་ལས་ནི་རྟོག་པ་དང་དཔྱོད་པ་མངོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པས་སོ། །དྲི་བ།༡༡༽བསམ་གཏན་གཉིས་པ་ཡན་ཆོད་ན་རྣམ་པར་རིག་བྱེད་ཀྱི་གཟུགས་ཡོད་པའི་སྒྲུབ་བྱེད་གང་། ལན། རྒྱལ་སྲས་མ་ལས་བསམ་གཏན་གཉིས་པ་ལ་སོགས་པ་ན་ཡང་རྣམ་པར་རིག་བྱེད་ཡོད་ཅེས་བྱ་བ་ཡིན་ནོ་ཞེས་གསུངས་པས་སོ། །དྲི་བ།༡༢༽ བསམ་གཏན་གཉིས་པ་སོགས་ཀྱི་རིག་བྱེད་ཀྱི་ཀུན་སློང་ལ་འོག་མའི་ཀུན་སློང་མངོན་དུ་བྱེད་དགོས་པའི་སྒྲུབ་བྱེད་གང་། ལན། རྒྱལ་སྲས་མ་ལས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ནི་ས་འོག་མའི་སེམས་ཏེ་སེམས་གང་གིས་དགེ་བའམ་ཉོན་མོངས་པ་ཅན་གྱི་རྣམ་པར་རིག་བྱེད་ཀུན་ནས་སློང་བར་འགྱུར་བ་དེ་ལྟ་བུ་སྟེ་ཞེས་གསུངས་པས་སོ། །དྲི་བ།༡༣༽འདོད་ན་བསྒྲིབས་གཟུགས་ལུང་མ་བསྟན་མེད་པའི་རྒྱུ་མཚན་ཅི། ལན། ལྟ་བ་དང་པོ་གཉིས་བསྒྲིབས་ལུང་མ་བསྟན་ཡིན་ཡང་། དེ་གཉིས་མཐོང་སྤང་ཡིན་པས་བསྒྲིབས་གཟུགས་ཀུན་ནས་བསླང་མི་ནུས་ལ་དེ་ལས་གཞན་པའི་སློང་བྱེད་མེད་པས་སོ། །དྲི་བ།༡༤༽ དགེ་བ་བཞི་པོའི་ངོ་བོ་སོ་སོར་སྨྲོས། ལན། དོན་དམ་པའི་དགེ་བ་ནི། སྡུག་བསྔལ་ཉེར་བར་ཞི་བ་སྟེ། འགོག་པ་དང་ལམ་བདེན་གང་རུང་གིས་བསྡུས་པ་དང་། ངོ་བོ་ཉིད་ཀྱིས་ནི། མཚུངས་ལྡན་དང་ཀུན་སློང་ལ་མི་ལྟོས་པར་རང་རྒྱུ་ལས་གྲུབ་ཙམ་གྱིས་དགེ་བར་གྲུབ་པ་དང་། མཚུངས་ལྡན་གྱི་ནི། མཚུངས་ལྡན་གྲོགས་ཀྱི་སྟོབས་ཀྱིས་དགེ་བར་གྲུབ་པ་དང་། ཀུན་སློང་གི་ནི། ཀུན་སློང་གི་སྟོབས་ཀྱིས་དགེ་བར་གྲུབ་པ་དེའོ། །དྲི་བ།༡༥༽དོན་དམ་པའི་མི་དགེ་བ་དང་། དོན་དམ་པའི་ལུང་མ་བསྟན་གཉིས་ཀྱི་ཚད་གང་། ལན། དང་པོ། ཟག་བཅས་ཡིན་པ་དང་པོ། དོན་དམ་པའི་དགེ་བ་མིན་པའི་རྟག་པ་གཉིས་པའི་དེའོ། །དྲི་བ།༡༦༽ཀུན་སློང་གི་མཚན་ཉིད་དང་དབྱེ་བ་གང་། ལན། མངོན་པར་འདུ་(རྟོག་དཔྱོད་དང་བཅས་པ་)བྱེད་པ་དང་བཅས་པར་ལུས་ངག་གང་རུང་གི་ལས་མངོན་དུ་བྱེད་པའི་བློ་དེའོ། དབྱེ་ན་རྒྱུ་དང་། དེ་དུས་ཀྱི་ཀུན་སློང་གཉིས་སོ། །དྲི་བ།༡༧༽རྒྱུ་དུས་དང་དེ་དུས་ཀྱི་ཀུན་སློང་གི་མཚན་ཉིད་གང་། ལན། ཆོས་དེའི་ཀུན་སློང་གང་ཞིག། ཆོས་དེའི་སྔ་རོལ་དུ་གྲུབ་པ་དང་། དེ་གང་ཞིག ཆོས་དེ་དང་དུས་མཉམ་དུ་གྲུབ་པ་དེ་གཉིས་པའི་མཚན་ཉིད་དོ། །དྲི་བ།༡༨༽སྡོམ་དང་། སྡོམ་མིན། བར་མ་གསུམ་གྱི་མཚན་ཉིད་གང་། ལན། བྱ་བ་(སྤོང་བཞི་སྤོང་བདུན་གང་རུང་གི་འགལ་བ་མི་ཐུན་ཕྱོགས་སུ་གྲུབ་པ)མིན་པ་སྤོང་བའི་ཚུལ་ཁྲིམས་སྡོམ་པའི་དང་། བྱ་བ་དང་ཁས་བླངས་གང་རུང་གིས་ཐོབ་པའི་མི་དགེ་བའི་གཟུགས་དེ་སྡོམ་མིན་གྱི་དང་། སྡོམ་སྡོམ་མིན་གང་རུང་མ་ཡིན་ཞིང་། རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་གང་རུང་ཡིན་པའི་གཞི་མཐུན་པར་དམིགས་པ་དེའོ། །དྲི་བ།༡༩༽སོར་སྡོམ་ལ་ངེས་འབྱུང་གིས་ཟིན་དགོས་པའི་སྒྲུབ་བྱེད་གང་། ལན། མཛོད་རང་འགྲེལ་ལས། ཅི་ཕྱི་རོལ་བ་རྣམས་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་དམ་ཞེ་ན། ཡོད་མོད་ཀྱི་སོ་སོར་ཐར་བའི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར་ཞེས་གསུངས་པས་སོ། །དྲི་བ།༢༠༽སྲིད་པ་ལ་བསྟེན་པའི་དོན་གང་། ལན། ལོག་པར་ལྟ་བ་སོགས་ཀྱིས་ཉམས་པར་བྱས་པ་དང་། སྲིད་པའི་ཁྱད་པར་ཁོ་ན་ལ་ཐར་བར་འདུ་ཤེས་པའི་དོན་སྟེ། གང་སྤེལ་ལས། ཕྱི་རོལ་པ་ཐར་བ་འདོད་པ་རྣམས་ཀྱི་ཚུལ་ཁྲིམས་ནི་སྲིད་པ་ལ་བརྟེན་པ་ཁོ་ན་ཡིན་ཏེ། ལོག་པར་ལྟ་ལ་སོགས་པས་ཉམས་པས་སྲིད་པའི་ཁྱད་པར་ལ་ཐར་པར་འདུ་ཤེས་པའི་ཕྱིར་རོ་ཞེས་གསུངས་པས་སོ། །དྲི་བ།༢༡༽ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་སྡོམ་པའི་མཚན་ཉིད་གང་། ལན། རང་འབྲས་ཟག་བཅས་ཀྱི་བདེ་བ་འཐོབ་པའི་ཀུན་སློང་གིས་བླངས་བའི་སྡོམ་པ་ནི་དང་པོ་དང་། འཁོར་བའི་སྡུག་བསྔལ་བྱེ་བྲག་ཅིག་ལས་ཐར་འདོད་ཀྱི་ཀུན་སློང་གིས་བླངས་བའི་སྡོམ་པ་ནི་གཉིས་པའོ། །དྲི་བ།༢༢༽སོ་ཐར་རིགས་བརྒྱད་པོ་རྫས་བཞིའི་ཁོངས་སུ་འདུ་ཚུལ་ཞོག ལན། དགེ་ཚུལ་མ་དང་དགེ་སློབ་མ་མཚན་གྱུར་ན། དགེ་ཚུལ་ཕ་ཡིན་ཏེ་དེའི་མཚན་གྱུར་པས་མིང་འཕོས་པ་ཙམ་ལས་དེའི་སྡོམ་པ་སྔར་ཡོད་གཏོང་བ་དང་། སྔར་མེད་གསར་ཐོབ་མེད་པས་སོ། །དྲི་བ།༢༣༽སོར་སྡོམ་ལ་རིག་བྱེད་དང་རིག་བྱེད་མིན་པའི་གཟུགས་གཉིས་ཡོད་པའི་སྒྲུབ་བྱེད་གང། ལན། རྩ་བར་དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ་ཞེས་དང་། རྒྱལ་སྲས་མས་ལས་ཀྱི་ལམ་ཞེས་བྱའོ་ཞེས་བྱ་བ་ནི་ལས་ཀྱི་ལམ་དངོས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དང་། གང་སྤེལ་གྱིས་ཀྱང་ལས་ཀྱི་ལམ་ཞེས་བྱའོ་ཞེས་བྱ་བ་ནི། དངོས་ཀྱིས་བསྡུས་པའི་ཕྱིར་རོ་ཞེས་གསུངས་སོ། །རྩ་བར་དགེ་བ་སྦྱོར་དང་མཇུག་བཅས་རྣམས།།ཆགས་སྡང་གཏི་མུག་མེད་ལས་སྐྱེས་ཞེས་པའི་རང་འགྲེལ་ལས། དགེ་འདུན་རྣམས་ལ་ཕྱགས་འཚལ་བར་བྱེད། མཁན་པོ་ལ་གསོལ་བ་འདེབས་པར་བྱེད་པ་ནས་ལས་ལན་གཅིག་བརྗོད་པ་དང་། ལན་གཉིས་བརྗོད་པའི་བར་འདི་ནི་སྦྱོར་བ་ཡིན་ནོ། །ལན་གསུམ་པ་བརྗོད་པའི་ཚེ་རྣམ་པར་རིག་བྱེད་དང་དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་འདི་ནི་ལས་ཀྱི་ལམ་དངོས་ཡིན་ནོ།།དེའི་འོག་ཏུ་ཇི་སྲིད་དུ་གནས་བསྒོ་བའམ་ཞེས་པ་ནས་རྗེས་སུ་འབྲང་བ་འདི་ནི་མཇུག་ཡིན་ནོ་ཞེས་གསུངས་པས་སོ། །དྲི་བ།༢༤༽སྡོམ་པ་ལྡན་ཚུལ་དུ་ཡོད་སོ་སོར་ཞོག ལན། མངོན་གྱུར་དང་། ཐོབ་པ་ལྡན་ཚུལ་གཉིས་སོ། །དྲི་བ།༢༥༽བསམ་གཏན་དང་། ཟག་མེད་ཀྱི་སྡོམ་པའི་མཚན་ཉིད་གང་། ལན། གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་གང་ཞིག བསམ་གཏན་སེམས་ཀྱི་རྗེས་སུ་འབྲང་བ་དེ། བསམ་གཏན་གྱི་དང་། ཟག་པ་མེད་པའི་ཚུལ་ཁྲིམས་གང་ཞིག ཟག་མེད་སེམས་ཀྱི་རྗེས་སུ་འབྲང་བ་དེ། ཟག་མེད་ཀྱི་སྡོམ་པའོ། །དྲི་བ།༢༦༽སྔོན་ཆོག་དང་ད་ཆོག་གི་མཚན་ཉིད་གང་། ལན། སྔོན་ཆོག་གི་ནི། བཅུ་ཚོགས་སམ་ལྔ་ཚོགས་ཀྱི་དགེ་འདུན་ལ་གསོལ་བཏབ་སྔོན་དུ་འགྲོ་བས། གསོལ་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱེད་པའི་ཆོ་ག་དེའོ། །ད་ཆོག་གི་ནི། སྔོན་ཆོག་གི་རྗེས་སུ་བཅས་པ་མཛད་པའི་གསོལ་བཞིའི་ཆོ་ག་དེའོ། །དྲི་བ།༢༧༽རྩ་བར་སྐྱབས་སུ་མ་སོང་མ་ལ་མེད་ཅེས་པའི་ལུང་དོན་ཞོག ལན། མཆིམས་ཀྱིས་གང་སྤེལ་གྱི་དགོངས་པར་མཆོག་གསུམ་ལ་ཐེ་ཚོམ་ཟ་བ་དང་ལོག་པར་ཞུགས་པའི་བསམ་པས་སྐྱབས་སུ་མི་འགྲོ་བ་ཅན་ལ་སྡོམ་པ་མི་སྐྱེ་བར་བཞེད་དོ། །དེའང་གང་སྤེལ་གྱིས་མི་ཤེས་པ་ནི་མ་གཏོགས་སོ། །ཞེས་བྱ་བ་ནི། འབོགས་པ་པོ་དང་ནོད་པ་པོས་ཏེ། ཐེ་ཚོམ་ཟ་ནས་སྐྱབས་སུ་མི་འགྲོ་བ་ལ་ནི་དགེ་བསྙེན་གྱི་སྡོམ་པ་མེད་དོ་ཞེས་གསུངས་སོ། །དྲི་བ།༢༨༽བྱེ་སྨྲའི་ལུགས་ཀྱི་སྐྱབས་ཡུལ་མཆོག་གསུམ་ངོས་ཟུངས། ལན། སངས་རྒྱས་དཀོན་མཆོག་ནི། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཟག་མེད་ཀྱི་ཕུང་པོ་དེའོ། །ཆོས་དཀོན་མཆོག་ནི། སངས་རྒྱས་ཉན་ཐོས་གང་གི་རྒྱུད་ཀྱིས་མ་བསྡུས་པའི་དོན་དམ་པའི་དགེ་བ། དགེ་འདུན་དཀོན་མཆོག་ནི། ཉན་ཐོས་འཕགས་པའི་རྒྱུད་ཀྱི་ཟག་མེད་ཀྱི་ཕུང་པོ་དེའོ། །དྲི་བ།༢༩༽བྱེ་སྨྲའི་ལུགས་ཀྱི་སྐྱབས་འགྲོའི་ངོ་བོ་གང་། ལན། མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་ངག་གི་རིག་བྱེད་ཀུན་སློང་དང་བཅས་པ་དེའོ། །འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཅན་ཏེ། གང་སྤེལ་ལས་ཁས་ལེན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ཏེ། སེམས་ཀྱི་ཀུན་ནས་བསླང་བའི་ཕྱིར་ཚིག་གི་སྐྱབས་སུ་འགྲོའི། སེམས་མེད་པར་ནི་མ་ཡིན་ནོ་ཞེས་གསུངས་པས་སོ། །དྲི་བ།༣༠༽སྐྱབས་འགྲོའི་དོན་ནམ་དགོས་ཆེད་གང་། །ལན། སྡུག་བསྔལ་ཐམས་ཅད་ལས་གཏན་དུ་གྲོལ་བའི་ཆེད་དེ། རང་འགྲེལ་ལས་ཡང་སྐྱབས་འགྲོའི་དོན་ཅི་ཞེ་ན། དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་པའི་ཕྱིར་རོ་ཞེས་གསུངས་པས་སོ། །དྲི་བ།༣༡༽ཆོས་སྐུ་སངས་རྒྱས་སུ་བཤད་པ་གཙོ་ཆེ་བ་ལས་གཟུགས་སྐུ་ཡང་སངས་རྒྱས་ཡིན་པར་བཞེད་པ་མཆིམས་ཀྱིས་གསུངས་པ་ལ་སྒྲུབ་བྱེད་ཡོད་དམ། ལན། ཡོད་སྙམ་སྟེ། གང་སྤེལ་ལས་མི་སློབ་པའི་ཆོས་ཉིད་(ཁོ་ན)སངས་རྒྱས་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རྟེན་ཡང་སངས་རྒྱས་ཡིན་ནོ་ཞེས་གསུངས་པས་སོ། །དྲི་བ།༣༢༽ཆང་འཐུང་བ་བཅས་རང་གང་ཡིན། རྒྱུ་མཚན་སྨྲོས། ལན། བཅས་རྐྱང་ལུང་མ་བསྟན་ཡིན་ཏེ། རེས་དགའ་གཉེན་པོའི་བློས་ཀྱང་སྤྱད་དུ་རུང་ཞིང་། བསླབ་པ་བཅས་པ་ཁོ་ན་ལ་སྡིག་ཏུ་འགྱུར་བའི་ཕྱིར་རོ། །དྲི་བ།༣༣༽རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་གང་། ལན། གང་ཟག་བསླབ་པ་བཅས་མ་བཅས་ཐམས་ཅད་ལ་སྡིག་ཏུ་འགྱུར་བའི་ཁ་ན་མ་ཐོ་བ་དེའོ། །དྲི་བ།༣༤༽སོར་སྡོམ་གཏོང་བྱེད་ཀྱི་རྒྱུའི་མཚན་ཉིད་གང་། ལན། སོར་སྡོམ་རྒྱུད་ལྡན་གྱི་གང་ཟག་གིས་བསླབ་པ་ཕུལ་བའམ། སོར་སྡོམ་གྱི་རྟེན་འགྱུར་བ་དེའོ། །(དེའི་ཟུར་གྱི་རྟེན་འགྱུར་བ་ནི། དགེ་རྩ་ཆད་པ་དང་། དེའི་རྟེན་ཉམས་པ་གང་རུང་ངོ་། །ཡང་དེའི་ཟུར་གྱི་རྟེན་ཉམས་པ་ནི། ཤི་འཕོས་པ་དང་མཚན་འགྱུར་བ་གང་རུང་ངོ་། །ཡང་དེའི་ཟུར་གྱི་དེའི་མཚན་འགྱུར་བ་ནི། མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་། མཚན་ལན་གསུམ་འགྱུར་བ་གང་རུང་ངོ་།།)དྲི་བ།༣༥༽རྩ་བར། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང་ཞེས་པའི་ལུང་དོན་ཞོག ལན། བསམ་གཏན་གྱི་སྡོམ་པ་ལ་གཏོང་བྱེད་གཉིས་ཏེ། དང་པོ་ནི། གོང་ས་ནས་འོག་སར་སྐྱེས་པ་དང་། འོག་ས་ནས་གོང་སར་སྐྱེས་པས་གཏོང་བ་དང་། གཉིས་པ་ནི། འོག་སའི་རྟེན་ལ་གོང་སའི་སེམས་མངོན་དུ་བྱས་ནས་སླར་ཡང་རྟེན་དེར་འོག་སའི་ཉོན་མོངས་མངོན་དུ་གྱུར་པས་གོང་སའི་སེམས་ཉམས་པར་བྱས་པས་གཏོང་བ་སྟེ་གཉིས་སོ། །དྲི་བ།༣༦༽རྩ་བར་འབྲས་བུ་ཐོབ་སྦྱང་ཉམས་པ་ལས་ཞེས་པའི་ལུང་དོན་ཞོག ལན། ཟག་མེད་ཀྱི་སྡོམ་པ་གཏོང་བྱེད་གསུམ་ཏེ། ༡འབྲས་བུ་བཞི་པོ་གང་རུང་ཐོབ་པས་སྔར་རང་གི་ཞུགས་པའི་ཡིན་པའི་ཆར་གྱུར་པའི་ཟག་མེད་ཀྱི་སྡོམ་པ་གཏོང་བ་དང་། ༢དབང་པོ་རྟུལ་བོ་སྦྱངས་ནས་རྣོ་པོར་གྱུར་སྐབས་སྔར་རྟུལ་པོའི་ཡིན་པའི་ཆར་གྱུར་པའི་ཟག་མེད་ཀྱི་སྡོམ་པ་གཏོང་བ་དང་། ༣འབྲས་བུ་ཕྱི་མ་གསུམ་པོ་གང་རུང་འོག་སའི་ཉོན་མོངས་ཀྱིས་ཉམས་པའི་ཚེ་སྔར་གྱི་འབྲས་བུའི་ཆར་གྱུར་པའི་ཟག་མེད་ཀྱི་སྡོམ་པ་གཏོང་བའོ། །དྲི་བ།༣༧༽སྡོམ་མིན་གཏོང་བྱེད་ཀྱི་རྒྱུ་གསུམ་པོ་གང་། ལན། རྩ་བར། སྡོམ་མིན་སྡོམ་པ་ཐོབ་པ་དང་། ཤི་དང་མཚན་གཉིས་བྱུང་བ་ལས། ཞེས་པ་ལྟར་རོ། །དྲི་བ།༣༨༽ཚངས་ཆེན་དང་། འདུ་ཤེས་མེད་པའི་སེམས་ཅན་ལ་ཟག་མེད་མི་སྐྱེ་བའི་རྒྱུ་མཚན་གང་། ལན། དང་པོ་ནི། ཕྱིན་ཅི་ལོག་གི་ལྟ་བ་དང་ལྡན་པའི་ཕྱིར། གཉིས་པ་ནི། མི་ཁོམ་པའི་གནས་སུ་སྐྱེས་པའི་སེམས་ཅན་ཡིན་པའི་ཕྱིར་རོ། །དྲི་བ།༣༩༽བསོད་ནམས་དང་བསོད་ནམས་མ་ཡིན་པ་མི་གཡོ་བའི་ལས་ཀྱི་མཚན་ཉིད་ཞོག ལན། འདོད་པར་གཏོགས་པའི་དགེ་བའི་ལས་དང་པོ་དང་། མི་དགེ་བའི་ལས་དེ་གཉིས་པ་དང་། ཁམས་གོང་མས་བསྡུས་པའི་ལས་དེ་གསུམ་པའོ། །དྲི་བ།༤༠༽ཁས་བླངས་དང་བྱ་བ་ལས་ཐོབ་པའི་སྡོམ་མིན་གྱི་གཟུགས་ཀྱི་མཚན་ཉིད་སོ་སོར་སྨྲོས། ལན། དང་པོ་ནི། ཇི་སྲིད་འཚོའི་བར་ལུས་ངག་གི་སྤང་བདུན་པོ་མཐའ་དག་སྤྱོད་པར་ཁས་བླངས་བ་ལ་བརྟེན་པའི་མི་དགེ་བའི་གཟུགས་དེ། གཉིས་པ་ནི།ཤན་པའི་རིགས་ཅན་དུ་སྐྱེ་བའི་གང་ཟག་གིས་སྲོག་གཅོད་པ་སོགས་བྱ་བ་བྱས་ཙམ་ནས་ཐོབ་པའི་མི་དགེའི་གཟུགས་དེའོ། །དྲི་བ།༤༡༽ མྱོང་བར་ངེས་མ་ངེས་པའི་ལས་ཀྱི་མཚན་ཉིད་གང་། ལན། རང་འབྲས་རྣམ་སྨིན་འབྱིན་ངེས་ཀྱི་ལས་དེ་དང་པོ་དང་། རང་འབྲས་རྣམ་སྨིན་འབྱིན་པར་མི་ངེས་པའི་ལས་དེ་གཉིས་པའོ། །དྲི་བ།༤༢༽མཐོང་ཆོས་མྱོང་འགྱུར། སྐྱེ་ནས་མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གསུམ་གྱི་མཚན་ཉིད་གང་། ལན། ལས་བྱས་པའི་ཚེ་དེ་ཉིད་ལ་ལས་དེའི་འབྲས་བུ་མྱོང་བར་འགྱུར་བའི་ལས་དེ། མཐོང་ཆོས་མྱོང་འགྱུར་གྱི་ལས་དང་། ལས་དེ་བྱས་པའི་ཚེ་ཕྱི་མ་དེ་ཉིད་ལ་རྣམ་སྨིན་མྱོང་བར་འགྱུར་བའི་ལས་དེ། སྐྱེ་ནས་མྱོང་འགྱུར་གྱི་དང་། ལས་དེའི་རྣམ་སྨིན་གྱི་འབྲས་བུ་ལས་བྱས་པའི་སྐྱེ་བ་གསུམ་ཕན་ཆོད་དུ་མྱོང་བར་འགྱུར་བའི་ལས་དེ། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་མཚན་ཉིད། དྲི་བ།༤༣༽འཕེན་བྱེད་དང་རྫོགས་བྱེད་འགྲུབ་བྱེད་ཀྱི་ལས་གསུམ་གྱི་མཚན་ཉིད་གང་། ལན། དང་པོ་ནི། རྣམ་སྨིན་གྱི་ངོ་བོ་འགྲུབ་པར་བྱེད་པའི་ལས་དེ། འཕེན་བྱེད་ལས་ཀྱི་མཚན་ཉིད། རྣམ་སྨིན་གྱི་ཁྱད་པར་སྐྱེ་བ་ཕྱི་མ་ཁོ་ན་ལ་མྱོང་བར་བྱེད་པའི་ལས་དེ། རྫོགས་བྱེད་ཀྱི་ལས་ཀྱི་མཚན་ཉིད། རྣམ་སྨིན་གྱི་ངོ་བོ་འགྲུབ་ངེས་སུ་བྱེད་པའི་ལས་དེ། འགྲུབ་བྱེད་ལས་ཀྱི་མཚན་ཉིད། དྲི་བ།༤༤༽སྐབས་འདིའི་ལས་ལམ་ཀྱི་གོ་དོན་ཞོག ལན། བརྣབ་སེམས་སོགས་གསུམ་ནི་ཉོན་མོངས་པ་ཡིན་པས་ལས་མིན་ལ། རང་དང་མཚུངས་པར་ལྡན་པའི་སེམས་པ་ཡུལ་ལ་འཇུག་པར་བྱེད་པས་ན་ལམ་ཡིན་ལ། ལུས་ངག་གི་ལས་རྣམས་ནི། བྱ་བ་ཡིན་པས་ལས་ཡིན་ལ། རང་ཀུན་ནས་སློང་བྱེད་ཀྱི་སེམས་པ་ཡུལ་ལ་འཇུག་པར་བྱེད་པས་ལམ་ཡང་ཡིན་པའོ། །དྲི་བ།༤༥༽དགེ་རྩ་གཅོད་བྱེད་ཀྱི་ལོག་ལྟའི་ཚད་གང་། ལན། འགྱོད་སེམས་ཅུང་ཟད་ཀྱང་མི་བསྐྱེད་པའི་རྒྱུ་འབྲས་དང་འཕགས་ཆོས་ཅི་རིགས་མེད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེའོ། །དྲི་བ།༤༦༽གཅད་བྱའི་དགེ་རྩའི་ཚད་གང་། ལན། འདོད་པར་གཏོགས་པའི་སྐྱེས་ཐོབ་ཀྱི་དགེ་བ་དེའོ། །དྲི་བ།༤༧༽དགེ་རྩ་གཅད་པའི་རྟེན་ལ་བུད་མེད་དང་། ཤར་ནུབ་གླིང་གི་མི་མེད་པར་བཤད་པ་དག་བསྟན་བཅོས་དང་འགལ་ཚུལ་སྨྲོས། ལན། བུ་མེད་དང་། ཤར་ནུབ་པ་དག་གི་རྒྱུད་ལ་དབང་པོ་ཆེས་ཉུང་བ་དབང་པོ་བརྒྱད་དང་ལྡན་པར་བཤད་ཅིང་། གལ་ཏེ་དེ་དག་གི་རྒྱུད་ལ་དགེ་རྩ་གཅད་རྒྱུ་མེད་ན། དེ་དག་གི་རྒྱུད་ལ་མ་མཐར་དབང་པོ་བརྒྱད་ཁོ་ན་དང་ལྡན་པ་ཞིག་མི་སྲིད་པས་སོ། །༤༨༽དགེ་རྩ་བཅད་པའི་ངོ་བོ་གང་། ལན། ལོག་ལྟ་ཤུགས་དྲག་སྐྱེས་སྟོབས་ཀྱིས་དགེ་བའི་ཐོབ་པ་བཅད་ཏེ་མ་ཐོབ་སྐྱེས་པ་དེའོ། །དྲི་བ།༤༩༽དགེ་རྩ་མཚམས་སྦྱོར་བྱེད་དུ་ཡོད་ངོས་ཟུངས། ལན། ལས་འབྲས་འཕགས་ཆོས་སོགས་ཡོད་མེད་ཆ་མཉམ་འཛིན་པའི་ཐེ་ཚོམ་ཉོན་མོངས་ཅན་དང་། དོན་འགྱུར་གྱི་ཐེ་ཚོམ། ཡང་དག་པའི་ལྟ་བ་བཅས་གསུམ་མོ། །དྲི་བ།༥༠༽ལོག་ལྟ་ཤུགས་དྲག་གིས་དགེ་རྩ་བཅད་ན། ཡང་དག་ལྟ་བས་སྡིག་རྩ་མི་གཅོད་པའི་རྒྱུ་མཚན་ཅི། ལན། དགེ་བ་ནི། དགེ་འབྲས་ལ་རེ་ཞིང་། དགེ་ལས་འབད་དེ་བསྒྲུབ་དགོས་པས་དེ་གཅོད་སླ་ལ། སྡིག་པ་ནི། ངན་གོམས་ཀྱི་དབང་གིས་སྡིག་ལས་མ་འབད་ངང་གིས་འབྱུང་བས་གཅོད་དཀའ་བར་གྲུབ་བོ། །དྲི་བ།༥༡༽བྱེ་སྨྲའི་ལུགས་ལ་ལས་ཉོན་གཉིས་འགལ་བའི་རྒྱུ་མཚན་ཅི། ལན། ཉོན་མོངས་པ་། དགེ་མི་དགེ་ལུང་མ་བསྟན་དང་མི་མཚུངས་པར། གྲོགས་དང་མཚུངས་ལྡན་སོགས་ལ་ལྟོས་པ་མེད་པར་ངོ་བོ་ཉིད་ཀྱིས་སེམས་རྒྱུད་མ་ཞི་བར་བྱེད་པ་ལ་འདོད་པ་གཞུང་གི་བབས་དང་བསྟུན་ན་རྟོགས་ནུས་པས། ལས་ནི་ཡིད་ཤེས་དང་མཚུངས་པར་ལྡན་པའི་སེམས་བྱུང་སེམས་པ་ཡིན་པས་དེ་འདྲར་མིན་ལ། དེའི་ཕྱིར་ལས་ཉོན་འགལ་བའམ་གཞི་མཐུན་མེད་པར་འདོད་སྙམ།དྲི་བ།༥༢༽ལྷ་རྣམས་ལ་ལས་འབྲས་མངོན་དུ་གྱུར་བར་བཤད་པའི་དོན་གང་། ལན། གང་སྤེལ་ལས། ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷའི་བུ་སྐྱེས་ནས་རིང་པོ་མ་ལོན་པ་ལ་བདག་གང་ནས་ཤི་འཕོས། གང་དུ་ནི་སྐྱེས། ལས་ནི་གང་ཞིག་གིས་སྐྱེས་སྙམ་པའི་སེམས་གསུམ་ཀུན་ཏུ་འབྱུང་ལ་དེ་ཡང་ཐམས་ཅད་ཤེས་པ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །དྲི་བ།༥༣༽མཆོག་གསུམ་ལས་ཞིང་ལྕི་བ་དགེ་འདུན་དཀོན་མཆོག་ཡིན་པའི་སྒྲུབ་བྱེད་གང་། ལན། མདོ་སྡེ་དྲན་པ་ཉེར་བར་བཞག་པ་ལས། དཀོན་མཆོག་གསུམ་ལ་ནི་ཆུང་ངུ་ཞིག་བླངས་ནའང་ཆེན་པོར་འགྱུར་ཏེ། དེ་དག་ལ་རིས་མཐུན་པ་སླར་ཕུལ་ན་སངས་རྒྱས་དང་ཆོས་ཀྱི་ནི་དག་པར་འགྱུར་ལ། དགེ་འདུན་གྱི་ནི་ཚོར་བ་མ་མྱོང་བར་དག་པར་མི་འགྱུར་ཏེ་ཞིང་ལྕི་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །
མཛོད་གནས་ལྔ་བ་ཕྲ་རྒྱས་བསྟན་པའི་དྲི་བ་དང་དྲིས་ལན།
དྲི་བ།༡༽ཕྲ་རྒྱས་རྣམས་སྲིད་པའི་རྩ་བ་ཡིན་པའི་རྒྱུ་མཚན་གང་། ལན། ཕྲ་རྒྱས་མེད་པར། ལས་ཁོ་ནས་ཡང་སྲིད་ཕྱི་མ་མངོན་པར་འགྲུབ་མི་ནུས་པའི་ཕྱིར་ཏེ། རྒྱལ་སྲས་མ་ལས། ཕྲ་རྒྱས་མེད་པའི་ཕྱིར་ཡང་སྲིད་ཕྱི་མ་མངོན་པར་འགྲུབ་པར་མི་ནུས་སོ། །ཞེས་གསུངས་པས་སོ། །དྲི་བ།༢ ༽སྲིད་པའི་རྩ་བ་ཕྲ་རྒྱས་དྲུག་ཅེས་པའི་སྲིད་པ་ལ། ལས་ཀྱི་སྲིད་པ་དང་ཡང་སྲིད་གཉིས་ཡོད་པའི་ཤེས་བྱེད་ཅི། ལན། རྒྱལ་སྲས་མ་ལས། སྲིད་པའི་རྩ་བ་ཕྲ་རྒྱས་ཞེས་བྱ་བ་ནི་ཡང་སྲིད་པ་དང་། ལས་ཀྱི་སྲིད་པའི་རྩ་བ་ནི་ཕྲ་རྒྱས་རྣམས་ཡིན་ཏེ། ཞེས་གསུངས་པས་སོ། །དྲི་བ།༣༽བྱེ་སྨྲའི་ལུགས་ཀྱི་ཕྲ་རྒྱས་ཀྱི་ཚད་གང་། ལན། ཉོན་མོངས་འཇུག་པའི་བྱ་བ་བཅུ་དང་ལྡན་པ་དེའོ། །དེའང་བཅུ་ནི། རྩ་བ་བརྟན་བྱེད་ཐོབ་པའི་རྒྱུན། །རྒྱུད་གནས་བྱེད་པ་ཕྲ་རྒྱས་རྒྱུན། །ཞིང་ནི་རང་རྒྱུད་ཕྲ་རྒྱས་གཞིར། །རྒྱུ་མཐུན་སྒྲུབ་པ་ཉེ་ཉོན་སྐྱེད། །ལས་ཀྱི་སྲིད་པ་སྒྲུབ་པར་བྱེད། །རང་ཚོགས་འཛིན་པ་ཚུལ་བཞིན་མིན། །དམིགས་ལ་ཀུན་རྨོངས་མི་ཤེས་ཉིད། །རྣམ་ཤེས་རྒྱུན་འཁྲིད་སྲིད་པར་འཕེན། །དགེ་ལས་གཡོ་བ་ཉམས་པ་ཡིན། །འཆིང་བ་ཁམས་ལས་མི་འདའ་བ། །ཞེས་སོ། །དྲི་བ།༤༽ཕྲ་རྒྱས་ཀྱི་ངོ་བོ་ངོས་འཛིན་སྟངས་ལ་འདོད་པ་དུ་ཡོད། སུ་དག་ཡིན། ལན། མདོ་སྡེ་པ་དང་། གནས་མ་བུའི་སྡེ་བ་དང་། བྱེ་བྲག་སྨྲ་བ་དག་གོ། །དྲི་བ།༥༽གནས་མ་བུས་ཇི་ལྟར་འདོད། དེ་མི་འཐད་པའི་སྐྱོན་ཇི་ལྟར་བརྗོད། ལན། ཕྲ་རྒྱས་ཐོབ་པ་ལ་འདོད། དེ་མི་འཐད་པའི་ཚུལ་ནི། རང་འགྲེལ་ལས། སེམས་ནི་ཉོན་མོངས་བྱེད་ཕྱིར་དང་། །སྒྲིབ་ཕྱིར་དགེ་དང་འགལ་ཕྱིར་འདིར། །ཕྲ་རྒྱས་ལྡན་པ་མ་ཡིན་མིན། །ཞེས་གསུངས་པ་ལྟར་རོ། །དྲི་བ།༦༽སྡུག་བསྔལ་བདེན་པའི་ལོག་ཞུགས་ཡིན་པའི་ཚད་གང་། ལན།སྡུག་བསྔལ་བདེན་པའི་གནས་ལུགས་མངོན་སུམ་དུ་མཐོང་ཙམ་ནས་སྤངས་ཐུབ་པའི་ཉོན་མོངས་ཅན་དེའོ། །དྲི་བ།༧༽བྱེ་སྨྲའི་ལུགས་ལ་དངོས་སུ་ལོག་ཞུགས་ལྔ་དང་། བརྒྱུད་ནས་ལོག་ཞུགས་ལྔ་རེ་ཡོད་པའི་ཤེས་བྱེད་ཅི། ལན། གྲུབ་མཐའ་མཛོད་ལས། འདོད་ཁམས་ན་སུམ་བཅུ་རྩ་གཉིས། ཁམས་གོང་མ་གཉིས་སུ་ཁོང་ཁྲོ་ཕྲི་བས་བདེན་བཞིའི་རྣམ་པ་ལ་དམིགས་པ་ཉི་ཤུ་རྩ་བརྒྱད་དེ་བསྡོམས་པས་མཐོང་སྤང་བརྒྱད་ཅུ་རྩ་བརྒྱད་འདོད་དོ། །དེའང་འདོད་པའི་སྡུག་བསྔལ་གྱི་རྣམ་པ་ལ་དམིགས་ཏེ་བཅུ་ལོག་པར་འཇུག་ཚུལ་ལ། དངོས་ཀྱི་འཇུག་ཚུལ་ལྔ་དང་། ལོག་པར་ཞུགས་པའི་དབང་གིས་འཇུག་ཚུལ་ལྔའོ། །ཞེས་གསུངས་པས་སོ། །དྲི་བ།༨༽ལྟ་བ་ལྔའི་མཚན་ཉིད་གང་། ལན། རང་རྒྱུད་ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ང་དང་ང་ཡིར་གང་རུང་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ། འཇིག་ལྟའི་མཚན་ཉིད། རང་རྒྱུད་ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་རྟག་ཆད་གང་རུང་དུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ། མཐར་ལྟའི་མཚན་ཉིད། ལས་འབྲས་སོགས་མེད་པར་ལྟ་བའི་ཤེར་ཉོན་དེ། སྤྱིར་ལོག་ལྟའི་མཚན་ཉིད། རང་ཡུལ་སྡུག་བདེན་སོགས་བདེན་བཞི་གང་རུང་ལ་དམིགས་ནས་རང་ཡུལ་བདེན་པའི་མཚན་ཉིད་བཞི་པོ་གང་རུང་མེད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ། དངོས་སུ་ལོག་ཞུགས་ལོག་ལྟའི་མཚན་ཉིད། རང་རྒྱུད་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས། འཕགས་པའི་བླང་བྱར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ། ལྟ་བ་མཆོག་འཛིན་གྱི་མཚན་ཉིད། འདག་གྲོལ་གྱི་རྒྱུ་མ་ཡིན་པ་ལ་འདག་གྲོལ་གྱི་རྒྱུར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ། ཚུལ་ཞུགས་མཆོག་འཛིན་གྱི་མཚན་ཉིད། དྲི་བ།༩༽ལྟ་མིན་སོ་སོའི་མཚན་ཉིད་གང་། ལན། རང་ཡུལ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་ཤིང་དེ་ལ་རང་སྟོབས་ཀྱིས་རྗེས་སུ་ཆགས་ཤིང་འབྲལ་དཀའ་བའི་སེམས་བྱུང་དེ། འདོད་ཆགས་ཀྱི་མཚན་ཉིད། རང་ཡུལ་ལོག་ལྟ་སོགས་ལྟ་བ་ཅི་རིགས་ལ་དམིགས་ནས། དེ་ལ་ཆགས་ཤིང་ཞེན་པའི་བློ་དེ། སྐབས་འདིའི་མཐོང་སྤང་དུ་གྱུར་བའི་འདོད་ཆགས་ཀྱི་མཚན་ཉིད། རང་ཡུལ་གྱི་ཕྱི་ནང་གི་ཆོས་གང་རུང་ལ་དམིགས་ནས་རང་སྟོབས་ཀྱིས་སེམས་ཁེངས་བའི་སེམས་བྱུང་དེ། ང་རྒྱལ་གྱི་མཚན་ཉིད། རང་ཡུལ་ལོག་ལྟ་སོགས་ལྟ་བ་ཅི་རིགས་ལ་དམིགས་ནས། དེའི་དབང་གིས་རང་སྟོབས་ཀྱིས་སེམས་ཁེངས་བའི་སེམས་བྱུང་དེ། སྐབས་འདིའི་མཐོང་སྤང་ང་རྒྱལ་གྱི་མཚན་ཉིད། རང་ཡུལ་ཁྲོ་བའི་གཞི་ལ་དམིགས་ནས་རང་སྟོབས་ཀྱིས་ཀུན་ནས་མནར་སེམས་པའི་སེམས་བྱུང་དེ། ཁོང་ཁྲོའི་མཚན་ཉིད། རང་ཡུལ་ལོག་ལྟ་སོགས་ལྟ་བ་ཅི་རིགས་དང་མི་མཐུན་པར་འཛིན་པའི་གང་ཟག་ལ་དམིགས་ནས། ལོག་ལྟ་སོགས་ཀྱི་དབང་གིས་རང་སྟོབས་ཀྱིས་ཀུན་ནས་མནར་སེམས་པའི་བློ་དེ། སྐབས་འདིའི་མཐོང་སྤང་ཁོང་ཁྲོའི་མཚན་ཉིད། རང་ཡུལ་རང་སྟོབས་ཀྱིས་མ་རྟོགས་པའི་རྣམ་པ་ཅན་གྱི་སེམས་བྱུང་རྨོངས་པ་དེ། མ་རིག་པའིཚན་ཉིད། རང་ཡུལ་བདེན་དོན་ལ་དམིགས་ནས་ཕྱིན་ཅི་ལོག་ཏུ་ཞུགས་པའི་སེམས་བྱུང་རྨོངས་པ་དེ། སྐབས་འདིའི་མཐོང་སྤང་མ་རིག་པའི་མཚན་ཉིད། རང་ཡུལ་བདེན་དོན་ལ་དམིགས་ནས་རང་སྟོབས་ཀྱིས་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཡིད་གཉིས་ཟ་བའི་བློ་དེ། སྐབས་འདིའི་ཐེ་ཚོམ་གྱི་མཚན་ཉིད་དོ། །དྲི་བ།༡༠༽བདེན་པ་དེ་ལ་དངོས་སུ་ལོག་ཞུགས་ཡིན་པའི་ཚད་གང་། ལན། བདེན་པ་དེའི་མཚན་ཉིད་བཞི་པོ་གང་རུང་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་ཕྲ་རྒྱས་དེའོ། །དྲི་བ།༡༡༽འཇིག་མཐར་གཉིས་བདེན་པ་དང་པོ་ཁོ་ན་ལ་ལོག་པར་ཞུགས་པའི་རྒྱུ་མཚན་ཅི། ལན། འཇིག་མཐར་གཉིས་པོའི་འཛིན་སྟངས་དེ་བདེན་པ་དང་པོའི་མཚན་ཉིད་བཞི་པོ་གང་རུང་གི་འགལ་བ་མི་མཐུན་ཕྱོགས་སུ་གྲུབ་པ་ཡིན་པས་སོ། །དྲི་བ།༡༢༽ཚུལ་ཞུགས་མཆོག་འཛིན་སྡུག་བདེན་དང་ལམ་བདེན་གཉིས་ཁོ་ནའི་ལོག་ཞུགས་ཡིན་པའི་རྒྱུ་མཚན་ཅི། ལན། ཚུལ་ཞུགས་མཆོག་འཛིན་ལ་གཉིས་སུ་ངེས་པས། དང་པོ། ལམ་མིན་ལ་ལམ་དུ་འཛིན་པའི་ཚུལ་ཞུགས་མཆོག་འཛིན་ནི། སྡུག་བདེན་གྱི་ལོག་ཞུགས་སུ་ངེས་ཏེ། དེ་རྟག་བདག་ཕྱིན་ཅི་ལོག་གི་རྟོག་པའི་དབང་གིས་རང་ཡུལ་བདེན་དོན་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཤེས་རབ་ཉོན་མོངས་ཅན་ཡིན་པས་སོ། །གཉིས་པ་ལམ་མིན་ལ་ལམ་དུ་འཛིན་པའི་ཚུལ་ཞུགས་མཆོག་འཛིན་ནི། ལམ་བདེན་གྱི་ལོག་ཞུགས་སུ་ངེས་ཏེ། དེས་འཆལ་ཁྲིམས་དང་སྤྱོད་ངན་ལ་དམིགས་ནས་ཐར་བ་ཐོབ་བྱེད་ཀྱི་རྒྱུ་ལམ་བདེན་གྱི་ངོ་བོར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ཡིན་པས་སོ། །དེ་ལས་གཞན་པའི་ཚུལ་ཞུགས་མཆོག་འཛིན་མེད་དོ། །དྲི་བ།༡༣༽ཀུན་འགྲོའི་མཚན་ཉིད་གང་། །ལན། རང་ཡུལ་གྱི་སྤང་བྱ་རིགས་ལྔ་པོ་ལ་དམིགས་པའི་ཕྲ་རྒྱས་རྗེས་འབྲང་དང་བཅས་པ་དེའོ། །དམིགས་ཀྱིས་བསལ་ན་དེའི་ཐོབ་པ་མ་གཏོགས་སོ། །དྲི་བ།༡༤༽ཕྲ་རྒྱས་ཀུན་འགྲོ་དང་། རྒྱུའི་ཀུན་འགྲོའི་ཚད་སོ་སོར་སྨྲོས། ལན། རང་ཡུལ་གྱི་སྤང་བྱ་རིགས་ལྔ་པོ་ལ་ཅིག་ཅར་དུ་དམིགས་པའི་ཕྲ་རྒྱས་དེ། ཕྲ་རྒྱས་ཀུན་འགྲོ་དང་། འདས་པ་དང་ད་ལྟར་གང་རུང་དུ་གྱུར་པའི་ཀུན་འགྲོ་དེ། རྒྱུའི་ཀུན་འགྲོའོ། །ཀུན་འགྲོ་ལ་དེ་གཉིས་སུ་མ་ངེས་སོ། །དྲི་བ།༡༥༽ཕྲ་རྒྱས་ཀུན་འགྲོ་དག་གིས་རང་ཡུལ་གྱི་སྤང་བྱ་རིགས་ལྔ་པོ་ལ་དམིགས་སྟངས་ཞོག ལན། ཡུལ་གྱི་ངོས་ནས། ཡུལ་སྤང་བྱ་རིགས་ལྔ་པོ་གང་གི་ཁྱད་པར་དུ་མ་བྱས་པར་རང་རྒྱུད་ཉེར་ལེན་གྱི་ཕུང་པོ་ལ་དམིགས་ཤིང་། རང་རྒྱུད་ཉེར་ལེན་གྱི་ཕུང་པོའི་ཚོགས་པ་ན་སྤང་བྱ་རིགས་ལྔ་ཆར་འདུས་པ་དང་། ཡུལ་ཅན་གྱི་ངོས་ནས། ཕྲ་རྒྱས་ཀུན་འགྲོ་རང་ཉིད་གང་ལ་ལོག་པར་ཞུགས་ཡུལ་གྱི་བདེན་པ་དང་། རང་གཉིས་ཟག་པ་དང་བཅས་པར་མཐུན་ཞིང་། རང་ཡུལ་བདེན་པ་ལ་དངོས་སུ་ལོག་ཞུགས་དང་། རང་ཡུལ་བདེན་པ་ལ་ལོག་པར་ཞུགས་པའི་ཤེས་རབ་ཉོན་མོངས་ཅན་གང་རུང་ཡིན་པ་དེའོ། །དྲི་བ།༡༦༽ཁམས་སྐལ་བ་མཉམ་པ་དང་མི་མཉམ་པའི་ཀུན་འགྲོའི་ཚད་གང་། ལན། དམིགས་བྱེད་ཀྱི་ཀུན་འགྲོ་རང་དང་། དམིགས་ཡུལ་གྱི་སྤང་བྱ་གཉིས་ཁམས་གཅིག་གིས་བསྡུས་པ་ཡིན་དགོས་པ་དེ། ཁམས་སྐལ་བ་མཉམ་པའི་ཀུན་འགྲོའི་ཚད་དང་། དམིགས་བྱེད་ཀྱི་ཀུན་འགྲོ་རང་དང་། དམིགས་ཡུལ་གྱི་སྤང་བྱ་རྣམས་ཁམས་གཅིག་གིས་མ་བསྡུས་པ་ཡིན་པ་དེ། ཁམས་སྐལ་བ་མི་མཉམ་པའི་ཀུན་འགྲོའི་ཚད་དོ། །དྲི་བ༡༧༽སྲིད་རྩེ་ལ་ཁམས་སྐལ་བ་མི་མཉམ་པའི་ཀུན་འགྲོ་མེད་པའི་རྒྱུ་མཚན་ཅི། ལན། སྲིད་རྩེའི་གོང་ན་ཁམས་གཞན་མེད་ཅིང་། ཁམས་གོང་མའི་ཉོན་མོངས་པས་འོག་མའི་སྤང་བྱ་ལ་མི་དམིགས་པའི་ཕྱིར་རོ། །དྲི་བ།༡༨༽ བྱེ་སྨྲས་དུས་གསུམ་རྫས་གྲུབ་ཡིན་པའི་སྒྲུབ་བྱེད་གང་བཀོད་ཡོད། ལན། མདོ་ལས་འདས་མ་གཉིས་རྫས་གྲུབ་ཡིན་པར་གསུངས་པའི་ཕྱིར་དང་། རྣམ་ཤེས་དྲུག་པོ་ཡུལ་དང་དབང་པོ་གཉིས་ལ་བརྟེན་ནས་སྐྱེ་བར་བཤད་པའི་ཕྱིར་དང་། འདས་མ་གཉིས་ལ་དམིགས་པའི་རྣམ་ཤེས་ད་ལྟ་བ་ལ་ཡུལ་ཡོད་པའི་ཕྱིར་དང་། རྣམ་སྨིན་གྱི་རྒྱུ་ད་ལྟར་བ་ལ་རྣམ་སྨིན་གྱི་འབྲུས་བུ་ཡོད་པའི་ཕྱིར་རོ། །ཞེས་སྨྲས་སོ། །དྲི་བ།༡༩༽ དུས་གསུམ་རྫས་གྲུབ་འཇོག་ཚུལ་དུ་ཡོད། ལན། བཞི་སྟེ། དངོས་པོ་གཞན་འགྱུར་དང་། མཚན་ཉིད་གཞན་འགྱུར། གནས་སྐབས་གཞན་འགྱུར། གཞན་ནས་གཞན་དུ་འགྱུར་བར་སྨྲ་བ་བཅས་སོ། །དྲི་བ།༢༠༽ དུས་གསུམ་རྫས་གྲུབ་ཡིན་པའི་གོ་དོན་གང་ཡིན། ལན། ཤེས་བྱ་གཞི་ལྔ་དང་དུས་གསུམ་གྱིས་བསྡུས་པ་ཐམས་ཅད་དུས་རྣམས་ཀུན་ཏུ་རྫས་སུ་ཡོད་པར་འདོད་པའི་ཚུལ་དེ། དུས་གསུམ་རྫས་གྲུབ་ཡིན་པའི་དོན་ནོ། །བུམ་པ། འདས་མ་གཉིས་རྫས་གྲུབ་ཡིན་ཡང་དེ་དུས་སུ་རང་གི་བྱ་བ་མི་བྱེད་དེ། མ་འོངས་པ་མ་སྐྱེས་པས་བྱ་བ་མི་བྱེད་ལ། འདས་པ་འགགས་ཟིན་པས་བྱ་མི་བྱེད་པར་འདོད་པར་ཤཱཀ་མཆོག་གིས་གསུངས་སོ། །དྲི་བ།༢༡༽དུས་གསུམ་བྱ་བའི་སྒོ་ནས་འཇོག་ཅེས་པའི་དོན་གང་། ལན། བྱ་བ་བྱེད་བཞིན་པའི་དངོས་པོ་རྣམས་ལ་ད་ལྟར་བ་དང་། བྱ་བ་འགགས་ནས་བྱ་བ་མེད་པའི་དངོས་པོ་རྣམས་ལ་འདས་པ་དང་། བྱ་བ་མ་སྐྱེས་ནས་བྱ་བ་མེད་པའི་དངོས་པོ་རྣམས་ལ་མ་འོངས་པར་འཇོག་གོ །དྲི་བ།༢༢༽ཉེ་ཉོན་གྱི་གོ་དོན་གང་། ལན། རང་རྒྱུ་རྩ་ཉོན་གང་རུང་ཞིག་གིས་ཀུན་ནས་བསླངས་བའི་ཉོན་མོངས་པ་དེའོ། །དྲི་བ།༢༣༽ ཉོན་མོངས་རང་དབང་ཅན་གྱི་གོ་དོན་གང་། ལན། མ་རིག་པ་ཙམ་དང་མཚུངས་པར་ལྡན་པ་ལས་རྩ་ཉོན་གཞན་གང་དང་ཡང་མཚུངས་ལྡན་དུ་མི་འགྲོ་བའི་རིགས་ཀྱི་ཉོན་མོངས་པ་ལ་ཟེར། འོན་ཀྱང་ཉོན་མོངས་ཆུང་ངུའི་ས་པ་བཅུ་དང་མཚུངས་པར་ལྡན་ནོ། །དྲི་བ།༢༤༽སྤང་བྱ་སྤོང་ཚུལ་དུ་ཡོད། སོ་སོའི་ངོ་བོ་ངོས་ཟུངས། ལན། དམིགས་པ་ཡོངས་སུ་ཤེས་པའི་སྒོ་ནས་སྤོང་བ་དང་། ཡུལ་ཅན་སྤངས་པས་ཡུལ་སྤོང་བ་དང་། དམིགས་པ་སྤངས་པས་ཡུལ་ཅན་སྤོང་བ་སྟེ་མཐོང་སྤང་སྤོང་བའི་ཚུལ་གསུམ་དང་། སྒོམ་སྤང་ཆུང་འབྲིང་ཆེན་པོ་དགུར་བྱས་ནས་གཉེན་པོ་ཆུང་རིམ་གྱིས་སྒོམ་སྤང་ཆེ་རིམ་ནས་ཟད་པའི་ཚུལ་དང་གཅིག་སྟེ་བཞིའོ། །དྲི་བ།༢༥༽ སྤང་ཚུལ་སོ་སོའི་སྤང་བྱ་རྣམས་ཀྱི་མཚན་ཉིད་སྨྲོས། ལན། ༡རང་དངོས་སུ་སྤོང་བྱེད་ཀྱི་གཉེན་པོས། ཕྲ་རྒྱས་རང་གི་དམིགས་ཡུལ་གྱི་གནས་ལུགས་མངོན་སུམ་དུ་རྟོགས་པའི་སྟོབས་ཀྱིས་སྤང་དགོས་པའི་ཕྲ་རྒྱས་དེ། དམིགས་པ་ཡོངས་སུ་ཤེས་པས་སྤང་བྱའི་ཕྲ་རྒྱས་ཀྱི་མཚན་ཉིད།༢རང་དངོས་སུ་སྤོང་བྱེད་ཀྱི་གཉེན་པོས། ཕྲ་རྒྱས་རང་གི་དམིགས་ཡུལ་གྱི་གནས་ལུགས་མི་རྟོགས་པར། རང་གི་ཡུལ་ཅན་ཕྲ་རྒྱས་སྤངས་སྟོབས་ཀྱིས་སྤང་དགོས་པའི་ཕྲ་རྒྱས་དེ། ཡུལ་ཅན་སྤངས་པས་སྤང་བྱའི་ཕྲ་རྒྱས་ཀྱི་མཚན་ཉིད།༣རང་དངོས་སུ་སྤོང་བྱེད་ཀྱི་གཉེན་པོས། ཕྲ་རྒྱས་རང་གི་དམིགས་ཡུལ་གྱི་གནས་ལུགས་མི་རྟོགས་པར། རང་གི་དམིགས་ཡུལ་ཕྲ་རྒྱས་སྤངས་པའི་སྟོབས་ཀྱིས་སྤང་དགོས་པའི་ཕྲ་རྒྱས་དེ། ཡུལ་སྤངས་པས་སྤང་བྱའི་ཕྲ་རྒྱས་ཀྱི་མཚན་ཉིད། རང་དངོས་སུ་སྤོང་བྱེད་ཀྱི་གཉེན་པོ་དེས། རིམ་གྱིས་སྤང་དགོས་པའི་ཕྲ་རྒྱས་དེ། གཉེན་པོ་སྐྱེས་པས་ཟད་པར་འགྱུར་བའི་སྤང་བྱའི་མཚན་ཉིད་དོ། །དྲི་བ།༢༦༽ རྣམ་གྲངས་ཡོངས་ཤེས་སྤྱི་ཡི་ངོ་བོ་ངོས་ཟུངས། ལན། ཡོངས་ཤེས་རྣམ་གཉིས་ཡེ་ཤེས་ནི། །ཟག་མེད་རྣམ་གྲོལ་ལམ་ཡིན་ནོ། །ཞེས་པ་སྟེ། སྤངས་པ་ཡོངས་ཤེས་དངོས་སུ་མངོན་དུ་བྱེད་པའི་ཟག་མེད་རྣམ་གྲོལ་ལམ་དེ། སྤྱིར་ཡོངས་ཤེས་ཀྱི་ངོ་བོའོ། །དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། ཡེ་ཤེས་ཡོངས་ཤེས་དང་། སྤངས་པ་ཡོངས་ཤེས་གཉིས་སོ། །ཡེ་ཤེས་ཡོངས་ཤེས་དང་། སྤྱིར་ཡོངས་ཤེས་གཉིས་དོན་གཅིག་གོ །སྐབས་འདིར་ཕྱི་མ་སྟེ། སྤངས་བ་ཡོངས་ཤེས་ཀྱི་དབང་དུ་བྱས་ནས་འཆད་དོ། །དྲི་བ།༢༧༽ སྤངས་པ་ཡོངས་ཤེས་ཀྱི་མཚན་ཉིད་ཞོག ལན། སྤང་བྱའི་བྲལ་ཐོབ་ཟག་མེད་གསར་དུ་རྙེད་པ་དང་། སྲིད་རྩེའི་ཉོན་མོངས་ཕྱོགས་ཙམ་སྤངས་པར་བྱས་པ། སྡུག་ཀུན་མཐོང་སྤང་ཀུན་འགྲོའི་རྒྱུ་གཉིས་བཅོམ་པ་སྟེ་ཁྱད་ཆོས་གསུམ་དང་ལྡན་པའི་སོ་སོར་བརྟགས་འགོག་གོ །དྲི་བ།༢༨༽ སྤངས་པ་ཡོངས་ཤེས་དགུ་ཡི་ངོ་བོ་ངོས་ཟུངས། ལན། དེ་ལ་དགུ་སྟེ། འདོད་པའི་བདེན་པ་དང་པོ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས། འདོད་པའི་འགོག་བདེན་གྱི་མཐོང་སྤང་སྤངས་བའི་ཡོངས་ཤེས། འདོད་པའི་ལམ་བདེན་གྱི་མཐོང་སྤང་སྤངས་བའི་ཡོངས་ཤེས་ཏེ་གསུམ་དང་། ཁམས་གོང་མའི་བདེན་པ་དང་པོ་གཉིས་ཀྱི་མཐོང་སྤང་སྤངས་བའི་ཡོངས་ཤེས་དང་། ཁམས་གོང་མའི་འགོག་བདེན་གྱི་མཐོང་སྤང་སྤངས་བའི་ཡོངས་ཤེས་དང་། ཁམས་གོང་མའི་ལམ་བདེན་གྱི་མཐོང་སྤང་སྤངས་བའི་ཡོངས་ཤེས་དང་གསུམ་སྟེ། མཐོང་སྤང་སྤངས་བའི་ཡོངས་ཤེས་དྲུག་གོ །འདོད་པའི་སྒོམ་སྤང་སྤངས་བའི་ཡོངས་ཤེས་དང་། གཟུགས་ཀྱི་སྒོམ་སྤང་སྤངས་བའི་ཡོངས་ཤེས་དང་། གཟུགས་མེད་ཀྱི་སྒོམ་སྤང་སྤངས་བའི་ཡོངས་ཤེས་དང་གསུམ་སྟེ། སྒོམ་སྤང་སྤངས་བའི་ཡོངས་ཤེས་གསུམ་མོ། །ཁྱོན་བསྡོམས་ན་སྤངས་པ་ཡོངས་ཤེས་དགུ་ཡོད་དོ། །དྲི་བ།༢༩༽ ཡོངས་ཤེས་བཟོད་ཤེས་གང་གང་གི་འབྲས་བུ་ཡིན། ལན། མཐོང་སྤང་སྤངས་བའི་ཡོངས་ཤེས་དྲུག་པོ་ཆོས་ཅན། ཁྱོད་བཟོད་ཤེས་གཉིས་ཀྱི་བཟོད་པའི་འབྲས་བུ་ཞེས་བྱ་སྟེ། ཁྱོད་སྤངས་བ་ཡོངས་ཤེས་གང་ཞིག ཁྱོད་ཀྱི་དགག་བྱ་ཉོན་མོངས་རྣམས་དངོས་སུ་སྤོང་བྱེད་བར་ཆད་མེད་ལམ་དེ་བཟོད་ཤེས་གཉིས་ལས་བཟོད་པ་ཡིན་པའི་ཕྱིར། སྒོམ་སྤང་སྤངས་བའི་ཡོངས་ཤེས་གསུམ་པོ་ཆོས་ཅན། བཟོད་ཤེས་གཉིས་ཀྱི་ཤེས་པའི་འབྲས་བུ་ཞེས་བྱ་སྟེ། ཁྱོད་སྤངས་བ་ཡོངས་ཤེས་གང་ཞིག ཁྱོད་ཀྱི་དགག་བྱ་ཉོན་མོངས་རྣམས་དངོས་སུ་སྤོང་བྱེད་བར་ཆད་མེད་ལམ་དེ་བཟོད་ཤེས་གཉིས་ལས་ཤེས་པ་ཡིན་པའི་ཕྱིར་རོ། །དྲི་བ།༣༠༽ བྱེ་སྨྲའི་སློབ་དཔོན་དག་གིས་བཀྲལ་སྟངས་ཤོད། ལན། ཁ་ཆེ་བྱེ་བྲག་སྨྲ་བས། ཆགས་བྲལ་སྔོན་སོང་གི་དབང་དུ་བྱས་པའི་དགེ་འདུན་གྱིས་གཉེན་པོ་ཟག་མེད་བསམ་གཏན་དངོས་གཞིའི་ལམ་གྱིས་སྤང་བྱ་རྣམ་པར་སྤངས་པའི་ཡོངས་ཤེས་ལྔ་གསར་དུ་འཐོབ་པར་འདོད་དེ། ཁམས་གོང་མའི་མཐོང་སྤང་སྤངས་བའི་ཡོངས་ཤེས་གསུམ་དང་། ཁམས་གོང་མ་གཉིས་ཀྱི་སྒོམ་སྤང་སྤངས་པའི་ཡོངས་ཤེས་གཉིས་སྟེ་ལྔའོ། །དེའང་མཐོང་ལམ་ཐོབ་པའི་སྔ་རོལ་དུ་འདོད་ཉོན་མཐའ་དག་ཟད་པར་སྤངས་ནས་བསམ་གཏན་དངོས་གཞིའི་སེམས་དག་པ་བ་མངོན་དུ་བྱས། དེ་འདྲའི་ཟག་བཅས་དངོས་གཞི་དག་པ་བ་དེ་ཉིད་ཀྱིས་སེམས་རྟེན་བྱས་པའི་ཟག་མེད་མཐོང་ལམ་རྗེས་བཟོད་ཀྱིས་གོང་མའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་དང་། དེ་ཡི་རྫས་རྒྱུན་དུ་སྐྱེས་པའི་སྒོམ་ལམ་ཟག་མེད་ཤེས་པས་ཁམས་གོང་མའི་སྒོམ་སྤང་ཐ་མ་གཉིས་སྤངས་པའི་སྤངས་པ་ཡོངས་ཤེས་ཕྱི་མ་གཉིས་ཐོབ་བོ། །དེ་འདྲའི་དངོས་གཞིའི་སེམས་རྟེན་ཅན་གྱི་གཉེན་པོ་མཐོང་ལམ་གྱིས་འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་དང་། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཅིག་སྟེ་བཞི་ནི་མངོན་དུ་བྱ་མི་ཐུབ་སྟེ། འདོད་ཉོན་ཟད་པར་མ་སྤངས་པར་དངོས་གཞི་མི་ཐོབ་ལ། དངོས་གཞི་མ་ཐོབ་བར་དུ་དངོས་གཞིའི་ཟག་མེད་གཉེན་པོ་དེས་འདོད་ཉོན་སྤང་བ་མི་སྲིད་པའི་ཕྱིར་ཞེས་ཁ་ཆེས་འཆད་དོ། །གཞན་བཙུན་པ་དབྱངས་སྒྲོག་ན་རེ། ཆགས་བྲལ་སྔོན་སོང་གི་དབང་དུ་བྱས་པའི་དགེ་འདུན་གྱིས་གཉེན་པོ་ཟག་མེད་བསམ་གཏན་དངོས་གཞིའི་ལམ་གྱིས་སྤངས་པའི་ཡོངས་ཤེས་བརྒྱད་གསར་དུ་འཐོབ་པར་སྨྲ་སྟེ། ཁམས་གོང་མའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གཉིས་དང་། ཁམས་འོག་མའི་མཐོང་སྤང་སྤངས་བའི་ཡོངས་ཤེས་གསུམ་དང་། སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་སྟེ་བརྒྱད་དོ། །འོ་ན་དེ་དག་གིས་ཇི་ལྟར་མངོན་དུ་བྱེད་ཅེ་ན། ཆགས་བྲལ་སྔོན་སོང་གི་གང་ཟག་ཞིག་གིས། མཐོང་ལམ་ཐོབ་པའི་སྔོན་དུ་སྲིད་རྩེ་མ་གཏོགས་པར། གཟུགས་ཁམས་ནས་ཡོད་མིན་མེད་མིན་གྱི་བར་གྱི་སྒོམ་སྤང་རྣམས་སྤངས་ཀྱང་ཆོག མ་སྤང་ནའང་ཆོག འདོད་ཉོན་མཐོང་སྤང་དང་སྒོམ་སྤང་མཐའ་དག་ཁམས་ཞི་རགས་ཀྱི་རྣམ་པ་བསྒོམས་སྟོབས་ཀྱིས་ངེས་པར་སྤངས་ནས། བསམ་གཏན་དངོས་གཞིའི་སེམས་དག་པ་བ་མངོན་དུ་བྱས། དེ་འདྲའི་ཟག་བཅས་དངོས་གཞི་དག་པ་བ་དེ་ཉིད་ཀྱིས་སེམས་རྟེན་བྱས་པའི་ཟག་མེད་མཐོང་ལམ་རྒྱུད་ལ་ཐོབ། དེ་ནས་རྒྱུ་གཉིས་ཀུན་ཏུ་བཅོམ་པ་སོགས་ཀྱི་བྲལ་བ་སྔར་སོ་སྐྱེའི་སྐབས་སུ་མངོན་དུ་བྱས་ཟིན་པས་དེའི་དུས་སུ་ཟག་བཅས་བྲལ་ཐོབ་མངོན་དུ་བྱས་ཟིན། འོན་ཀྱང་དེ་འདྲའི་བྲལ་བ་དག་གི་བྲལ་ཐོབ་ཟག་མེད་རྣམས་མཐོང་ལམ་ཀུན་འབྱུང་ཆོས་ཤེས་སོགས་གོང་མ་རྣམས་ཀྱི་རྣམ་གྲོལ་ལམ་ཐོབ་པའི་སྐབས་སུ་ད་གཟོད་མངོན་དུ་བྱ་དགོས་པས། བྲལ་ཐོབ་ཟག་མེད་གསར་དུ་ཐོབ་པ་དང་མཉམ་དུ་སྤངས་པ་ཡོངས་ཤེས་མངོན་དུ་གྱུར་པར་འདོད་དོ། །དྲི་བ།༣༡༽ ཁ་ཆེ་བ་དང་བཙུན་པ་དབྱངས་སྒྲོག་དགོངས་པ་མི་མཐུན་པའི་གནད་གང་ལ་ཐུགས་ཡོད། ལན། སྤངས་པ་ཡོངས་ཤེས་དེ་མངོན་དུ་བྱ་བ་ལ་སྤངས་པ་ཡོངས་ཤེས་དེའི་དགག་བྱ་ཉོན་མོངས་པ་དངོས་སུ་སྤོང་བྱེད་ཀྱི་གཉེན་པོ་དེ། ཟག་མེད་དངོས་གཞིའི་བར་ཆད་མེད་ལམ་དགོས་པར་འདོད་མིན་གྱི་ཁྱད་པར་གཙོ་བོར་འབྱེད་དགོས་སྙམ་དཔྱོད་ཅིག དྲི་བ།༣༢༽ ཡོངས་ཤེས་འཇོག་པའི་རྒྱུ་མཚན་རྣམ་བཞི་གང་། ལན། མཐོང་སྤང་སྤངས་པའི་ཡོངས་ཤེས་ཀྱི་ལྡོག་ཆ་ནས་བསྟན་པའི་སྤྱིར་ཡོངས་ཤེས་འཇོག་པའི་རྒྱུ་མཚན་གསུམ་གྱི་དང་པོ་བྲལ་ཐོབ་ཟག་མེད་གསར་དུ་ཐོབ་པ་ཞེས་པ་ནི། རྒྱུད་ལ་མངོན་དུ་གྱུར་པའི་འགོག་བདེན་དེ་སྡོམ་པར་བྱེད་པའི་ཟག་མེད་ཐོབ་པ་གང་རུང་ཞིག་གསར་དུ་ཐོབ་པའི་དོན་ནོ། །གཉིས་པ་སྲིད་རྩེ་ཉམས་པར་བྱས་པ་ཞེས་པ་ནི། སྲིད་རྩེས་བསྡུས་པའི་ཉོན་མོངས་གང་རུང་ཞིག་ཐོབ་པ་ཆད་པའི་ཚུལ་གྱིས་ཟད་པར་སྤངས་པའི་དོན་ནོ། །གསུམ་པ་རྒྱུ་གཉིས་ཀུན་ཏུ་བཅོམ་པ་ཞེས་པ་ནི། ཁམས་གོང་འོག་གང་རུང་གི་བདེན་པ་དང་པོ་གཉིས་ཀྱི་མཐོང་སྤང་ཀུན་འགྲོ་རྣམས་ཟད་པར་བཅོམ་པའི་དོན་ནོ། །བྱེ་བྲག་སྒོམ་སྤང་སྤངས་པའི་ཡོངས་ཤེས་འཇོག་པའི་རྒྱུ་མཚན་གཞན་གཅིག་ནི། ཁམས་ལས་འདོད་ཆགས་དང་བྲལ་བའི་ཁྱད་པར་ཏེ། ཁམས་གསུམ་གང་རུང་གི་སྒོམ་སྤང་མཐའ་དག་ཟད་པར་སྤངས་པའི་རྣམ་གྲོལ་དགུ་བ་རྒྱུད་ལ་ཐོབ་དགོས་པའོ། །དྲི་བ།༣༣༽ ཡོངས་ཤེས་སྡོམ་ཚུགས་ངོས་འཛིན་འདྲ་མིན་ཤོད། ལན། འདི་ལ་གསུལ་ལས། དང་པོ་འབྲས་བུ་རིམ་གྱིས་པའི་དབང་དུ་བྱས་ན་ཡོངས་ཤེས་སྡོམ་པའི་ཚུགས་མ་གཉིས་ཡོད། དེའང་བཟོད་ཤེས་སྐད་ཅིག་མ་བཅུ་དྲུག་པ་ལམ་རྗེས་ཤེས་ཐོབ་པའི་འོག་ཏུ་འདོད་པའི་སྒོམ་སྤང་ཟད་པར་སྤངས་པའི་རྣམ་གྲོལ་དགུ་པ་གསར་དུ་རྒྱུད་ལ་ཐོབ་པའི་ཚེ། འདོད་པའི་ཁམས་ལས་འདའ་བ་དང། ཕྱིར་མི་འོང་གི་འབྲས་གནས་ཐོབ་པ་གཉིས་འཕྲད་མཚམས་སུ་ཁེལ་བའི་དུས་དེ་ཡོངས་ཤེས་སྡོམ་པའི་ཚུགས་མ་དང་པོའོ། །ཕྱིར་མི་འོང་གིའབྲས་གནས་ཐོབ་པའི་སློབ་པ་དེས། སྲིད་ཉོན་དགུ་བ་ཟད་པར་སྤངས་པའི་རྣམ་གྲོལ་དགུ་བ་རྒྱུད་ལ་ཐོབ་པའི་ཚེ། གཟུགས་མེད་ཁམས་ལས་འདའ་བ་དང་དགྲ་བཅོམ་འབྲས་གནས་ཐོབ་པ་གཉིས་འཕྲད་མཚམས་སུ་ཁེལ་བའི་དུས་དེ། ཡོངས་ཤེས་སྡོམ་པའི་ཚུགས་མ་གཉིས་པའོ། །གཉིས་པ་ཆགས་བྲལ་སྔོན་སོང་གི་དབང་དུ་བྱས་ནའང་ཡོངས་ཤེས་སྡོམ་པའི་ཚུགས་མ་གཉིས་ཡོད། དེའང་འཇིག་རྟེན་པའི་ལམ་ནས་འདོད་ཉོན་དགུ་བ་སྤངས་བའི་འོག་ཏུ་མཐོང་ལམ་མངོན་དུ་བྱས་ནས་བཟོད་ཤེས་སྐད་ཅིག་མ་བཅུ་དྲུག་པ་ལམ་རྗེས་ཤེས་ཐོབ་པའི་སྐབས་སུ། མཐོང་ལམ་ཐོབ་པའི་སྔོན་དུ་འདོད་པའི་སྒོམ་སྤང་དགུ་བ་ཟད་པར་སྤངས་པའི་ཟག་མེད་བྲལ་ཐོབ་གསར་དུ་ཐོབ་པའི་ཚེ། འདོད་པའི་ཁམས་ལས་འདའ་བ་དང། ཕྱིར་མི་འོང་གི་འབྲས་གནས་ཐོབ་པ་གཉིས་འཕྲད་མཚམས་སུ་ཁེལ་བའི་དུས་དེ། ཡོངས་ཤེས་སྡོམ་པའི་ཚུགས་མ་དང་པོའོ། །དེ་འདྲའི་ཕྱིར་མི་འོང་གི་འབྲས་གནས་ཐོབ་པའི་སློབ་པ་དེས། སྲིད་ཉོན་དགུ་བ་ཟད་པར་སྤངས་པའི་རྣམ་གྲོལ་དགུ་པ་རྒྱུད་ལ་ཐོབ་པའི་ཚེ། གཟུགས་མེད་ཁམས་ལས་འདའ་བ་དང་། དགྲ་བཅོམ་འབྲས་གནས་ཐོབ་པ་གཉིས་འཕྲད་མཚམས་སུ་ཁེལ་བའི་དུས་དེ། ཡོངས་ཤེས་སྡོམ་པའི་ཚུགས་མ་གཉིས་པའོ། །
ཡང་ཆགས་བྲལ་སོང་གི་ཕྱིར་འོང་རྟོགས་པ་སྔོན་དུ་སོང་བའི་སློབ་པ་འཕགས་པ་དེ་དགྲ་བཅོམ་ཐོབ་པའི་བར་གྱི་ཡོངས་ཤེས་སྡོམ་ཚུལ་སོགས་རིམ་གྱིས་པའི་སྐབས་དང་མཚུངས་སོ། །
དམིགས་བསལ་གྱིས་གསལ་བཤད་ཞུ་དགོས་པ་ཞིག་ནི། ཆགས་བྲལ་སྔོན་སོང་གི་ཡོངས་ཤེས་སྡོམ་ཚུགས་གཉིས་ཀྱི་ཕྱི་མའི་སྐབས་ལྟར་ན་ཆགས་བྲལ་སོང་གི་དགེ་འདུན་དགྲ་བཅོམ་ཞིག་ཁས་ལེན་པ་ལྟར་སྣང་ཡང་། དེ་ལྟར་མ་ཡིན་ཏེ། དེའི་ལུགས་ཀྱི་དགེ་འདུན་ཡིན་ཕྱིན་ངེས་པར་དུ་དགྲ་བཅོམ་འཐོབ་དགོས་ལ། དེ་ཐོབ་པའི་ཚེ་ཡོངས་ཤེས་ཤིག་བསྡོམ་དགོས་པའི་དབང་དུ་བྱས་པའོ།།
གསུམ་པ་ཅིག་ཅར་བའི་དགེ་འདུན་མཛོད་ལས་བཤད་པ་མེད་པས་དེའི་ལུགས་ཀྱི་ཡོངས་ཤེས་སྡོམ་ཚུལ་རེ་ཞིག་བཞག་གོ །དྲི་བ།༣༤༽ བསྡོམ་བྱ་སྡོམ་བྱེད་ཡོངས་ཤེས་ཁྱད་པར་ཤོད། ལན། དང་པོ་འབྲས་བུ་རིམ་གྱིས་པའི་དབང་དུ་བྱས་པའི་ཡོངས་ཤེས་སྡོམ་པའི་ཚུགས་མ་དང་པོའི་སྐབས་སུ། བསྡོམ་བྱ་མཐོང་སྤང་སྤངས་བའི་ཡོངས་ཤེས་དྲུག་གོ །དེའང་སྡོམ་བྱེད་ཡོངས་ཤེས་ཐོབ་པའི་སྔོན་དུ་མངོན་དུ་བྱས་པའི་སྤངས་པ་ཡོངས་ཤེས་དེ། སྤྱིར་བསྡོམ་བྱ་ཡོངས་ཤེས་ཀྱི་ངོ་བོའོ། །དེའི་ཚེ་སྡོམ་བྱེད་ཡོངས་ཤེས་གཅིག་སྟེ། ཐ་མའི་ཆ་མཐུན་སྤངས་བའི་ཡོངས་ཤེས་ཁེར་མ་དེའོ། །དེའང་འབྲས་བུ་ཕྱི་མ་གཉིས་གང་རུང་མངོན་དུ་བྱས་པ་དང་ཁམས་ལས་འདའ་བ་གཉིས་འཕྲད་མཚམས་སུ་གསར་དུ་མངོན་དུ་གྱུར་པའི་སྤངས་པ་ཡོངས་ཤེས་དེ། སྤྱིར་སྡོམ་བྱེད་ཡོངས་ཤེས་ཀྱི་ངོ་བོའོ། །ཚུགས་མ་གཉིས་པའི་སྐབས་སུ། བསྡོམ་བྱ་ཡོངས་ཤེས་གཉིས་ཏེ། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་དང་། གཟུགས་ཀྱི་ཟག་པ་སྤངས་པའི་ཡོངས་ཤེས་གཉིས་སོ། །དེའི་ཚེ་སྡོམ་བྱེད་ཡོངས་ཤེས་གཅིག་སྟེ། ཟག་པ་ཀུན་ཟད་པའི་ཡོངས་ཤེས་གཅིག་པུ་དེའོ། །
གཉིས་པ་ཆགས་བྲལ་སྔོན་སོང་གི་དབང་དུ་བྱས་པའི་ཡོངས་ཤེས་སྡོམ་པའི་ཚུགས་མ་དང་པོའི་སྐབས་སུ། བསྡོམ་བྱ་མཐོང་སྤང་སྤངས་བའི་ཡོངས་ཤེས་དང་པོ་ལྔ་སྟེ། ཁམས་གོང་མའི་ལམ་བདེན་མཐོང་སྤང་སྤངས་བའི་ཡོངས་ཤེས་མ་གཏོགས་སོ། །དེའི་ཚེ་སྡོམ་བྱེད་ཡོངས་ཤེས་གཅིག་སྟེ། ཐ་མའི་ཆ་མཐུན་སྤངས་བའི་ཡོངས་ཤེས་གཅིག་པུ་དེའོ། །
ཚུགས་མ་གཉིས་པའི་སྐབས་སུ། བསྡོམ་བྱ་ཡོངས་ཤེས་གཉིས་ཏེ། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་དང་། གཟུགས་ཀྱི་ཟག་པ་སྤངས་པའི་ཡོངས་ཤེས་གཉིས་སོ། །དེའི་ཚེ་སྡོམ་བྱེད་ཡོངས་ཤེས་གཅིག་སྟེ། ཟག་པ་ཀུན་ཟད་པའི་ཡོངས་ཤེས་གཅིག་པུ་དེའོ། །འདིའི་ལུགས་ལའང་བསྡོམ་བྱ་སྡོམ་བྱེད་ཀྱི་ངོ་བོ་རིམ་གྱིས་པའི་སྐབས་དང་མཚུངས་སོ། །དྲི་བ།༣༥༽ ཡོངས་ཤེས་ཐོག་མར་ཐོབ་པའི་ས་མཚམས་ཤོད། ལན། འདི་ལའང་གཉིས་ལས། དང་པོ་རིམ་གྱིས་པའི་དབང་དུ་བྱས་ན་སྤངས་བ་ཡོངས་ཤེས་ཐོག་མར་གསར་དུ་ཐོབ་པའི་མ་མཐའི་ས་མཚམས་ནི་འདོད་པའི་ཀུན་བདེན་མཐོང་སྤང་སྤངས་བའི་ཟག་མེད་བྲལ་ཐོབ་གསར་དུ་འཛིན་པའི་བཟོད་ཤེས་སྐད་ཅིག་མ་དྲུག་པ། ཀུན་འབྱུང་ཆོས་ཤེས་ཀྱི་གནས་སྐབས་སུ་ཐོབ་བོ། །དེའི་འོག་ཏུ་སྤངས་པ་ཡོངས་ཤེས་འཐོབ་པ་མི་སྲིད་དེ། དེའི་འོག་ཏུ་རྒྱུ་གཉིས་ཀུན་ཏུ་བཅོམ་པ་མེད་པའི་ཕྱིར་རོ། །གཉིས་པ་ཆགས་བྲལ་སྔོན་སོང་གི་དབང་དུ་བྱས་ན། སྤངས་བ་ཡོངས་ཤེས་ཐོག་མར་གསར་དུ་ཐོབ་པའི་མ་མཐའི་ས་མཚམས་ནི། འཇིག་རྟེན་པའི་ལམ་ནས་འདོད་ཉོན་དགུ་བ་སྤངས་བའི་འོག་ཏུ་མཐོང་ལམ་མངོན་དུ་བྱས་ནས་བཟོད་ཤེས་སྐད་ཅིག་མ་བཞི་པ་སྡུག་བསྔལ་རྗེས་ཤེས་ཀྱི་སྐབས་ནས་བཞག་ན་འགྲིག་སྟེ། དེའི་དུས་སུ་རྒྱུ་མཚན་གསུམ་ཆར་གྲངས་ཚང་བས་སོ་སྙམ། སྤྱིར་དེའི་སྐབས་སུ་ཟག་མེད་བྲལ་ཐོབ་གསར་དུ་ཐོབ་འདུག་ཀྱང་། འོན་ཀྱང་དེ་ཙམ་གྱིས་སྐབས་འདིའི་ཡོངས་ཤེས་འཇོག་པའི་ཤེས་བྱེད་དུ་བཞག་པའི་བྲལ་ཐོབ་ཟག་མེད་གསར་དུ་ཐོབ་པའི་གོ་ཆོད་མིན་མཐའ་གཅིག་གིས་ཁ་ཚོན་བཅད་དེ་སྨྲ་མ་སྤོབས་པས་ཆོས་ཀྱི་མཆེད་པོ་དག་གིས་བསྐྱར་དཔྱད་གནང་བར་ཞུ། དྲི་བ།༣༦༽ཡོངས་ཤེས་བསྡོམས་པའི་དོན་ཞོག ལན། ཡོངས་ཤེས་བསྡོམས་པའི་ངོ་བོ་ནི། སྡོམ་བྱེད་ཡོངས་ཤེས་མངོན་དུ་གྱུར་སྟོབས་ཀྱིས། རང་གི་བསྡོམ་བྱའི་ཡོངས་ཤེས་རྣམས་གཏོང་བའི་དོན་ཡིན་པར་སེམས་སོ། །དྲི་བ།༣༧༽ཡོངས་ཤེས་ཐོབ་གཏོང་གི་ངོ་བོ་ངོས་ཟུངས། ལན། དང་པོ་འཐོབ་པ་ནི། སྤངས་པ་ཡོངས་ཤེས་འཇོག་པའི་རྒྱུ་མཚན་ཚང་བའི་བརྟག་འགོག་དེ། རྒྱུད་ལ་ལྡན་པར་བྱེད་པའི་ཟག་མེད་ཐོབ་པ་རྒྱུད་ལ་སྐྱེས་པ་དེའོ། །གཏོང་བ་ནི། སྡོམ་བྱེད་ཡོངས་ཤེས་དང་། འོག་སའི་ཉོན་མོངས་པ་གང་རུང་གང་ཟག་གང་གི་རྒྱུད་ལ་མངོན་དུ་གྱུར་སྟོབས་ཀྱིས། སྔར་གྱི་སྤངས་པ་ཡོངས་ཤེས་རྣམས་ཀྱི་ཐོབ་པ་བཅད་པའི་དོན་ནོ། །དྲི་བ།༣༨༽ཁམས་གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་གཅིག་ཏུ་བརྩི་ལ། སྒོམ་སྤང་སྤངས་པའི་ཡོངས་ཤེས་སོ་སོར་འཇོག་པའི་རྒྱུ་མཚན་གང་། ལན། ཁམས་གོང་མ་གཉིས་ཀྱི་མཐོང་སྤང་སྤོང་བའི་གཉེན་པོ་སོ་སོར་མེད་ལ། སྒོམ་སྤང་སྤོང་པའི་གཉེན་པོ་སོ་སོར་ཡོད་པས་སོ་ཞེས་མཆིམས་ཀྱིས་གསུངས་སོ། །
མཛོད་གནས་དྲུག་པ་ལམ་དང་གང་ཟག་བསྟན་པའི་དྲི་བ་དང་དྲིས་ལན།
དྲི་བ།༡༽ བདེན་བཞིའི་གོ་རིམ་གང་། ལན། མངོན་རྟོགས་(མཐོང་ལམ་བཞག་ན་བདེ་)རྒྱུད་ལ་སྐྱེ་རིམ་གྱི་དབང་དུ་བྱས་པ་སྟེ། ཐར་བ་འཐོབ་པར་འདོད་པའི་བློ་བསྐྱེད་པ་ལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཤེས་པར་བྱེད་པའི་ཡན་ལག་ཏུ་ཐོག་མར་སྡུག་བསྔལ་བདེན་པ་བསྟན། དེ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ཚེ། དེ་འགོག་ནུས་ཡིན་མིན་གྱི་དོགས་པ་སྐྱེ་ལ། དེ་ལྡོག་པའི་ཆེད་དུ་ཀུན་འབྱུང་བདེན་པ་སྤོང་ནུས་ཡིན་པའི་སྒོ་ནས་བསྟན། དེ་ངེས་ཚེ་སྡུག་བསྔལ་འགོག་ནུས་ཡིན་པས། དེ་འགགས་པ་གཏན་དུ་མངོན་དུ་བྱ་རྒྱུ་ཡོད་དམ་སྙམ་པའི་དོགས་པ་སྐྱེ་ལ། དེ་ལྡོག་ཆེད་དུ་འགོག་བདེན་བསྟན། དེ་གཏན་དུ་མངོན་དུ་བྱེད་རྒྱུ་ཡོད་པར་རྟོགས་པའི་ཡན་ལག་ཏུ་ལམ་བདེན་མཇུག་ཏུ་བསྟན་ཏོ། །དྲི་བ།༢༽བྱེ་སྨྲའི་ལུགས་ཀྱི་བདེན་བཞིའི་མཚན་ཉིད་གང་། ལན། ཟག་བཅས་དང་འབྲུས་བུའི་གཞི་མཐུན་དུ་དམིགས་པ་དེ། སྡུག་བསྔལ་བདེན་པའི་མཚན་ཉིད། ཟག་བཅས་དང་རྒྱུའི་གཞི་མཐུན་དུ་དམིགས་པ་དེ། ཀུན་འབྱུང་བདེན་པའི་མཚན་ཉིད། གཉེན་པོའི་སྟོབས་ཀྱིས་ཐོབ་པར་བྱ་བའི་བྲལ་བ་དེ། འགོག་བདེན་གྱི་མཚན་ཉིད། ཟག་མེད་དང་འདུས་བྱས་ཀྱི་གཞི་མཐུན་དུ་དམིགས་པ་དེ། ལམ་བདེན་གྱི་མཚན་ཉིད་དོ། །དྲི་བ།༣༽བདེན་བཞིའི་གྲངས་ངེས་གང་། ལན། རྟོགས་ལྡན་གྱིས་བླང་དོར་བྱེད་པའི་ཡན་ལག་ལ་ནག་ཕྱོགས་དང་དཀར་ཕྱོགས་གཉིས་སུ་ངེས་ལ། དེ་རེ་རེ་ལ་ཡང་རྒྱུ་འབྲས་གཉིས་གཉིས་སུ་ངེས་པའི་ཕྱིར་རོ། །དྲི་བ།༤༽བདེན་བཞིའི་སྒྲ་དོན་གང་། ལན། བསྡུ་བ་ལས། བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་དང་། དེ་མཐོང་ན་རྣམ་པར་དག་པའི་རྒྱུར་འགྱུར་བའི་དོན་ནི་བདེན་པའི་དོན་ནོ། །ཞེས་གསུངས་པ་ལྟར་རོ། །ཡང་ན་འཕགས་པ་རྣམས་ཀྱིས་དེ་དག་ཅི་བཞིན་དུ་གཟིགས་ཤིང་། བྱིས་པ་རྣམས་ཀྱིས་དེ་ལྟར་མི་རྟོགས་པས་འཕགས་པའི་བདེན་པ་ཞེས་ཀྱང་བྱའོ། །དྲི་བ།༥༽ བདེན་གཉིས་ཀྱི་མཚན་ཉིད་གང་། ལན། བཅོམ་པའམ་གཞིག་པ་ན་དེར་འཛིན་གྱི་བློ་དོན་མཐུན་འདོར་དུ་རུང་བའི་ཆོས་དེ། ཀུན་རྫོབ་ཀྱི་དང་། བཅོམ་པའམ་གཞིག་པ་ན་དེར་འཛིན་གྱི་བློ་དོན་མཐུན་འདོར་དུ་མི་རུང་བ་དེ། དོན་དམ་བདེན་པའི་མཚན་ཉིད། དྲི་བ།༦༽རྒྱུན་དང་རགས་པས་བསྡུས་པའི་ཆོས་རྣམས་བདེན་མེད་གཏན་ལ་འབེབ་བྱེད་ཀྱི་ཕྱོགས་དུས་བརྟགས་པའི་རིག་པ་གཉིས་ཀྱི་སྦྱོར་བ་ཁོད། ལན། དང་པོ། ཀ་བ་ཆོས་ཅན། བདེན་མེད་ཡིན་ཏེ། ཁྱོད་ལ་ཕྱོགས་ཀྱི་ཆ་སོ་སོར་ཕྱེ་རྒྱུ་ཡོད་པའི་ཕྱིར། དཔེར་ན་ནས་ཀྱི་ཕུང་པོ་བཞིན་ནོ། །གཉིས་པ། ནངས་སྔ་ནས་དགོང་མོའི་བར་དུ་སྐྱེས་པའི་ཤེས་པ་ཆོས་ཅན། ཁྱོད་བདེན་མེད་ཡིན་ཏེ། ཁྱོད་ལ་དུས་ཀྱི་ཆ་སྔ་ཕྱི་སོ་སོར་ཕྱེ་རྒྱུ་ཡོད་པའི་ཕྱིར། དཔེར་ན། ལོ་ཟླ་བཞིན་ནོ། །ཞེས་པ་ལྟར་རོ། །དྲི་བ།༧༽ ཆ་བཅས་ཆ་མེད་ཀྱི་གོ་དོན་ཞོག ལན། ཕྱོགས་དུས་གང་གི་ཆ་སོ་སོར་ཕྱེ་རྒྱུ་མེད་པའི་ཆོས་དེའོ། །དེ་དང་དོན་དམ་བདེན་པ་གཉིས་དོན་གཅིག་གོ །དྲི་བ།༨༽བྱེ་སྨྲའི་ལུགས་ལ་རིགས་ཀྱི་མཚན་ཉིད་དང་། དེའི་དབྱེ་བ་ཞོག ལན།༽འདོད་པ་ཆུང་ལ་ཆོག་ཤེས་པ་དེའོ། །དེའང་རྩ་བར། མ་འཕགས་རིགས་ཞེས་གསུངས་པས་སོ། །དབྱེ་ན། ཆོས་གོས་ལ་མ་ཆགས་པ་དང་། བསོད་སྙོམ་ལ་དང་། མལ་ཆ་དང་སྟན་ལ་དང་། སྤོང་བ་དང་སྒོམ་པ་ལ་དགའ་བ་སྟེ་བཞིའོ། །དྲི་བ།༩༽ བྱེ་སྨྲའི་ལུགས་སུ་རིགས་ཆད་རིགས་ངེས་ཀྱི་རྣམ་བཞག་ཡོད་དམ། ལན། བྱེ་སྨྲར་རིགས་ཆད་དང་། རིགས་ངེས་ཀྱི་རྣམ་བཞག་མེད་པར་ཆོས་བཤེས་ཀྱིས་བཤད་ཀྱང་། ལོག་སྲེད་ཅན་ལ་སེམས་བྱུང་མ་ཆགས་པའི་རང་བཞིན་སྐྱེ་མི་རུང་བས་དོན་གྱིས་དེའི་རྣམ་བཞག་ཡོད་པར་འདོད་པ་སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་དུ་བཤད་དོ། །དྲི་བ།༡༠༽ལམ་གྱི་མཚན་ཉིད་དང་། དབྱེ་བ་གང་། ལན། དང་པོ། རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་དེའོ། །གཉིས་པ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་མོ། །དྲི་བ།༡༡༽ དྲན་པ་ཉེར་བཞག་གི་མཚན་ཉིད་གང་། ལན། དམིགས་པ་ལུས་སོགས་ལ་དམིགས་ནས་རྣམ་པ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་བརྟགས་ཏེ་དཔྱོད་པར་བྱེད་པའི་རིགས་སུ་གནས་པའི་དྲན་པ་ཤེ་རབ་མཚུངས་ལྡན་དང་བཅས་པ་དེའོ། །དྲི་བ།༡༢༽ངེས་འབྱུང་དང་ལམ་ལྔ་སོ་སོའི་མཚན་ཉིད་གང་། ལན། འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་དང་། ཐར་བ་འདི་ཕན་བདེ་མཐར་ཐུགས་པ་ལ་བཅོས་མིན་གྱི་མྱོང་བ་ཐོན་པའི་ཐར་བ་འཐོབ་པར་འདོད་པའི་བློ་དེ། ངེས་འབྱུང་གི་མཚན་ཉིད། བདེན་བཞི་མི་རྟག་བཅུ་དྲུག་གི་དོན་ལ་སྒོམ་བྱུང་གི་བློ་མ་ཐོབ་པའི་གནས་སྐབས་ཀྱི་ལམ་ཞུགས་ཀྱི་དགེ་བ་དེ། ཚོགས་ལམ་གྱི་མཚན་ཉིད། སོ་སྐྱེའི་རྒྱུད་ཀྱི་ཐར་ལམ་གང་ཞིག ཚོགས་ལམ་གྱི་གནས་སྐབས་ལས་འདས་པ་དེ། སྦྱོར་ལམ་གྱི་མཚན་ཉིད། འདོད་པའི་སྡུག་བདེན་གྱི་གནས་ལུགས་མངོན་སུམ་གྱིས་གསར་དུ་རྟོགས་པའི་སྐད་ཅིག་མ་དང་པོ་ནས་བཟུང་། ཁམས་གོང་མའི་ལམ་བདེན་གྱི་གནས་ལུགས་མངོན་སུམ་གྱིས་གསར་དུ་རྟོགས་པའི་བར་གྱི་ཟག་མེད་ཀྱི་ལམ་དེ། མཐོང་ལམ་གྱི་མཚན་ཉིད། བཟོད་ཤེས་སྐད་ཅིག་མ་བཅུ་དྲུག་པའམ། ལམ་རྗེས་ཤེས་རྒྱུད་ལ་ཐོབ་པ་ནས་བཟུང་སྟེ། སྲིད་ཉོན་དགུ་པ་ཟད་པར་སྤངས་པའི་རྣམ་གྲོལ་དགུ་པ་རྒྱུད་ལ་མ་ཐོབ་བར་གྱི་དགེ་བ་དེ། ལམ་ལྔའི་ཡ་གྱལ་གྱི་སྒོམ་ལམ་གྱི་མཚན་ཉིད། སྲིད་ཉོན་དགུ་བ་ཟད་པར་སྤངས་ནས་མ་ཉམས་པའི་གང་ཟག་གི་རྒྱུད་ལ་ཐོབ་པའི་དགེ་བ་དེ། མི་སློབ་ལམ་གྱི་མཚན་ཉིད། དྲི་བ།༡༣༽ཚོགས་ལམ་དང་སྦྱོར་ལམ་གཉིས་ཀྱི་ས་མཚམས་གང་གིས་འབྱེད། ལན། ཚོགས་ལམ་ན་དྲན་པ་ཉེར་བཞག་ལ་ལེགས་པར་བྱང་ནས། དམིགས་པ་བདེན་བཞི་ལ་དམིགས་ནས་རྣམ་པ་མི་རྟག་སོགས་བཅུ་དྲུག་སྒོམ་པའི་སྒོམ་བྱུང་གི་ཡེ་ཤེས་དང་པོར་ཐོབ་པ་ནས་འཇོག་གོ །དྲི་བ།༡༤༽སྦྱོར་ལམ་བཞིའི་དམིགས་རྣམ་སོ་སོར་ངོས་ཟུངས། ལན། དྲོད་རྩེ་གཉིས་ཀྱིས་ཁམས་གོང་འོག་གི་བྱེ་བྲག་མེད་པར་དམིགས་པ་བདེན་བཞི་དང་། རྣམ་པ་མི་རྟག་སོགས་བཅུ་དྲུག་སྒོམ་པའི་རྣམ་ཅན་ཏེ། མཛོད་རྩར། དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །རྣམ་པ་བཅུ་དྲུག་དྲོ་བ་ལས།།རྩེ་མོ་དེ་ཡང་དེ་དང་འདྲ། །ཞེས་གསུངས་སོ། །བཟོད་ཆུང་གིས་ཁམས་གོང་འོག་གི་བདེན་བཞི་སོ་སོར་དམིགས་ནས། རྣམ་པ་སོ་གཉིས་སྒོམ་པའི་རྣམ་པ་ཅན་ནོ། །བཟོད་འབྲིང་གི་དམིགས་རྣམ་ནི། སྔར་བཟོད་ཆུང་གི་དམིགས་རྣམ་སྐད་ཅིག་མ་སོ་གཉིས་ལས་དམིགས་རྣམ་བཞི་རེར་ཕྲིས་ནས་དང་པོ་ཉེར་བརྒྱད་སྒོམ་པ་ནས་མཐར་འདོད་པའི་སྡུག་བསྔལ་གྱི་རྣམ་པ་གང་རུང་ཞིག་ལན་གཉིས་སྒོམ་པའི་བར་གྱི་སྐད་ཅིག་མ་བརྒྱ་དང་བཅུ་དགུའོ། །བཟོད་ཆེན་དང་ཆོས་མཆོག་གཉིས་ཀྱིས་རང་ཡུལ་འདོད་པའི་སྡུག་བདེན་ལ་དམིགས་པའི་སྐད་ཅིག་མ་གཅིག་གོ །དྲི་བ།༡༥༽ལམ་རྗེས་ཤེས་མཐོང་ལམ་མིན་ལ། ཤེས་པ་སྔ་མ་རྣམས་མཐོང་ལམ་ཡིན་པའི་རྒྱུ་མཚན་ཅི། ལན། ལམ་རྗེས་ཤེས་ཀྱི་སྐབས་མཐོང་ལམ་གྱི་བྱེད་པ་རྫོགས་ལ། ཤེས་པ་སྔ་མ་རྣམས་ཀྱི་སྐབས་སུ་དེ་མ་རྫོགས་པས་མི་མཚུངས་སོ། །དྲི་བ།༡༦༽དགྲ་བཅོམ་དང་རྒྱུན་ཞུགས་གཉིས་ལ་ཆགས་བྲལ་སྔོན་སོང་མེད་པའི་རྒྱུ་མཚན་ཅི། ལན།༽དགྲ་བཅོམ་དང་རྒྱུན་ཞུགས་འབྲས་གནས་ཐོབ་བྱེད་ཀྱི་གེགས་གཙོ་བོ་རིམ་བཞིན་སྲིད་ཉོན་དགུ་བ་དང་། མཐོང་སྤང་ཉོན་མོངས་པ་ཡིན་པས། དེ་གཉིས་མཐོང་ལམ་གྱི་སྔོན་དུ་སྤངས་པ་མི་སྲིད་པའི་ཕྱིར་ཏེ། དེ་གཉིས་ཟད་པར་སྤོང་བྱེད་ཀྱི་གཉེན་པོ་ཡིན་ན་འདས་ལམ་ཡིན་དགོས་པས་སོ། །དྲི་བ།༡༧༽འདོད་ཉོན་ལྔ་བ་སྤངས་ན་རྟེན་དེར་འདོད་ཉོན་དྲུག་པ་ངེས་པར་སྤོང་དགོས་ལ། བརྒྱད་པ་སྤངས་ན་རྟེན་དེར་དགུ་པ་ལ་མི་དགོས་པའི་རྒྱུ་མཚན་ཅི། ལན། ཕྱིར་འོང་གི་འབྲས་བུ་ཐོབ་ལ་ཁམས་ལས་འདའ་མི་དགོས། ཉོན་མོངས་གཅིག་གིས་ཚེ་དེ་ཉིད་ལ་ཕྱིར་འོང་གི་འབྲས་བུ་ཐོབ་པ་ལ་གེགས་བྱེད་མི་ནུས་པ་དང་། ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་ཁམས་ལས་འདའ་དགོས་པས། ཉོན་མོངས་གཅིག་གིས་ཚེ་དེ་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་གེགས་བྱེད་ནུས་པས་སོ། །དྲི་བ།༡༨༽བར་འདའ་ལྷག་བཅས་ལྷག་མེད་གང་འདའམ། ལན། ལྷག་མེད་མྱ་ངན་ལས་འདའ་སྟེ། དེ་བར་དོའི་རྟེན་ལ་མྱ་ངན་ལས་འདས་པ་དང་ཤི་འཕོས་པ་གཉིས་དུས་མཉམ་པ་ཡིན་པའི་ཕྱིར་རོ། །དེའང་དགྲ་བཅོམ་པ་ལྷག་བཅས་ལ་གནས་པ་ནི་རྫོགས་བྱེད་ཀྱི་ལས་ཀྱི་ཚེའི་འཕེན་པ་ལ་བརྟེན་ནས་གནས་ཤིང་། བར་སྲིད་ནི་དགྲ་བཅོམ་མངོན་དུ་མ་བྱས་པའི་བར་རམ། སྐྱེ་སྲིད་མ་ཐོབ་ཀྱི་བར་དུ་ལས་དབང་གིས་གནས་པ་ཙམ་ལས། རྫོགས་བྱེད་ལས་ཀྱིས་འཕེན་པའི་དབང་གིས་གནས་པ་མ་ཡིན་པས་སོ་ཞེས་གོ་བོས་གསུངས་སོ། །དྲི་བ།༡༩༽རྒྱུན་ཞུགས་དང་ཕྱིར་འོང་ལ་བར་དོར་འདའ་བ་མེད་པའི་རྒྱུ་མཚན་ཅི། ལན། དེ་གཉིས་ཀྱིས་འདོད་ཉོན་དང་གོང་མའི་ཉོན་མོངས་རྣམས་སྤང་དགོས་པས་སྤང་བྱ་མང་བ་དང་། རྒྱུན་ཞུགས་ཀྱིས་འབྲས་བུ་གསུམ་དང་། ཕྱིར་འོང་གིས་འབྲས་བུ་གཉིས་འཐོབ་དགོས་པས་ཐོབ་བྱ་མང་བ་དང་། དེ་གཉིས་ཀ་ཁམས་གསུམ་ཆར་ལས་འདའ་དགོས་པས་འདའ་བྱ་མང་བས་སོ་ཞེས་བྱེ་སྨྲའི་ལན་རང་འགྲེལ་ལས་གསུངས་སོ། །དྲི་བ།༢༠༽ གཟུགས་མེད་ཉེར་འགྲོའི་གོང་འཕོ་ལ་འཕར་གསུམ་གྱི་དབྱེ་བ་མེད་པའི་རྒྱུ་མཚན་ཅི། ལན། མཁས་པའི་གཞུང་ལས་ཟུར་ཙམ་མི་འབྱུང་བ་དང་། དེ་ལ་ཕྱེད་འཕར་བརྩི་བའི་གནས་པས་སོ་ཞེས་རྗེས་གསུངས་སོ། །དྲི་བ།༢༡༽བརྒྱ་བྱིན་འདོད་པ་ཚེ་ཡོངས་གྱུར་པའི་འཕགས་པ་ཡིན་བཞིན་དུ་གཟུགས་ཁམས་སུ་སྐྱེ་བའི་སྨོན་ལམ་བཏབ་པ་ལ་སངས་རྒྱས་ཀྱིས་དགག་པ་མི་མཛད་པ་མི་འགལ་ལམ། ལན། མི་འགལ་ཏེ། བརྒྱ་བྱིན་གྱིས་ཆོས་མངོན་པ་མ་ཤེས་པས་སྨོན་ལམ་དེ་ལྟར་བཏབས་ལ། སྟོན་པས། བརྒྱ་བྱིན་འཆི་ལྟའི་སྐྱོ་བ་ལས་དགའ་བར་བྱ་བའི་ཕྱིར་དུ་མ་བཀག་པ་ཡིན་ཞེས། བྱེ་སྨྲས་བཤད་པ་རང་འགྲེལ་ལས་གསུངས་སོ། །དྲི་བ།༢༢༽ ཕྱིར་མི་འོང་གིས་གནས་གཙང་དུ་སྐྱེ་བ་ལ་ཟག་ཟག་མེད་སྤེལ་མ་བསྒོམ་པ་མི་འཐད་དེ། ཟག་མེད་སྲིད་པ་གཅོད་བྱེད་ཡིན་ལ། འཕགས་པའི་རྟེན་ལ་འཕེན་བྱེད་ལས་གསར་དུ་གསོག་པ་མི་སྲིད་པས་སོ་ཞེ་ན། ལན། གང་ཟག་དེས་སྔོན་སོ་སྐྱེའི་རྟེན་ལ་འཕེན་བྱེད་ཀྱི་ལས་བསགས་པ་དེ་ཉིད། ཕྱིར་མི་འོང་གི་རྟེན་ལ་དངོས་གཞིའི་བསམ་གཏན་སྤེལ་སྒོམ་བྱས་པའི་ཟག་བཅས་ལས་ཀྱིས། སྔར་འཕེན་བྱེད་ཀྱི་ལས་དེ། འགྲུབ་བྱེད་ཀྱི་ལས་སུ་བསྒྱུར་བ་ཡིན་ནོ་ཞེས་མཛོད་འགྲེལ་འགས་བཤད་དོ། །དྲི་བ།༢༣༽ འབྲས་བུ་དང་པོ་གསུམ་ཐོག་མར་འདོད་པའི་རྟེན་ལ་འཐོབ་དགོས་པའི་རྒྱུ་མཚན་གང་། ལན། རྩ་བར། འདོད་པར་གསུམ་འཐོབ་ཐ་མ་ནི། །གསུམ་དུའོ་ཞེས་གསུངས་པ་ལྟར། རྒྱུན་ཞུགས་དང་། ཕྱིར་འོང་། རིམ་གྱིས་པའི་ཕྱིར་མི་འོང་བ་རྣམས་འདོད་ཉོན་མ་སྤངས་པས་འཐོབ་དགོས་ལ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་དེས་འདོད་ཉོན་སྤངས་ཀྱང་མཐོང་ལམ་དང་ལུས་རྟེན་གཅིག་དགོས་པས་སོ། །དྲི་བ།༢༤༽མཐོང་ལམ་ཐོབ་པའི་རྟེན་ལ་འདོད་ཁམས་པའི་རྟེན་ཡིན་དགོས་པའི་རྒྱུ་མཚན་ཅི། ལན། མཛོད་རྩར། གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །དེར་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་གསུངས་པ་ལྟར། གོང་མའི་སོ་སྐྱེ་རྣམས་སྙོམས་འཇུག་གི་བདེ་བ་ལ་ཆགས་ནས་འཁོར་བ་ལ་སྐྱོ་བ་མེད་ལ། སྐྱོ་བའམ་ཚོར་བ་སྡུག་བསྔལ་བ་མེད་པར་མཐོང་ལམ་སྐྱེ་མི་སྲིད་པའི་ཕྱིར་རོ། །དྲི་བ།༢༥༽མཐོང་སྤང་རྣམས་ཅིག་ཅར་སྤོང་བ་དང་། སྒོམ་སྤང་རྣམས་རིམ་གྱིས་སྤོང་བའི་གོ་དོན་གང་། ལན། མཐོང་སྤང་རྣམས་མཐོང་ལམ་གྱིས་ཆུང་འབྲིང་ཆེ་གསུམ་སོགས་དབྱེ་བ་མེད་པར་ཅིག་ཅར་དུ་སྤོང་ལ། སྒོམ་ལམ་གྱིས་སྒོམ་སྤང་རྣམས། ཆུང་འབྲིང་ཆེ་གསུམ་སོགས་ཀྱི་དབྱེ་བ་ཕྱེས་ནས་སྤོང་བར་བྱེད་པའི་ཕྱིར། །དྲི་བ།༢༦༽ཆོས་འཁོར་གྱི་མཚན་ཉིད་གང་། ལན། འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་ཅི་རིགས་དང་ལྡན་པའི་མཐོང་ལམ་དེའོ། །དེའང་རྩ་བར། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་དུ་འགྲོ་སོགས་ཞེས་གསུངས་པའི་ཕྱིར་རོ། །དྲི་བ།༢༧༽ ཆོས་འཁོར་གྱི་སྒྲ་བཤད་གང་། ལན། འཁོར་ལོ་ནི། མྱུར་དུ་འགྲོ་བ་དང་། འདོར་བ་དང་། འཇུག་པ་དང་། མ་རྒྱལ་བ་ལས་རྒྱལ་བ་དང་། རྒྱལ་བ་རྣལ་དུ་འགོད་པ་དང་། འཕར་བ་དང་། འབབ་པ་ལྟར། མཐོང་ལམ་ལ་ཡང་། ཆོས་མཐུན་དེ་དག་ཡོད་པའི་ཕྱིར་རོ། །དྲི་བ།༢༨༽མཐོང་ལམ་ཁོ་ནར་ཆོས་འཁོར་འཇོག་པའི་རྒྱུ་མཚན་གང་། ལན། བཅོམ་ལྡན་འདས་ཀྱིས་འཁོར་ལྔ་སྡེ་ལ་བདེན་པ་རྣམ་པ་བཞི་པོ་བརྗོད་པ་གསུམ་དང་། རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་བསྐོར་བའི་ཚེ། ཚེ་དང་ལྡན་ཀཽཎྜི་ནྱ་ལ་མཐོང་ལམ་སྐྱེས་ལ། དེའི་ཚེ་ལྷ་རྣམས་ཀྱིས། འདི་སྐད་དུ། གྲོགས་པོ་དག བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞེས་སྒྲ་བསྒྲགས་པས་སྟེ། རྒྱལ་སྲས་མ་ལས། དེ་བས་ན་མདོ་ལས་དེ་ལྟར་འཕགས་པ་ཀཽཎྜི་ནྱ་ལ་མཐོང་བའི་ལམ་སྐྱེས་པ་དང་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྨྲས་པར་འབྱུང་བའི་ཕྱིར་མཐོང་བའི་ལམ་ཆོས་ཀྱི་འཁོར་ལོ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །ཞེས་གསུངས་པས་སོ། །དྲི་བ།༢༩༽ཆོས་འཁོར་བསྐོར་བའི་དོན་ཞོག ལན། སྐབས་ཀྱི་གདུལ་བྱའི་རྒྱུད་ལ་བདེན་བཞིའི་གནས་ལུགས་རྟོགས་པའི་བློ་སྐྱེད་པའི་ཆེད་དུ་བརྗོད་པ་གསུམ་དང་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས་བདེན་བཞིའི་དོན་རང་སྟོབས་ཀྱིས་སྟོན་པའི་ཚུལ་ལོ། །དེའང་གང་སྤེལ་ལས། ཇི་ལྟར་ཆོས་ཀྱི་རྣམ་གྲངས་བསྐོར་བར་གྲུབ་ཅེ་ན། དེའི་ཕྱིར་དེ་བསྐོར་བ་ནི་གཞན་གྱི་རྒྱུད་ལ་གོ་བར་བྱེད་པ་སྟེ། དོན་ཤེས་པར་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་ཁོང་དུ་ཆུད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །(བདེན་བཞིའི་ཆོས་འཁོར་བསྐོར་སྟངས་ཀྱང་དེ་མཚུངས་ལྟར་རོ་སྙམ།)དྲི་བ།༣༠༽སྒྲིབ་པ་སྤོང་ཚུལ་ཇི་ལྟར་ཡིན། ལན། འགག་པར་འགྱུར་བའི་ལམ་ད་ལྟ་བས་སྤང་བྱ་ད་ལྟ་བ་དངོས་སུ་འཕྲད་ཅིང་བྱ་བ་འགལ་བའི་སྒོ་ནས་སྤོང་བར་འདོད་དེ། རྩ་བར། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང་། །ཞེས་གསུངས་པའི་ཕྱིར་རོ། །སྒྲིབ་པ་འདས་མ་གཉིས་གཉེན་པོས་དངོས་སུ་མི་སྤོང་སྟེ། འདས་པ་དང་མ་སྐྱེ་བ་ལ་བྱ་བ་མེད་པས་སོ་ཞེས་ཟེར་རོ། །
མཛོད་གནས་བདུན་པ་ཡེ་ཤེས་བསྟན་པའི་དྲི་བ་དང་དྲིས་ལན།དྲི་བ།༡༽སྐབས་འདིའི་བཟོད་ཤེས་གཉིས་ཀྱི་ཁྱད་འབྱེད་གང་གིས་བྱེད། ལན། རང་ཡུལ་བདེན་བཞི་གང་རུང་གི་གནས་ལུགས་མངོན་སུམ་གྱིས་གསར་དུ་རྟོགས་པའི་ཟག་མེད་ཤེས་རབ་དེ། སྐབས་འདིའི་བཟོད་པའི་མཚན་ཉིད། བཟོད་པ་ལས་གཞན་པའི་ཤེས་རབ་ནི་སྐབས་འདིའི་ཤེས་པའི་ཚད་དོ། །སྤྱིར་ཤེས་པ་དང་སྐབས་འདིའི་ཤེས་པ་གཉིས་མི་འདྲ་སྟེ། སྐབས་འདིའི་ཤེས་པ་ལ་ཤེས་རབ་ཀྱིས་ཁྱབ་པས་སོ། །དྲི་བ།༢༽སྐབས་འདིའི་ལྟ་བ་ཡིན་པའི་ཚད་ཞོག ལན། དམིགས་རྣམ་འཚོལ་བའི་རྣམ་པ་ཅན་གྱི་ཤེས་རབ་སྟེ། །རང་ཡུལ་འཛིན་པའི་བྱ་བ་མ་རྫོགས་པའི་ཤེས་རབ་ལ་ཟེར་སྙམ། དྲི་བ།༣༽ ཡེ་ཤེས་བཅུ་སོ་སོའི་མཚན་ཉིད་ཞོག ལན། ༡ཟག་བཅས་ཀྱི་ངོ་བོར་གྱུར་པའི་ཤེས་རབ་དེ། ཀུན་རྫོབ་ཤེས་པའི་མཚན་ཉིད།༢རང་ཡུལ་འདོད་པའི་སྡུག་བདེན་སོགས་བདེན་བཞི་གང་རུང་གི་གནས་ལུགས་མངོན་སུམ་དུ་མཐོང་ཟིན་རྟོགས་པའི་ཟག་མེད་ཤེས་རབ་དེ། ཆོས་ཤེས་ཀྱི་མཚན་ཉིད།༣རང་ཡུལ་ཁམས་གོང་མའི་སྡུག་བདེན་སོགས་བདེན་བཞི་གང་རུང་གི་གནས་ལུགས་མངོན་སུམ་དུ་མཐོང་ཟིན་རྟོགས་པའི་ཟག་མེད་ཤེས་རབ་དེ། རྗེས་ཤེས་ཀྱི་མཚན་ཉིད།༤རང་ཡུལ་སྡུག་བདེན་གྱི་གནས་ལུགས་མངོན་སུམ་དུ་མཐོང་ཟིན་རྟོགས་པའི་ཟག་མེད་ཤེས་རབ་དེ། སྡུག་བསྔལ་ཤེས་པའི་མཚན་ཉིད།༥རང་ཡུལ་ཀུན་བདེན་གྱི་གནས་ལུགས་མངོན་སུམ་དུ་མཐོང་ཟིན་རྟོགས་པའི་ཟག་མེད་ཤེས་རབ་དེ། ཀུན་འབྱུང་ཤེས་པའི་མཚན་ཉིད།༦རང་ཡུལ་འགོག་བདེན་གྱི་གནས་ལུགས་མངོན་སུམ་དུ་མཐོང་ཟིན་རྟོགས་པའི་ཟག་མེད་ཤེས་རབ་དེ། འགོག་པ་ཤེས་པའི་མཚན་ཉིད།༧རང་ཡུལ་ལམ་བདེན་གྱི་གནས་ལུགས་མངོན་སུམ་དུ་མཐོང་ཟིན་རྟོགས་པའི་ཟག་མེད་ཤེས་རབ་དེ། ལམ་ཤེས་པའི་མཚན་ཉིད།༨རང་ཡུལ་རང་སྟོབས་ཀྱིས་ཕ་རོལ་པོའི་སེམས་སེམས་བྱུང་གང་རུང་རྟོགས་པའི་ཤེས་རབ་དེ། ཕ་རོལ་སེམས་ཤེས་ཀྱི་མཚན་ཉིད། དམིགས་ཀྱིས་བསལ་ན་སངས་རྒྱས་ཀྱིས་བྱིན་གྱི་བརླབས་པའི་ཕ་རོལ་སེམས་རྣམས་རང་སྟོབས་ཀྱིས་ཤེས་པ་མིན་ནོ། །༩རྗེས་ཐོབ་ཏུ་བདེན་བཞི་གང་རུང་ལ་དམིགས་ནས་འདི་ལྟར་བྱ་བ་བྱས་སོ་སྙམ་པའི་ངེས་ཤེས་འདྲེན་ནུས་ཀྱི་ཟག་མེད་ཤེས་རབ་དེ། དངོས་བསྟན་གྱི་ཟད་པ་ཤེས་པའི་མཚན་ཉིད།༡༠རྗེས་ཐོབ་ཏུ་བདེན་བཞི་གང་རུང་ལ་དམིགས་ནས་འདི་ལས་བྱ་བ་གཞན་མེད་དོ་སྙམ་པའི་ངེས་ཤེས་འདྲེན་ནུས་ཀྱི་ཟག་མེད་ཤེས་རབ་དེ། དངོས་བསྟན་གྱི་མི་སྐྱེས་པའི་ཤེས་པའི་མཚན་ཉིད། འདི་དག་མཉམ་བཞག་གི་དབང་དུ་བྱས་སོ། །དྲི་བ།༤༽རྗེས་ཐོབ་ཀྱི་དབང་དུ་བྱས་པའི་ཟད་ཤེས་དང་མི་སྐྱེས་པའི་ཤེས་པ་གཉིས་ཀྱི་མཚན་ཉིད་གང་། ལན། བདེན་བཞི་གང་རུང་ལ་དམིགས་ནས་འདི་ལྟར་བྱ་བ་བྱས་སོ་སྙམ་པའི་ངེས་བློ་དེ། ཟག་བཅས་ཟད་པ་ཤེས་པའི་མཚན་ཉིད། བདེན་བཞི་གང་རུང་ལ་དམིགས་ནས་འདི་ལས་བྱ་བ་གཞན་མེད་དོ་སྙམ་པའི་ངེས་བློ་དེ། ཟག་བཅས་མི་སྐྱེ་བའི་ཤེས་པའི་མཚན་ཉིད་དོ། །དྲི་བ།༥༽ བྱེ་སྨྲའི་ལུགས་སུ་ཟག་མེད་ཤེས་པའི་འཛིན་སྟངས་ལ་བདེན་བཞི་མི་རྟག་བཅུ་དྲུག་གིས་ངེས་སམ། ལན། ངེས་ཏེ། མཛོད་རྩ་བར། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཞེས་དང་། རང་འགྲེལ་ལས་ཀྱང་། རེ་ཞིག་ཁ་ཆེ་བ་རྣམས་ཀྱི་ལྟར་ན། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །རྣམ་པ་བཅུ་དྲུག་ལས་མ་གཏོགས་པ་ཟག་པ་མེད་པའི་རྣམ་པ་མེད་དོ། །ཞེས་གསུངས་པས་སོ། །དྲི་བ།༦༽བདེན་བཞི་མི་རྟག་བཅུ་དྲུག་པོ་གང་། ལན། སྡོམ་བྱང་ལས། མི་རྟག་སྡུག་བསྔལ་སྟོང་བདག་མེད། །རྒྱུ་དང་ཀུན་འབྱུང་རབ་སྐྱེ་རྐྱེན། །འགོག་ཞི་གྱ་ནོམ་ངེས་པར་འབྱུང་། །ལམ་རིག་སྒྲུབ་པ་ངེས་འབྱིན་ནོ། །ཞེས་སོ། །དྲི་བ།༧༽དེ་དག་སོ་སོའི་ངོ་བོ་ངོས་ཟུངས། ལན། མཛོད་རང་འགྲེལ་ལས། དེ་ལ་རྐྱེན་ལ་རག་ལས་པའི་ཕྱིར་མི་རྟག་པའོ། །གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །བདག་གིར་ལྟ་བའི་མི་མཐུན་པའི་ཕྱོགས་ཀྱིས་སྟོང་བའོ། བདག་ཏུ་ལྟ་བའི་མི་མཐུན་ཕྱོགས་ཀྱིས་བདག་མེད་པའོ། །།(སྡུག་བསྔལ་)ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་རྒྱུའོ། །(དེ་མ་ཐག་ཏུ་)འབྱུངབའི་ཆོས་ཀྱི་ཚུལ་གྱིས་ཀུན་འབྱུང་བའོ། །(རྒྱུན་གྱི་)འབྲེལ་བའི་ཚུལ་གྱིས་རབ་ཏུ་སྐྱེ་བའོ། །(རྒྱུ་རྐྱེན་མང་པོས་)མངོན་པར་སྒྲུབ་པའི་དོན་གྱིས་ནི་རྐྱེན་ནོ། །ཞེས་དང་། (སྡུག་བསྔལ་གྱི་)ཕུང་པོ་ཞིག་པའི་ཕྱིར་འགོག་པའོ། །(དུག་གསུམ་གྱི་)མེ་གསུམ་ཞི་བའི་ཕྱིར་ཞི་བའོ། །(སྡུག་བསྔལ་གྱི་)འཚེ་བ་མེད་པའི་ཕྱིར་གྱ་ནོམ་པའོ། །(ལས་དང་ཉོན་མོངས་པའི་)སྐྱོན་ཐམས་ཅད་དང་བྲལ་བའི་ངེས་པར་འབྱུང་བའོ། །(ཐར་བ་)བགྲོད་པའི་དོན་གྱིས་ལམ་མོ། །(ཐབས་ཀྱི་)རིགས་པ་དང་ལྡན་པའི་ཕྱིར་རིགས་པའོ། །(མྱང་འདས་)ཡང་དག་པར་སྒྲུབ་པའི་དོན་གྱིས་སྒྲུབ་པའོ། །ཤིན་ཏུ་ཡང་དག་པར་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱིན་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །དྲི་བ།༨༽དེ་དག་གི་འགལ་བ་མི་མཐུན་ཕྱོགས་རྣམས་གང་། ལན། མཆིམས་ལས། རྟག་པ་དང་། བདེ་བ་དང་། བདག་གིར་དང་། བདག་ཏུ་ལྟ་བ་དང་། རྒྱུ་མེད་པ་དང་། རྒྱུ་གཅིག་པུ་དང་། རང་བཞིན་རྟག་ལ་གནས་སྐབས་རྣམ་པར་འགྱུར་བ་དང་། བློ་སྔར་བཏང་བ་དང་། ཐར་བ་མེད་པ་དང་། སྡུག་བསྔལ་བ་ལ་ཐར་བར་ལྟ་བ་དང་། བསམ་གཏན་གྱི་བདེ་བ་གྱ་ནོམ་པ་དང་། ཡང་དང་ཡང་ཉམས་པར་འགྱུར་བས་ཐར་པ་གཏན་དུ་བ་མ་ཡིན་པར་ལྟ་བ་དང་། ལམ་མེད་དོ། །ལམ་འདི་ངན་ནོ། །འདི་ལས་གཞན་ཡང་ལམ་ཡིན་ནོ། །ལམ་འདི་ཡང་ལྡོག་གོ་སྙམ་པའི་ལྟ་བ་དཔྱད་པ་བཅུ་དྲུག་གི་གཉེན་པོར་གོ་རིམ་བཞིན་དུ་མི་རྟག་པ་ལ་སོགས་བཅུ་དྲུག་ཡིན་ནོ། །ཞེས་གསུངས་པས་སོ། །དྲི་བ།༩༽བྱེ་སྨྲའི་ལུགས་སུ་བདེན་བཞིའི་སྟེང་གི་རྣམ་པ་བཅུ་དྲུག་པོ་རྫས་སོ་སོར་ཡིན་པའི་སྒྲུབ་བྱེད་ཡོད་དམ། ལན། ཡོད་དེ། མཛོད་རྩར། རྫས་སུ་རྣམ་པ་བཅུ་དྲུག་གོ །ཞེས་དང་། མཛོད་རང་འགྲེལ་ལས། འདི་སྐད་དུ་བརྗོད་དེ་རྫས་སུ་རྣམ་པ་བཅུ་དྲུག་གོ ཞེས་གསུངས་པས་སོ། །དྲི་བ།༡༠༽སྤྲུལ་བའི་ངོ་བོ་གང་། ལན། རྫུལ་འཕྲུལ་གྱི་སྟོབས་ཀྱིས་རྣམ་པར་བསྐྲུན་པའི་ཕྱིའི་སྐྱེ་མཆེད་ཀྱི་གཟུགས་སྟེ། མཛོད་རྩར། འདོད་པར་གཏོགས་པའི་སྤྲུལ་པ་ནི། །ཕྱི་ཡི་སྐྱེ་མཆེད་བཞི་རྣམ་གཉིས། །ཞེས་གསུངས་སོ། །དྲི་བ།༡༡༽སྤྲུལ་སེམས་ཀྱིས་ས་གང་གི་སྤྲུལ་པ་སྤྲུལ་ནུས་སམ། ལན། རང་ས་དང་འོག་སའི་སྤྲུལ་པ་སྤྲུལ་ནུས་པ་ལས་གོང་མ་ནི་མ་ཡིན་ནོ། །དྲི་བ།༡༢༽རབ་མཐའི་བསམ་གཏན་གྱི་ངོ་བོ་གང་། ལན།༽འདོད་པ་ནས་སྲིད་རྩེའི་བར་གྱི་ས་ཐམས་ཅད་ལ་ལུགས་འབྱུང་ལུགས་ལྡོག་ཏུ་སྙོམས་པར་འཇུག་པས་མཐུན་པར་བྱས་པ་དང་། བསམ་གཏན་དང་པོ་ནས་བཞི་བའི་བར། རིམ་གྱིས་འཕེལ་བའི་མཐའི་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་དེའོ། །དེའང་མཛོད་རྩར། དེ་ནི་ས་ཀུན་གྱིས་མཐུན་བྱས། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། །ཞེས་གསུངས་སོ། །འདི་ཐོབ་པ་ལ་སྲིད་རྩེའི་བར་གྱི་དངོས་གཞི་མཐའ་དག་ཐོབ་པ་སྔོན་དུ་འགྲོ་དགོས་པས་སྤྱིར་བཞི་པའི་དངོས་གཞི་ཙམ་དང་མི་འདྲའོ། །དྲི་བ།༡༣༽མངོན་ཤེས་དང་པོ་ལྔའི་མཚན་ཉིད་དང་། ས་གང་ལ་བརྟེན། ལན། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་པའི་ཤེས་རབ་གང་ཞིག མང་པོ་གཅིག་ཏུ་བྱེད་པ་སོགས་རྣམ་པ་སྣ་ཚོགས་ཀྱི་བྱ་བ་སྟོན་པ་དེ། རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད། དེ་གང་ཞིག ཐག་ཉེ་རིང་གི་སྒྲ་སྐད་ཐམས་ཅད་ཤེས་པ་དེ། ལྷའི་རྣ་བའི་མངོན་ཤེས་ཀྱི་མཚན་ཉིད། དེ་གང་ཞིག གཞན་གྱི་སེམས་ཇི་ལྟ་བར་ཤེས་པ་དེ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད། དེ་གང་ཞིག རང་གཞན་གྱི་སྔོན་གྱི་གནས་རྗེས་སུ་ཤེས་པ་དེ། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་མཚན་ཉིད། དེ་གང་ཞིག སེམས་ཅན་གྱི་སྐྱེ་བ་དང་འཆི་འཕོ་ཤེས་པ་དེ། སྐྱེ་བ་དང་འཆི་འཕོ་ཤེས་པའི་(ལྷའི་མིག་གི་)མངོན་ཤེས་ཀྱི་མཚན་ཉིད་དོ། །དེ་ལྟར་གྲུབ་སྟེ། མཛོད་རྩར། རྫུ་འཕྲུལ་རྣ་བ་ཡིད་དང་ནི།།སྔོན་ཚེ་འཆི་འཕོ་སྐྱེ་བ་དང་། །ཞེས་སོ། །དང་པོ་ལྔ་ས་ནི་བསམ་གཏན་དངོས་གཞི་བཞི་པོ་ཅི་རིགས་ལ་བརྟེན་ཏེ། མཛོད་རྩར། ལྔ་ནི་བསམ་གཏན་བཞི་དག་ན། །ཞེས་གསུངས་པས་སོ། །དྲི་བ།༡༤༽ རྫ་འཕྲུལ་ལ་རིགས་མི་འདྲ་བ་དུ་ཡོད། ལན། ལྔ་སྟེ། སྒོམ་བྱུང་དང་། སྐྱེས་ཐོབ་དང་། གསང་སྔགས་ལས་དང་། སྨན་པ་དང་། ལས་ལས་སྐྱེས་པ་རྣམ་སོ། །དྲི་བ།༡༥༽གཉེན་པོ་སོ་སོའི་མཚན་ཉིད་ཞོག ལན། རང་གི་སྤང་བྱ་དངོས་སུ་སྤོང་བྱེད་ཀྱི་གཉེན་པོ་དེ། བར་ཆད་མེད་ལམ་གྱི་མཚན་ཉིད། རང་གི་སྤང་བྱའི་བྲལ་ཐོབ་གསར་དུ་འཛིན་པའི་གཉེན་པོ་དེ། རྣམ་གྲོལ་ལམ་གྱི་མཚན་ཉིད། རང་གི་སྤང་བྱའི་རྣམ་གྲོལ་ལམ་གྱི་རྗེས་སུ་བྱུང་བའི་གཉེན་པོ་དེ། ཁྱབ་པར་ལམ་གྱི་མཚན་ཉིད། རང་གི་སྤང་བྱའི་བྲལ་ཐོབ་ཀྱི་རྒྱུན་འཛིན་པའི་གཉེན་པོ་དེ། ཐག་སྲིང་བའི་གཉེན་པོའི་མཚན་ཉིད།
མཛོད་གནས་བརྒྱད་པ་སྙོམས་འཇུག་བསྟན་པའི་དྲི་བ་དང་དྲིས་ལན།
དྲི་བ།༡༽ཞི་གནས་ཀྱི་ཉེས་པ་ལྔ་གང་། ལན། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དང་། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པ་སྟེ། དང་པོ་གཉིས་ཀྱིས་ཏིང་འཛིན་ལ་འཇུག་པའི་སྦྱོར་བ་ལ་གེགས་བྱེད། གསུམ་པས་དངོས་གཞི་དང་། ཕྱི་མ་གཉིས་ཀྱིས་ཏིང་འཛིན་གོང་འཕེལ་དུ་འགྲོ་བ་ལ་གེགས་བྱེད་དོ། །དྲི་བ།༢༽སྤོང་བའི་འདུ་བྱེད་བརྒྱད་པོ་གང་། དེ་དག་ཉེས་པ་ལྔའི་གཉེན་པོ་འགྲོ་ཚུལ་ཞོག ལན། དང་པོ། སྡོམ་བྱང་ལས། དད་འདུན་རྩོལ་བ་ཤིན་སྦྱངས་དང་། །དྲན་པ་ཤེས་བཞིན་སེམས་པ་དང་། །བཏང་སྙོམས་འདུ་བྱེད་བརྒྱད་ཡིན་ནོ། །གཉིས་པ། དད་འདུན་རྩོལ་བ་ཤིན་སྦྱངས་བཞིས་ལེ་ལོ་སྤོང་ཏེ། ཏིང་འཛིན་ཐོབ་པ་ལ་དད་པས་འདུན་ཅིང་དོན་དུ་གཉེར་ནས་རྩོལ་བ་བསྐྱེད་པས་ཤིན་སྦྱངས་ཐོབ་སྟེ་ལེ་ལོ་སྤོང་ངོ་། །གདམས་ངག་མི་བརྗེད་པའི་དྲན་པ་དང་། བྱིང་རྒོད་བྱུང་བ་ལ་རྟོག་པའི་ཤེས་བཞིན་དང་། བྱུང་ན་སྤོང་བའི་གཉེན་པོ་འདུ་བྱེད་པ་སེམས་པ་དང་། བྱིང་རྒོད་ཞི་ཚེ་རྣམ་རྟོག་འདུ་མི་བྱེད་པ་བཏང་སྙོམས་སུ་གནས་པ་རྣམས་ནི་འོད་གསལ་སྙིང་པོ་ལས་གསུངས་སོ། །དྲི་བ།༣༽ཏིང་འཛིན་སྒྲུབ་པའི་སྟོབས་དྲུག་དང་། ཡིད་བྱེད་བཞི་རྣམས་གང་། ལན། སྡོམ་བྱང་ལས། ཐོས་པ་བསམ་པ་དྲན་ཤེས་བཞིན། བརྩོན་འགྲུས་ཡོངས་སུ་འདྲིས་སྟོབས་དྲུག །བསྒྲིམ་འཇུག་ཆད་འཇུག་ཆད་མེད་འཇུག །རྩོལ་བ་མེད་འཇུག་ཡིད་བྱེད་བཞི། །ཞེས་པ་སྟེ། གདམས་ངག་ཐོས་པའི་སྟོབས་ཀྱིས་འཇོག་པ་འགྲུབ། བསམ་པས་རྒྱུན་འཇོག དྲན་པས་བླན་འཇོག་དང་ཉེར་འཇོག་གཉིས་འགྲུབ། ཤེས་བཞིན་གྱིས་དུལ་བ་དང་། ཞི་བ་གཉིས། བརྩོན་འགྲུས་ཀྱིས་རྣམ་ཞི་རྩེ་འཇོག་གཉིས་འགྲུབ། འདྲིས་པའི་སྟོབས་ཀྱིས་སེམས་གནས་དགུ་པ་འགྲུབ་བོ། །དེ་ལ་སེམས་དང་པོ་གཉིས་ཀྱི་སྐབས་ན་ཡིད་བྱེད་དང་པོ་དང་། དེ་ནས་བདུན་པའི་བར་དུ་གཉིས་པ། བརྒྱད་པ་ལ་གསུམ་པ། དགུ་བ་ལ་ཡིད་བྱེད་བཞི་པ་ཡོད་པ་ཡིན་ནོ་ཞེས་འོད་གསལ་སྙིང་པོ་ལས་གསུངས་སོ། །དྲི་བ།༤༽ སེམས་གནས་དགུའི་གནས་སྐབས་ཉམས་ལྔ་གང་། ལན། གཡོ་བའི་ཉམས་དང་། ཐོབ་པ་རོང་ཁུང་དོག་མོའི་ཆུ་ལྟ་བུ། གོམས་པ་ཆུ་ཀླུང་ལྟ་བུ། བརྟན་པ་རྒྱ་མཚོ་རླབས་བྲལ་ལྟ་བུ། མཐར་ཕྱིན་པ་རི་བོ་ལྟ་བུའི་ཉམས་སྟེ་ལྔའོ། །དེའང་སེམས་གནས་དང་པོ་གསུམ་པོ་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུའི་སྐབས་དང་། སེམས་གནས་བཞི་པ་དང་། ལྔ་བ་གཉིས་ཐོབ་པ་རོང་ཁུང་དོག་མོའི་ཆུ་ལྟ་བུའི་སྐབས། སེམས་གནས་དྲུག་པ་དང་། བདུན་པ་གཉིས་ཀྱིས་གོམས་པ་ཆུ་ཀླུང་ལྟ་བུའི་སྐབས། སེམས་གནས་བརྒྱད་པ་རྒྱ་མཚོ་རླབས་བྲལ་ལྟ་བུའི་སྐབས། སེམས་གནས་དགུ་པ་མཐར་ཕྱིན་པ་རི་བོ་ལྟ་བུའི་ཉམས་ཀྱི་སྐབས་ཏེ་འོད་གསལ་སྙིང་པོ་ལས་གསུངས་སོ། །དྲི་བ།༥༽སེམས་གནས་པའི་ཐབས་དགུ་པོ་གང་། ལན། སྡོམ་བྱང་ལས། འཇོག་དང་རྒྱུན་འཇོག་བླན་ཏེ་འཇོག །ཉེར་འཇོག་དུལ་བྱེད་ཞི་བར་བྱེད། །རྣམ་ཞི་རྩེ་གཅིག་མཉམ་པར་འཇོག །ཅེས་དགུ་ལས། ༡སེམས་དམིགས་པ་ལ་གཏོད་པ། འཇོག་པ་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་པ། །ཞེས་གསུངས། ༢དེའི་རྒྱུན་སྐྱོང་བ་ལ། རྒྱུན་འཇོག་སྟེ། དེ་ཉིད་ལས། དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་གསུངས། ༣བརྗེད་ནས་ཡེངས་ན་སླར་ཡང་དམིགས་པ་ལ། བླན་ཏེ་འཇོག་པ་སྟེ། དེ་ཉིད་ལས། རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ཉིད་སླར་ནི་བསླན་པར་བྱ། །ཞེས་གསུངས། ༤དེ་ལྟར་བཞག་པས་གོང་ནས་གོང་དུ་སེམས་དམིགས་པ་ལ་ནང་དུ་སྡུད་པ་ཇེ་ཆེར་བྱས་པ། ཉེར་འཇོག་སྟེ། དེ་ཉིད་ལས། བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ། །ཞེས་གསུངས། ༥དེ་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་ཏིང་ངེ་འཛིན་ལ་སེམས་དགའ་བས། དུལ་བར་བྱེད་པ་སྟེ། དེ་ཉིད་ལས། དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་དུལ་ལོ། །ཞེས་གསུངས། ༦དེ་ནས་རྣམ་གཡེང་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པ། (ཞི་བར་བྱེད་པ་)སྟེ། དེ་ཉིད་ལས། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །ཞེས་གསུངས། ༧དེ་ནས་གཡེང་བའི་རྒྱུ་ཅན་གྱི་ཉེ་ཉོན་བརྣབ་སེམས་རྨུགས་གཉིད་ཡིད་མི་བདེ་བ་སོགས་ལྡང་བ། རྣམ་པར་ཞི་བར་བྱེད་པ་སྟེ། དེ་ཉིད་ལས། བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །ཞེས་གསུངས། ༨དེ་ནས་མངོན་པར་འདུ་བྱེད་པ་དང་བཅས་ཏེ་གནས་པ་ཐོབ་པ། རྩེ་གཅིག་ཏུ་བྱེད་པ་སྟེ། དེ་ཉིད་ལས། དེ་ནས་སྡོམ་བརྩོམ་ཅན་གྱི་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་ཐོབ། ཞེས་གསུངས། ༩དེ་ནས་འབད་རྩོལ་གྱིས་མངོན་པར་འདུ་བྱེད་མི་དགོས་པར་དམིགས་པ་ལ་ངང་གིས་གནས་པ་ཐོབ་པ་ནི། མཉམ་པར་འཇོག་པར་བྱེད་པ་སྟེ། དེ་ཉིད་ལས། དེ་གོམས་པ་ལས་འདི་མི་བྱེད། །ཅེས་གསུངས་སོ། །འདི་དག་མདོ་རྒྱན་དང་སྦྱར་བ་ཙམ་ལས་མཁས་འཇུག་ལས་གསུངས་པ་སྒྲ་ཇི་བཞིན་ནོ། །དྲི་བ།༦༽ཞི་གནས་ཀྱི་མཚན་ཉིད་དང་། དེའི་ཟུར་གྱི་གཅད་བྱ་རྣམས་སྨྲོས། ལན། མཚན་ཉིད་ནི། རང་གི་དམིགས་ཡུལ་ལ་ངང་གིས་ཅི་འདོད་དུ་འཇོག་ནུས་པའི་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་ཏིང་ངེ་འཛིན་ནོ། །ཤིན་སྦྱངས་ཁྱད་པར་བའི་དོན་ནི། ཤིན་སྦྱངས་ཆེས་ཕྲ་བ་ཞིག་སྟེ། འོད་གསལ་སྙིང་པོ་ལས། རགས་པ་དེས་སེམས་གཡོ་བས་ན་རིམ་བཞིན་དེའི་ཤུགས་ཟད་ནས། གྲིབ་མ་ལྟར་སྲབ་པའི་ཤིན་སྦྱངས་ཕྲ་མོ་མི་གཡོ་བ་ཏིང་ངེ་འཛིན་དང་མཐུན་པ་འབྱུང་ངོ་། །དེ་ལ་ཞི་གནས་ཞེས་བྱ་སྟེ། ཞེས་གསུངས་པས་སོ། །ཏིང་འཛིན་ཞེས་པས་སེམས་སེམས་བྱུང་གཞན་རྣམས་ཞི་གནས་ཡིན་པར་གཅོད་དོ། །དྲི་བ།༧༽ལྷག་མཐོང་གི་མཚན་ཉིད་དང་། དེའི་ཟུར་གྱི་གཅད་བྱ་རྣམས་སྨྲོས། ལན། དཔྱད་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་སོ་སོར་རྟོགས་པའི་ཤེས་རབ་དེ་ལྷག་མཐོང་གི་མཚན་ཉིད་དུ་མཁས་པ་དག་གིས་གསུངས་སོ། །(མཚན་ཉིད་ནི། ཞི་གནས་ཀྱིས་ཟིན་པའི་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དེའོ། །ཟུར་དང་པོ་ཞི་གནས་ཀྱིས་ཟིན་པ་ཞེས་པས་ལྷག་མཐོང་ཞི་གནས་དང་མཚུངས་ལྡན་དགོས་པར་སྟོན་ཏེ། མཁས་འཇུག་ལས། ལྷག་མཐོང་ནི་ཞི་གནས་ལ་བརྟེན་པ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་དོན་ལ་སྤྱི་དང་རང་གི་མཚན་ཉིད་དང་ངོ་བོ་དང་ཁྱད་པར་འབྱེད་པའི་སྒོ་ནས་ཞེས་གསུངས་པས་སོ། །ཟུར་གཉིས་པ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཅེས་པས་རང་ཡུལ་གྱི་དོན་མ་ནོར་བར་མཐོང་བའི་ཤེས་རབ་དགོས་པར་སྟོན་ཏེ། མཁས་འཇུག་ལས། གོང་གི་ལུང་དེའི་མཇུག་ཐོག་དེ་ཉིད་དུ། དོན་མ་ནོར་བར་མཐོང་བ་གང་ཡིན་པའོ། །ཞེས་གསུངས་པས་སོ། །ལྷག་མཐོང་ཐོབ་པ་ལ་ཞི་གནས་སྔོན་དུ་འགྲོ་མི་དགོས་པར་སེམས་དཔྱོད་ཅིག) དྲི་བ།༨༽ ཀུན་བཏུས་ལས། ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི་ཞི་གནས་ནི་མ་ཐོབ་སྟེ། དེ་ལྷག་མཐོང་ལ་བརྟེན་ནས་ཞི་གནས་ཐོབ་པར་བྱའོ། །ཞེས་པའི་དོན་གང་། ལན། བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་པའི་བདེན་བཞི་མངོན་སུམ་དུ་རྟོགས་པའི་ལྷག་མཐོང་ལ་བརྟེན་ནས་དང་པོའི་དངོས་གཞི་ལ་བརྟེན་པའི་འདས་ལམ་གྱི་ཞི་གནས་ཐོབ་པར་བྱེད་དགོས་པའི་དོན་ནོ། །དྲི་བ།༩༽ གཟུགས་མེད་ཡོན་ཏན་ཐམས་ཅད་ཀྱི་རྟེན་མིན་ལ། བསམ་གཏན་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པའི་རྒྱུ་མཚན་ཅི། ལན། བསམ་གཏན་ཀྱིས་ཆོས་ཤེས་དང་རྗེས་ཤེས་ཕྱོགས་མཐུན་གྱི་ཤེས་པ་མཐའ་དག་གི་རྟེན་བྱེད་ལ་གཟུགས་མེད་ཀྱིས་ནི་མ་ཡིན་ནོ། །དྲི་བ།༡༠༽དངོས་གཞི་དང་ཉེར་བསྡོགས་ཀྱིས་བསྡུས་པའི་ཚད་གང་། ལན། རང་ཐོབ་པ་ལ་རང་གི་འོག་སའི་འདོད་ཆགས་བྲལ་དགོས་པ་དེ། སྙོམས་འཇུག་དངོས་གཞིས་བསྡུས་པའི་ཚད་དོ། །རང་ཐོབ་པ་ལ་འོག་སའི་འདོད་ཆགས་དང་བྲལ་མི་དགོས་ཤིང་། འདོད་པས་མ་བསྡུས་པའི་འདུས་བྱས་དེ། ཉེར་བསྡོགས་ཀྱིས་བསྡུས་པའི་མཚན་ཉིད། དངོས་གཞིས་བསྡུས་པ་ལ་དངོས་གཞི་སྙོམས་འཇུག་གིས་མ་ཁྱབ་བོ། །དྲི་བ།༡༡༽ ཟག་མེད་གང་ལ་བརྟེན་སའི་ལམ་སླ་བའི་ཚད་གང་། ལན། དངོས་གཞིའི་སེམས་ཡིན་པ་དེའོ། །དྲི་བ།༡༢༽ཡན་ལག་འཇོག་སའི་གཞིར་གྱུར་པའི་དངོས་གཞིའི་ཚད་གང་། ལན། དངོས་གཞིའི་སེམས་གང་ཞིག དཔྱོད་པ་དང་བཅས་པ་འམ། ཞི་ལྷག་ཆ་མཉམ་པ་གང་རུང་ངོ་། །དྲི་བ།༡༣༽རྒྱུ་སྙོམས་འཇུག་དང་། འབྲས་བུ་སྐྱེ་བའི་བསམ་གཏན་གྱི་མཚན་ཉིད་གང་། ལན། དང་པོ། ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་ཁྱད་པར་དུ་བྱས་པའི་སེམས་རྩེ་གཅིག་པ་དང་མཚུངས་ལྡན་དང་བཅས་པ་གང་ཞིག སྙོམས་འཇུག་གི་དངོས་གཞིའི་བསྡུས་པ་དེའོ། །གཉིས་པ། རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་སྟོབས་ཀྱིས་གཟུགས་ཁམས་སུ་ཐོབ་པའི་འདུས་བྱས་ཀྱི་ཆོས་དེའོ། །དེའང་མཛོད་རྩར། “བསམ་གཏན་དག་ནི་རྣམ་གཉིས་བཞི། །དེར་སྐྱེ་བ་དག་རབ་ཏུ་བཤད། །”ཞེས་གསུངས། དྲི་བ།༡༤༽བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་བཞིའི་མཚན་ཉིད་སོ་སོར་ཞོག ལན། དང་པོ། རྟོག་དཔྱོད་གང་རུང་གཉེན་པོའི་ཡན་ལག་གིས་འདོད་པ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དབེན་པ་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་དེའོ། །གཉིས་པ། ནང་རབ་ཏུ་དྭངས་བ་གཉེན་པོའི་ཡན་ལག་གིས་དཔྱོད་པ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་དེའོ། །གསུམ་པ། གཉེན་པོའི་ཡན་ལག་དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱིས་དགའ་བ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག དགའ་བ་སྤངས་པའི་སེམས་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་དེའོ། །བཞི་པ། དྲན་པ་དང་བཏང་སྙོམས་ཡང་དག་གཉེན་པོའི་ཡན་ལག་གིས་བདེ་བ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ཞིག ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་དེའོ། །དེའང་མཛོད་རྩར། དཔྱོད་དང་དགའ་དང་བདེ་དང་ལྡན།།ཡན་ལག་སྔ་སྔ་སྤངས་པ་ཡི། །ཞེས་གསུངས་སོ། །དྲི་བ།༡༥༽ ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་དོན་གང་། ལན། རང་གི་ཉེར་བསྡོགས་ཀྱིས་འོག་སའི་ཚོར་བ་ལ་སྐྱོན་དུ་བལྟས་ནས་འོག་སའི་འདོད་ཆགས་དང་བྲལ་ནས་ཐོབ་པའི་རང་སས་བསྡུས་པའི་དངོས་གཞིའི་སེམས་དེའོ། །དྲི་བ།༡༦༽རྒྱུའི་སྙོམས་འཇུག་དང་། འབྲས་བུའི་སྐྱེ་བའི་གཟུགས་མེད་གཉིས་ཀྱི་མཚན་ཉིད་གང་། ལན། དང་པོ། དམིགས་པའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེའོ། །གཉིས་པ། རྒྱུ་སྙོམས་འཇུག་གི་གཟུགས་མེད་བསྒོམས་སྟོབས་ཀྱིས་གཟུགས་མེད་ཁམས་སུ་ཐོབ་པའི་འདུས་བྱས་ཀྱི་ཆོས་དེའོ། །དྲི་བ།༡༧༽གཟུགས་མེད་དངོས་གཞིའི་སྙོམས་འཇུག་བཞིའི་མཚན་ཉིད་སོ་སོར་ཞོག ལན། དང་པོ་ནམ་མཁའ་མཐའ་ཡས་ནི། སྦྱོར་བའི་དུས་སུ་གཟུགས་ཀྱི་འདུ་ཤེས་བསལ་ནས་ནམ་མཁའི་འདུ་ཤེས་གོམས་པར་བྱས་པ་ལས་དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་རིགས་སུ་གནས་པའི་དགེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེའོ། །གཉིས་པ་རྣམ་ཤེས་མཐའ་ཡས་ནི། སྦྱོར་བའི་དུས་སུ་ནམ་མཁའི་འདུ་ཤེས་བསལ་ནས་རྣམ་པར་ཤེས་པའི་འདུ་ཤེས་གོམས་པར་བྱས་པས། དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་རིགས་སུ་གནས་པའི་དགེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེའོ། །གསུམ་པ་ཅི་ཡང་མེད་པ་ནི། སྦྱོར་བའི་དུས་སུ་རྣམ་ཤེས་ལས་གཞན་པའི་གཟུང་བྱ་ཅི་ཡང་མེད་པ་གོམས་པས་དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་རིགས་སུ་གནས་པའི་དགེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེའོ། །བཞི་པ་ཡོད་མིན་མེད་མིན་ནི། འཇུག་ཤེས་ཀྱིས་བསྡུས་པའི་འདུ་ཤེས་རགས་པ་མེད་ཅིང་ཕྲ་བ་དང་བཅས་པའི་དགེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེའོ། །དེའང་མཛོད་རྩར། དེ་བཞིན་གཟུགས་མེད་ཕུང་པོ་བཞི། །འོག་མའི་ས་ལས་དབེན་ལས་སྐྱེས། །ཞེས་གསུངས་སོ། །དྲི་བ།༡༨༽དམིགས་པའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་དོན་གང་། ལན། རང་གི་ཉེར་བསྡོགས་ཀྱིས་འོག་སའི་ཆོས་ལ་དམིགས་པའི་འདུ་ཤེས་ལ་དམིགས་ནས་སྐྱོན་དུ་བལྟས་ནས་འོག་སའི་འདོད་ཆགས་དང་བྲལ་ནས་ཐོབ་པའི་རང་སས་བསྡུས་པའི་དངོས་གཞིའི་སེམས་དེའོ། །དྲི་བ།༡༩༽སྙོམས་འཇུག་ཉོན་མོངས་ཅན་གྱི་ངོ་བོ་དང་། དབྱེ་བ་སོ་སོའི་མཚན་ཉིད་ཞོག ལན། དང་པོ། རང་སའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་གོང་སས་བསྡུས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེའོ། །དེ་ལ་གཟུགས་དང་གཟུགས་མེད་ཀྱི་སྙོམས་འཇུག་ཉོན་མོངས་ཅན་གཉིས་ལས། མཚན་ཉིད་རིམ་བཞིན། དང་པོ། རང་སའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་བསམ་གཏན་གྱི་སས་བསྡུས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེའོ། །གཉིས་པ། རང་སའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་གཟུགས་མེད་ཀྱི་སས་བསྡུས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དེའོ། །དྲི་བ།༢༠༽སྙོམས་འཇུག་ཉོན་མོངས་ཅན་གྱི་དབྱེ་བ་དང་། སོ་སོའི་མཚན་ཉིད་ཞོག ལན། བཞི་སྟེ། སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། ཐེ་ཚོམ་ཤས་ཆེ་བའི་སྙོམས་འཇུག་བཞི་ལས། དང་པོའི་མཚན་ནི། ཤིན་ཏུ་སྦྱངས་པའི་བདེ་བའི་རོ་མྱོང་པའི་སྲེད་པ་དང་མཚུངས་པར་ལྡན་པའི་གོང་སས་བསྡུས་པའི་སེམས་རྩེ་གཅིག་པ་དང་བཅས་པ་དེའོ། །གཉིས་པ་ནི། སྔོན་གྱི་མཐའ་ལ་རྟོག་པ་ལ་སོགས་པ་རང་སའི་ལྟ་བ་དང་མཚུངས་པར་ལྡན་པ་སོགས་སྔར་བཞིན་ནོ། །གསུམ་པ། ཡོན་ཏན་མ་ཐོབ་པ་ལ་ཐོབ་བོ་སྙམ་པའི་རང་སའི་མངོན་པའི་ང་རྒྱལ་དང་སོགས་སོ། །བཞི་པ། ཐར་བ་ཡིད་གཉིས་ཟ་བ་སོགས་ཀྱི་རང་སའི་ཐེ་ཚོམ་དང་སོགས་གོང་ལྟར་རིགས་འདྲེས་ཏེ་ཤེས་པར་བྱའོ། །འདི་དག་རེ་རེ་ལའང་གཟུགས་དང་། གཟུགས་མེད་ཀྱི་དབྱེ་བས་གཉིས་གཉིས་སུ་ཡོད་པར་ཤེས་པར་བྱའོ། །དྲི་བ།༢༡༽སྙོམས་འཇུག་དག་པ་བའི་ངོ་བོ་དང་། དབྱེ་བ་སོ་སོའི་མཚན་ཉིད་ཞོག ལན། ཚོར་བ་དང་འདུ་ཤེས་གང་རུང་གི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་དང་མཚུངས་ལྡན་དང་བཅས་པ་གང་ཞིག བདག་མེད་མངོན་སུམ་དུ་མ་རྟོགས་པ་དེའོ། དབྱེ་ན། གཟུགས་དང་། གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་དག་པ་གཉིས་ལས། དང་པོའི་མཚན་ཉིད། ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་དང་མཚུངས་ལྡན་དང་བཅས་པ་གང་ཞིག བདག་མེད་མངོན་སུམ་དུ་མ་རྟོགས་པ་དེའོ། །དེ་ལ་དབྱེ་ན་ཉམས་པ་ཆ་མཐུན་དང་། གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་སྟེ་བཞི་ལས། དང་པོའི་མཚན་ཉིད་ནི། བསམ་གཏན་གྱི་དངོས་གཞིའི་སྙོམས་དག་པ་བ་གང་ཞིག རང་གི་རྒྱུན་རྫོགས་པའི་མཇུག་ཐོགས་དེ་མ་ཐག་ཏུ་ཉོན་མོངས་ཅན་གྱི་སྙོམས་འཇུག་སྐྱེ་བ་དང་རྗེས་སུ་མཐུན་པའོ། །གཉིས་པའི་ནི། དེ་གང་ཞིག རང་གི་མཇུག་ཐོགས་དེ་མ་ཐག་ཏུ་རང་སའི་དག་པ་བ་སྐྱེ་བ་དང་རྗེས་སུ་མཐུན་ཅིང་། དེའི་རྒྱུན་རྫོགས་པའི་ཚེ་རྗེས་ཐོབ་ལ་གནས་པར་འགྱུར་བའོ། །གསུམ་པའི་ནི། དེ་གང་ཞིག རང་གི་རྒྱུན་རྫོགས་པའི་མཇུག་ཐོགས་དེ་མ་ཐག་ཏུ་གོང་སའི་དག་པ་བ་སྐྱེ་བ་དང་རྗེས་སུ་མཐུན་པའོ། །བཞི་པའི་ནི། དེ་གང་ཞིག རང་གི་རྒྱུན་རྫོགས་པའི་མཇུག་ཐོགས་དེ་མ་ཐག་ཏུ་ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། །གཉིས་པ་གཟུགས་མེད་དངོས་གཞིའི་སྙོམས་འཇུག་དག་པ་བའི་མཚན་ཉིད་ནི། འདུ་ཤེས་ཀྱི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་དང་མཚུངས་ལྡན་དང་བཅས་པ་གང་ཞིག སྙོམས་འཇུག་གི་དངོས་གཞིའི་བསྡུས་པ་དེའོ། །དྲི་བ།༢༢༽ཟག་མེད་དངོས་གཞིའི་སྙོམས་འཇུག་ངོ་བོ་དང་། དབྱེ་བ་སོ་སོའི་མཚན་ཉིད་ཞོག ལན། ཚོར་བ་དང་འདུ་ཤེས་གང་རུང་གི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་དང་མཚུངས་ལྡན་དང་བཅས་པ་གང་ཞིག བདག་མེད་མངོན་སུམ་དུ་རྟོགས་པ་དེའོ། དབྱེ་ན། གཟུགས་དང་། གཟུགས་མེད་ཀྱི་ཟག་མེད་དངོས་གཞིའི་སྙོམས་འཇུག་གཉིས་ལས། དང་པོའི་མཚན་ཉིད། ཚོར་བའི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་དང་མཚུངས་ལྡན་དང་བཅས་པ་གང་ཞིག བདག་མེད་མངོན་སུམ་དུ་རྟོགས་པའོ། །གཉིས་པ་གཟུགས་མེད་ཟག་མེད་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད་ནི། འདུ་ཤེས་ཀྱི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་རིགས་སུ་གནས་པའི་སེམས་རྩེ་གཅིག་པ་དང་མཚུངས་ལྡན་དང་བཅས་པ་གང་ཞིག བདག་མེད་མངོན་སུམ་དུ་རྟོགས་པའོ། །དྲི་བ།༢༣༽བསམ་གཏན་གྱི་དངོས་གཞིའི་ཡན་ལག་དང་། སོ་སོའི་དོན་ཞོག ལན། དང་པོ། སྡོམ་བྱང་ལས། དང་པོ་རྟོག་དཔྱོད་དགའ་བདེ་སེམས་གནས་ལྔ། །གཉིས་པ་རབ་དྭངས་དགའ་བདེ་ཏིང་འཛིན་བཞི། །གསུམ་པ་བཏང་སྙོམས་དྲན་ཤེས་བདེ་གནས་ལྔ། །བཞི་བ་བཏང་སྙོམས་གཉིས་དྲན་ཏིང་འཛིན་བཞི། །ཞེས་སོ། །གཉེན་པོའི་ཡན་ལག་གི་དོན་ནི། “འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་རྟོགས་པའི་རིགས་ཡིན་པ”་སྟེ། གཙོ་བོར་རང་གི་འོག་སའི་འདོད་ཆགས་དངོས་སུ་འབྲལ་བྱེད་གཉེན་པོའི་རྟོགས་པའི་རྒྱུན་གཅིག་ཏུ་སྐྱེས་ཤིང་། བསམ་གཏན་དངོས་གཞིའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་སེམས་བྱུང་བ་དེ། གཉེན་པོའི་ཡན་ལག་གི་ཚད་དོ། །ཕན་ཡོན་གྱི་ཡན་ལག་ནི། “བསམ་གཏན་ལ་གནས་པ་རྣམས་ཀྱི་ལུས་སེམས་ལ་ཕན་འདོགས་པར་བྱེད་པ”་སྟེ། གཉེན་པོའི་ཡན་ལག་གིས་འོག་ས་ལས་འདོད་ཆགས་བྲལ་བའི་སྟོབས་ཀྱིས་ཐོབ་པའི་བསམ་གཏན་དངོས་གཞིའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་སེམས་བྱུང་དེ། ཕན་ཡོན་གྱི་ཡན་ལག་གི་ཚད་དོ། །གནས་པའི་ཡན་ལག་ནི། “ཡན་ལག་གཞན་རྣམས་འདི་ལ་བརྟེན་ནས་འཇུག་པ”་སྟེ། བསམ་གཏན་གྱི་དངོས་གཞིའི་ཏིང་ངེ་འཛིན་དེ་གནས་པའི་ཡན་ལག་གི་ཚད་དོ། །དྲི་བ།༢༤༽ གཟུགས་མེད་ལ་ཡན་ལག་མེད་པའི་རྒྱུ་མཚན་ཅི། ལན། གཟུགས་མེད་རྣམས་ཞི་གནས་སུ་རོ་གཅིག་པའི་ཕྱིར་རོ་ཞེས་ཀུན་བཏུས་དང་། རྒྱལ་སྲས་མ་གཉིས་ལས་གསུངས་ལ། གང་སྤེལ་གྱིས་དེ་ཡང་བཀོད་པས། དེའི་དོན་ནི་ཞི་ལྷག་ཆ་མི་སྙོམས་པར་ཞི་གནས་ཤས་ཆེ་བའི་དོན་ནོ། །དྲི་བ།༢༥༽ཉེར་བསྡོགས་ཀྱི་མཚན་ཉིད་གང། ལན། སྙོམས་འཇུག་གི་དངོས་གཞི་ཐོབ་དོན་དུ་དམིགས་རྣམ་ཡོངས་སུ་སྦྱོང་བར་བྱེད་པའི་གོང་སའི་ཐབས་ཀྱི་དགེ་བས་བསྡུས་པ་དེའོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་བསམ་གཏན་དང་པོའི་ཉེར་བསྡོགས་ནས་སྲིད་རྩེའི་ཉེར་བསྡོགས་ཀྱི་བར་བརྒྱད་དོ། །དྲི་བ།༢༦༽ བསམ་གཏན་དང་པོའི་ཉེར་བསྡོགས་དང་། དབྱེ་བ་སོ་སོའི་མཚན་ཉིད་གང་། ལན། བསམ་གཏན་དང་པོའི་དངོས་གཞིའི་ཆེད་དུ་དམིགས་རྣམ་སྦྱོང་བར་བྱེད་པའི་དགེ་རྩས་བསྡུས་པ་དེའོ། དེ་ལ་ཟག་བཅས་དང་ཟག་མེད་གཉིས་ལས། དང་པོ་ཟག་བཅས་ནི། བསམ་གཏན་དང་པོའི་དངོས་གཞིའི་ཆེད་དུ་དམིགས་རྣམ་སྦྱོང་བར་བྱེད་པའི་ཞི་རགས་རྣམ་པ་ཅན་གྱི་དགེ་རྩས་བསྡུས་པ་དེའོ། །གཉིས་པ། བསམ་གཏན་དང་པོའི་དངོས་གཞིའི་ཆེད་དུ་དམིགས་རྣམ་སྦྱོང་བར་བྱེད་པའི་བདེན་པའི་རྣམ་ཅན་གྱི་དགེ་རྩས་བསྡུས་པའི་ཟག་མེད་དེའོ། །དྲི་བ།༢༧༽ བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་དབྱེ་བ་སོ་སོའི་ངོ་བོ་གང་། ལན། ༡མཉམ་བཞག་གི་སས་བསྡུས་པའི་ཡིད་བྱེད་གང་ཞིག ཐོས་བསམ་འདྲེས་མའི་སྒོ་ནས་འདོད་པ་ལ་རགས་པ་དང་། བསམ་གཏན་དང་པོ་ལ་ཞི་བའི་རྣམ་པར་ལྟ་བ་དེ། བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པའི་མཚན་ཉིད། ༢ཐོས་བསམ་ལས་འདས་ཏེ་ཞི་རགས་ཀྱི་མཚན་མ་རྩེ་གཅིག་ཏུ་སྒོམ་པའི་ཡིད་བྱེད་གང་ཞིག འདོད་ཉོན་ཆེན་པོ་གསུམ་སྤོང་བའི་སྦྱོར་བར་གྱུར་པ་དེ། བསམ་གཏན་དང་པོའི་ཉེར་བསྡོགས་མོས་པ་ཡིད་ལ་བྱེད་པའི་མཚན་ཉིད། ༣དེ་གང་ཞིག འདོད་ཉོན་ཆེན་པོ་གསུམ་དངོས་སུ་སྤོང་བ་དེ། བསམ་གཏན་དང་པོའི་ཉེར་བསྡོགས་རབ་ཏུ་དབེན་པ་ཡིད་ལ་བྱེད་པའི་མཚན་ཉིད།༤འདོད་ཉོན་ཆེན་པོ་གསུམ་སྤངས་པའི་དགའ་བདེ་ཆུང་ངུས་རང་རྒྱུད་ལ་རེག་ཅིང་། ཉོན་མོངས་སྤོང་བ་ལ་ཡོན་ཏན་དུ་མཐོང་བ་དྭངས་བར་གྱུར་པའི་ཡིད་བྱེད་གང་ཞིག འདོད་ཉོན་འབྲིང་པོ་གསུམ་དངོས་སུ་སྤོང་བ་དེ། བསམ་གཏན་དང་པོའི་ཉེར་བསྡོགས་དགའ་བ་སྡུད་པ་ཡིད་ལ་བྱེད་པའི་མཚན་ཉིད།༥ དེ་གང་ཞིག འདོད་ཉོན་སྤངས་པས་དགེ་བའི་ཆོས་ལ་སྦྱོར་བ་བརྟན་པར་བྱས་པའི་ཕྱིར་ཀུན་དཀྲིས་པ་མངོན་དུ་གྱུར་པ་མི་འབྱུང་བའི་ཚེ་འདོད་པའི་ཉོན་མོངས་སྤངས་མ་སྤངས་དཔྱོད་པར་བྱེད་པའི་ཡིད་བྱེད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་དཔྱོད་པ་ཡིད་ལ་བྱེད་པའི་མཚན་ཉིད།༦འདོད་ཉོན་ལྷག་མ་མ་སྤངས་པར་ཤེས་ནས་དེ་སྤང་བའི་ཕྱིར་ཞི་རགས་ཀྱི་མཚན་མ་རྩེ་གཅིག་ཏུ་སྒོམ་པའི་ཡིད་བྱེད་གང་ཞིག འདོད་ཉོན་ཆུང་ངུ་གསུམ་དངོས་སུ་སྤོང་བར་བྱེད་པ་དེ། བསམ་གཏན་དང་པོའི་ཉེར་བསྡོགས་སྦྱོར་བའི་མཐའ་ཡིད་ལ་བྱེད་པའི་མཚན་ཉིད། འདོད་ཉོན་དགུ་པ་རྣམ་པར་སྤངས་པའི་རྣམ་གྲོལ་དགུ་བའི་ཡིད་བྱེད་དེ། སྦྱོར་བ་མཐའི་འབྲས་བུ་ཡིད་ལ་བྱེད་པའི་མཚན་ཉིད་དོ། །དྲི་བ།༢༨༽ཉེར་བསྡོགས་ཀྱི་ཚོར་བ་ལ་བཏང་སྙོམས་ཀྱིས་ཁྱབ་པའི་རྒྱུ་མཚན་ཅི། ལན། འབད་དེ་དྲང་བར་བྱ་བའི་ཕྱིར་ན་སྡུག་བསྔལ་མིན་ལ། ས་འོག་མ་ལས་ཡིད་འབྱུང་བ་དང་མ་བྲལ་བའི་ཕྱིར་ན་ཚོར་བ་བཏང་སྙོམས་པ་ཁོ་ནའོ། །དྲི་བ།༢༩༽ཚད་མེད་བཞིའི་མཚན་ཉིད་ཞོག ལན། བདག་རྐྱེན་བསམ་གཏན་དངོས་གཞི་ལ་བརྟེན་ཏེ་དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ནས། རྣམ་པ་བདེ་བ་དང་འཕྲད་པར་འདོད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དེ། བྱམས་པ་ཚད་མེད་ཀྱི་མཚན་ཉིད། དམིགས་ནས་ཡན་ཆོད་ཕྱི་མ་རྣམས་ལ་རིགས་འགྲེ། རྣམ་པ་སྡུག་བསྔལ་དང་བྲལ་བར་འདོད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དེ། སྙིང་རྗེ་ཚད་མེད་ཀྱི་མཚན་ཉིད། རྣམ་པ་བདེ་བ་དང་མི་འབྲལ་བར་འདོད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དེ། དགའ་བ་ཚད་མེད་ཀྱི་མཚན་ཉིད་དོ། །ཆགས་སྡང་གི་ཉོན་མོངས་པ་དང་བྲལ་བར་འདོད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དེ། བཏང་སྙོམས་ཚད་མེད་ཀྱི་མཚན་ཉིད་དོ། །དྲི་བ།༣༠༽ གོང་མའི་སྙོམས་འཇུག་ལ། ལུང་དང་། རྒྱུ་དང་། ལས་དང་། ཆོས་ཉིད་ཀྱི་སྟོབས་ཀྱིས་སྐྱེ་བ་བཞིའི་ཁྱད་པར་གང་། ལན། དང་པོ། བསམ་གཏན་གྱི་གདམས་ངག་སྟོན་པའི་ལུང་ལ་ཐོས་བསམ་བྱས་པའི་སྟོབས་ཀྱིས་སྙོམས་འཇུག་ཐོབ་པ་ལྟ་བུ་ནི། ལུང་གི་སྟོབས་ཀྱིས་གོང་སའི་སྙོམས་འཇུག་ཐོབ་པའོ། །གཉིས་པ། སྔར་མིའི་རྟེན་ལ་གཟུགས་མེད་ཀྱི་སྙོམས་འཇུག་ལས་ཉམས་པའི་གཟུགས་ཁམས་སུ་སྐྱེ་བའི་རྟེན་ལ་སྔར་གོམས་པའི་སྐལ་མཉམ་གྱི་རྒྱུའི་སྟོབས་ཀྱིས་གཟུགས་མེད་ཀྱི་ཏིང་འཛིན་ཐོབ་པ་ལྟ་བུ་ནི། རྒྱའི་སྟོབས་ཀྱིས་གོང་སའི་སྙོམས་འཇུག་ཐོབ་པའོ། །གསུམ་པ། སྔར་མིའི་རྟེན་ལ་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་སྟེ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་ནས། བར་དུ་དེའི་སྙོམས་འཇུག་ལས་ཉམས་པའི་གཟུགས་ཁམས་སུ་སྐྱེ་བའི་རྟེན་ལ་སྔར་བསགས་པའི་སྟོབས་ཀྱིས་གཟུགས་མེད་ཁམས་སུ་སྐྱེ་བ་ལྟ་བུ་སྐལ་མཉམ་གྱི་རྒྱུའི་སྟོབས་ཀྱིས་ཐོབ་པ་ལྟ་བུ་ནི། ལས་ཀྱི་སྟོབས་ཀྱིས་གོང་སའི་སྙོམས་འཇུག་ཐོབ་པའོ། །བཞི་པ། འཇིག་རྟེན་འཇིག་པའི་ཚེ་ལུང་ལ་མ་ལྟོས་པར་འོག་མའི་རྒྱུད་ལ་བསམ་གཏན་གྱི་སྙོམས་འཇུག་ངང་གིས་སྐྱེ་བ་ལ་ཆོས་ཉིད་ཀྱིས་ཐོབ་ལྟ་བུའོ། །དྲི་བ།༣༡༽ རྣམ་ཐར་བརྒྱད་དང་། ཟིལ་གནོན་བརྒྱད། ཟད་པར་བཅུ་རྣམས་གང་། ལན། སྡོམ་བྱང་ལས། གཟུགས་ཅན་གཟུགས་ལ་ལྟ་བ་དང་། །གཟུགས་མེད་གཟུགས་ལ་ལྟ་བ་དང་། །སྡུག་པའི་རྣམ་པར་ཐར་བ་དང་། །ནམ་མཁའ་མཐའ་ཡས་ལ་སོགས་བཞི། །འགོག་པའི་སྙོམས་འཇུག་དང་བཅས་པ། །རྣམ་པར་ཐར་བ་བརྒྱད་ཡིན་ནོ། །ནང་གི་གཟུགས་སུ་འདུ་ཤེས་པས། །ཆེ་ཆུང་དབྱིབས་ནི་ཟིལ་གནོན་གཉིས། །ནང་གཟུགས་མེད་པས་དེ་བཞིན་གཉིས། །སྔོ་སེར་དཀར་དམར་ཟིལ་གནོན་བརྒྱད། །ས་ཆུ་མེ་རླུང་ནམ་མཁའ་དང་། །སྔོ་སེར་དཀར་དམར་རྣམ་ཤེས་ཀྱིས། །ཀུན་ཏུ་ཁྱབ་པར་བྱེད་པ་ཡི། །ཟད་པར་དག་ནི་བཅུ་ཡིན་ནོ། །དྲི་བ།༣༢༽དམ་པའི་ཆོས་ཀྱི་ངོ་བོ་དང་། དབྱེ་བ་ངོས་ཟུངས། ལན། གང་ལ་ཚུལ་བཞིན་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་གཉེན་པོ་རྣམ་དཀར་ཕྱོགས་སུ་གྱུར་བའི་ཡོན་ཏན་ཞིག་སྟེ་ཞེས་ཤེས་བྱ་ཀུན་ཁྱབ་ལས་གསུངས། དབྱེ་བ། ལུང་དང་རྟོགས་པའི་བསྟན་པ་གཉིས་ལས། དང་པོ་སྡེ་སྣོད་གསུམ་གང་རུང་གིས་བསྡུས་པ་སྟེ། རང་འགྲེལ་ལས། དེ་ལ་ལུང་ནི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་རྣམས་སོ། ། གཉིས་པ་ནི་ལམ་ཞུགས་ཀྱི་མངོན་པར་རྟོགས་པས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་ནམ། ཡང་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཏེ། རང་འགྲེལ་ལས། རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཏེ། ཞེས་གསུངས་པས་སོ། །དྲི་བ།༣༣༽ དམ་པའི་ཆོས་འཛིན་ཚུལ་དང་། དེ་གནས་པའི་ཚད་ཞོག ལན། དེ་གཉིས་དོན་གཅིག་པ་སྟེ། ལུང་གི་ཆོས་ལ་འཆད་ཉན་དང་། རྟོགས་པའི་ཆོས་ལ་སྒོམ་སྒྲུབ་བྱེད་པ་སྟེ། རང་འགྲེལ། ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པ་ཡིན་ནོ། །རྟོགས་པ་འཛིན་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་ཉིད་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །ཞེས་གསུངས་པས་སོ། །
དྲི་བ།༣༤༽དམ་པའི་ཆོས་ནུབ་པའི་ཚད་ཞོག ལན། མཁན་སློབ་དགེ་འདུན་གྲངས་ཚང་། གསོལ་བཞིའི་ལས་ཀྱི་ཆོ་ག་རྫོགས་པར་བྱས། ཡན་ལག་གཞན་ཚང་བའི་བསྒྲུབ་བྱ་མཚན་ཉིད་དང་ལྡན་ཡང་། དུས་ཀྱི་ཆོས་ཉིད་ཀྱིས་བསྙེན་རྫོགས་ཀྱི་སྡོམ་པ་གསར་དུ་སྐྱེ་བའི་འཕྲོ་ཆད་པ་དེ། རྟོགས་པའི་ཆོས་ནུབ་པའི་དོན་དང་། དུས་ཀྱི་ཆོས་ཉིད་ཀྱིས་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་སྒྲུབ་འདོད་པའི་ཀུན་སློང་རྣམ་དག་བྲལ་ཏེ་འཆད་ཉན་གྱི་འཕྲོ་ཆད་པ་དེ། ལུང་གི་བསྟན་པ་ནུབ་པའི་དོན་ནོ། །དྲི་བ།༣༥༽བསྟན་པ་དམ་པའི་ཆོས་ཀྱི་གནས་ཚད་ཇི་ཙམ་ཡིན། ལན། ལོ་ལྔ་སྟོང་གི་བར་དུ་གནས་ཏེ། འབུམ་ཊཱིཀ་གནོད་འཇོམས་ལས། ལྔ་བརྒྱ་ཕྲག་བཅུར་གནས་པས། དང་པོ་ལ་དགྲ་བཅོམ། གཉིས་པ་ལ་ཕྱིར་མི་འོང་། གསུམ་པ་ལ་འབྲས་བུ་དང་པོ་གཉིས་འབྱུང་བའི་དེ་དག་འབྲས་བུའི་དུས་དང་། བཞི་པ་ལ་ཤེས་རབ། ལྔ་པ་ལ་ཏིང་ངེ་འཛིན། དྲུག་པ་ལ་ཚུལ་ཁྲིམས་ལ་སློབ་པ་ཤས་ཆེ་བས་དེ་དག་སྒྲུབ་པའི་དུས་དང་། བདུན་པ་ལ་མངོན་པ། བརྒྱད་པ་ལ་མདོ་སྡེ། དགུ་པ་ལ་འདུལ་བ་ཤས་ཆེར་སྤྱོད་པས་དེ་དག་ལུང་གི་དུས་དང་། བཅུ་པ་རྟགས་ཙམ་འཛིན་པའོ། །ཞེས་གསུངས་པ་ཀུན་གྱིས་འཐད་ལྡན་དུ་བཟུང་བ་ངེས་པའི་དོན་དུ་གཟུང་བར་བྱའོ། །འདིར་གྲུབ་མཐའ་མཛོད་ལས། “འདིར་ཕལ་དག་ལུང་དང་སྒྲུབ་པ་གཉིས་གོ་བརྗེ་བར་སྣང་ཡང་དག་པར་མ་མཐོང་ངོ་”ཞེས་ཉིད་ཀྱིས་སྒྲུབ་པའི་དུས་ཐ་མར་བརྩིས་ནས་གསུངས་པ་དང་འགལ་མིན་ཞིབ་ཏུ་དཔྱོད་ཅིག དྲི་བ།༣༦༽ བསྟན་འཛིན་གྱི་སྐྱེ་བུ་དང་། དེས་བསྟན་པ་འཛིན་ཚུལ་གང་། ལན། དང་པོ། སྟོན་པའི་བསྟན་པ་ཚུལ་བཞིན་དུ་འཛིན་པའི་གང་ཟག་དེ། བསྟན་འཛིན་ཀྱི་སྐྱེ་བུའི་མཚན་ཉིད། གཉིས་པ། ལུང་རྟོགས་གང་རུང་གི་བསྟན་པ་འཛིན་ཚུལ་སྟེ། ལུང་གིས་ཇི་ལྟར་བསྟན་པའི་དོན་རང་གིས་ཚུལ་བཞིན་དུ་ངེས་ནས་བསམ་པ་དག་པས་གཞན་ལ་སྨྲ་བར་བྱེད་པ་དེ། ལུང་གི་བསྟན་པ་འཛིན་པའི་ཚུལ་ལོ། །བྱང་ཆུབ་གྱི་ཕྱོགས་དང་མཐུན་(ཐར་ལམ་)པའི་ཆོས་རང་རྒྱུད་ལ་སྒྲུབ་ཅིང་ཉམས་སུ་ལེན་པ་དེ། རྟོགས་པའི་བསྟན་པ་འཛིན་པའི་ཚུལ་ལོ། །དྲི་བ།༣༧༽ བསྟན་པ་དཀྲུགས་ཚུལ། ལན། ལུང་རྟོགས་གང་རུང་གི་བསྟན་པ་དཀྲུགས་ཚུལ་སྟེ། འདི་ལ་གཉིས་ལས། དང་པོ་ནི། སྟོན་པའི་བསླབ་པ་ཁྱད་དུ་གསོད་པར་བྱེད་པ་དེ། རྟོགས་པའི་བསྟན་པ་དཀྲུགས་པའི་ཚད་དང་། གཉིས་པ་ནི། མ་རྟོགས་པའི་དབང་གིས་སྡེ་སྣོད་གསུམ་པོ་གང་རུང་གི་དོན་ཕྱིན་ཅི་ལོག་ཏུ་འགྲེལ་བར་བྱེད་པ་དེ། ལུང་གི་བསྟན་པ་དཀྲུགས་པའི་ཚད་དོ། །དྲི་བ།༣༨༽ སྟོན་པ་འདིའི་རྟོགས་པ་དང་ལུང་གི་བསྟན་པའི་ཚད་གང་། ལན། དང་པོ། སྟོན་འདིའི་ཐུགས་རྒྱུད་ཀྱི་ལམ་དང་། འདིའི་ལུང་གི་བསྟན་པ་ལ་གསར་དུ་ཐོས་བསམ་བྱས་པ་ལས་གསར་དུ་སྐྱེས་པའི་རྟོགས་པའི་བསྟན་པ་གང་རུང་དེའོ། །གཉིས་པ། སྟོན་པ་འདིས་གསར་དུ་གསུངས་པའི་སྡེ་སྣོད་གསུམ་པོ་གང་རུང་དེ། སྟོན་པ་འདིའི་ལུང་གི་བསྟན་པ་ཡིན་པའི་ཚད་དོ། །དྲི་བ།༣༩༽འཐོབ་བྱ་ཐར་བ་དང་། དེའི་རྒྱུ་བག་ཡོད་གང་། ལན། དང་པོ། སྡུག་བསྔལ་མ་ལུས་པར་སྤངས་པའོ། །གཉིས་པ། ཟག་པ་དང་བཅས་པ་རྣམས་ལས་སེམས་སྲུང་བའོ། །དྲི་བ།༤༠༽ ཐར་བར་འདོད་ཅིང་དོན་གཉེར་པ་རྣམས་ལ་བག་ཡོད་བསྐུལ་དགོས་པའི་རྒྱུ་མཚན་ཅི། ལན། བསྟན་པ་འཛིན་པའི་འཕགས་པ་རྣམས་ཞི་བའི་དབྱིངས་སུ་མ་བཞུད་ན། བསྟན་པའི་སྙིང་པོ་བདག་མེད་ལ་ལོག་པར་རྟོག་པ་མི་འབྱུང་ཞིང་། གལ་ཏེ་བྱུང་ནའང་ཡུན་རིང་དུ་མི་གནས་པའི་ཚུལ་གྱིས་སེལ་བར་མཛད་ནུས་པས་སོ། དྲི་བ།༤༡༽ བག་ཡོད་བསྟན་གང་ལས་འཕྲོས་སམ། ལན། མཛོད་རྩར། དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །ཞེས་པ་ནས་འཕྲོས་སོ། །དྲི་བ།༤༢༽འཐོབ་བྱ་ཐར་བ་དང་། དེའི་རྒྱུ་བག་ཡོད་གང་། ལན། དང་པོ། སྡུག་བསྔལ་མ་ལུས་པར་སྤངས་པའོ། །གཉིས་པ། ཟག་པ་དང་བཅས་པ་རྣམས་ལས་སེམས་སྲུང་བའོ། །
བོད་རྒྱལ་ལོ་༢༡༤༢ལོར་སྡེ་དགེ་ཞེ་ཆེན་ལྔ་རིག་ནང་བསྟན་སློབ་གླིང་ལེགས་བཤད་ཉི་ཟླའི་དགའ་ཚལ་གྱི་མངོན་པ་འཛིན་གྲྭའི་ཁྲོཾ་གྲྭ་ཕུར་བ་ཕྲིན་ལས་ཀྱིས་བྲིས།

Comments
Post a Comment