ཇོ་ཁང་ལ་མེ་ཤོར། ང་ཚོ་མགོ་སྐོར་འོག་ཏུ་འཚུད།




ལོ་གསར་ཚེས་གཉིས་ཀྱི་ཕྱི་དྲོར་ཇོ་ཁང་མེ་ལ་མེ་ཤོར་འདུག་ཅེས་ག་ས་གང་ནས་བརྙན་ཐུང་ལྟ་མི་བཟོད་པ་དེ་འདྲ་གཅིག་འབྱོར་གཉིས་སླེབས་ཀྱིས་བོད་མི་ཚོའི་ལོ་གསར་གྱི་སྤྲོ་སྣང་དེ་སྐད་ཅིག་དེ་མ་ཉིད་དུ་བཅམས་སོང་། བརྙན་ཐུང་དག་ལས་རང་རང་སོ་སོས་གསོལ་བ་སྨོན་ལམ་དང་སྡུག་སྐད་རྒྱག་སྡོད་པ་ལས་བྱེད་ཐབས་མེད་པའི་གནས་སུ་གྱར་ཡོད་པ་མཐོང་ཐུབ་ལ་ཅི་འདྲ་བའི་བློ་ཕམ་དང་སེམས་སྡུག ཇོ་རིན་པོ་ཆེ་ལ་དད་སེམས་དང་ལྷ་ལྡན་གཙུག་ལག་ཁང་ལ་སྙིང་ནས་དགའ་ཞེན་དང་ལོ་རྒྱུས་ཡུན་རིང་ལྡན་པའི་རྭ་ས་འཕྲུལ་སྣང་གཙུག་ཁང་ཆེན་མོ་འདི་ལ་བོད་མི་ཚོས་བློ་གཏད་ཅི་ཙམ་བཅོལ་ཡོད་མེད་ནི་ད་རེས་བརྙན་ཐུང་དག་གིས་གསལ་བཤད་ཐུབ་ཀྱི་འདུག འཛམ་གླིང་ཁྱོན་དུ་ལོ་གསར་ལ་རོལ་བཞིན་པའི་བོད་མི་སྐྱབས་བཅོལ་བ་དག་གིས་ཀྱང་བརྙན་ཐུང་དག་ཕར་གཏོང་ཚུར་གཏོང་གིས་སེམས་ཁུར་དང་སྤྲོ་ལངས་བའི་ཚིག་དང་སེམས་སྐྱོ་བའི་སྡུག་སྐད་ཀྱང་འདོན་འགོ་ཚུགས་སོང་། ང་ཚོ་སྐྱབས་བཅོལ་བ་ཚོས་ཐག་རིང་ནས་སེམས་ཁུར་བྱེད་པ་ལས་ཅི་ཡང་ནུས་པ་མི་ཐོན་པ་གསལ་པོ་ཡིན་ལ་ཇོ་ཁང་མདུན་དུ་ཡོད་པ་དག་གིས་ཀྱང་བལྟས་སྡོད་པ་ལས་ཆུ་དབོར་ནས་མེ་གསོད་ཐབས་སོགས་གང་ཡང་བྱེད་ས་མ་རག་པ་འདི་ནི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་ཆགས་འདུག

བརྙན་ཐུང་འབྱོར་ནས་སྐར་མ་བཅུ་མ་ཟིན་གོང་ནས་"མེ་ཤོར་ས་ཇོ་ཁང་མ་རེད། མ་ཎི་ལྷ་ཁང་རེད། ཡང་ལྷ་མོའི་མགོན་ཁང་རེད་"ཟེར། གང་ལྟར་"ཇོ་ཁང་ལ་མེ་ཤོར་མི་འདུག་བློ་བདེ་པོར་བྱོས་"ཟེར་ནས་ཡིད་སྐྱོ་བའི་སེམས་ཁམས་དེ་རེ་ཞིག་ཅུང་ལྷིང་འཇགས་སུ་བཏང་སོང་། དེ་མ་ཉིད་དུ་དྲ་ཐོག་ཏུ་གཤེ་གཤེ་ཡང་གཏོང་འགོ་བཙུགས་བྱུང་ལ་"གླན་པ་ཚོ་ཅལ་འདྲོགས་མ་བྱེད་ཇོ་ཁང་མེ་ལ་ཤོར་མེད་"ཅེས་ག་ས་གང་ནས་དྲ་ཐོག་ཏུ་སྤུངས་བྱུང་། ཇོ་ཁང་མེ་ལ་ཤོར་མེད་ན་འགྲིག་འདུག་བསམ་བཞིན་གཤེ་གཤེ་དག་ཟད་བཞིན་འདུག་སྡོད་པ་ཡིན། "ང་རང་ཡུལ་དངོས་ལ་ཡོད། མེ་སྐྱོན་འཚབ་ཆེན་མི་འདུག་ལ་ད་ཆར་མེ་བསད་དེ་ཡོད་ཚད་རྒྱུན་ལྡན་ཡིན་"ཟེར་ནས་སྐད་འཕྲིན་ཐོག་ཏུ་འཇོག་པ་དག་པར་བླངས་ནས་གཏོང་གི་འདུག དྲ་མིང་བོད་ཡིག་ཅན་དེ་དག་གིས་བདེན་བསམ་བསམ་དང་ལོས་ཡིན་བསམ་བསམ་དེ་འདྲ་བཤད་ཡོང་དུས་ང་ཚོས་ད་དུང་ཇོ་ཁང་མེ་ལ་ཤོར་འདུག་ཅེས་བཤད་ཕོད་པ་ཞིག་མི་འདུག ཇོ་ཁང་གི་ཕྱི་ནང་དང་གཡས་གཡོན་དེ་ཚོ་ལ་རྒྱུས་མངའ་མེད་ཙང་བློ་མ་བདེ་ནའང་རེ་ཞིག་བལྟས་ནས་སྡོད་པ་ལས་ཅི་ཡང་མ་གླེང་། ཆུ་ཚོད་གཅིག་ཙམ་སོང་རྗེས་ཇོ་ཁང་གི་པར་རིས་ཅན་ཞིག་ལ་དམར་རྟགས་དང་སེར་རྟགས་བརྒྱབ་ནས་མེ་ཤོར་ས་ཇོ་ཁང་མིན་པའི་སྒྲུབ་བྱེད་ཅིག་གཏོང་གི་འདུག དྲ་ཐོག་ཏུ་ལྷ་ས་ལ་ཆ་རྒྱུས་ཅན་ཚོས་གསལ་བཤད་གནང་ཨེ་འདུག་བལྟས་ནའང་ཁོ་ཚོ་ལའང་ཅི་བཤད་རྒྱུ་མེད་པ་འདྲ། རེ་གཉིས་ཤིག་གིས་མ་ཎི་ལྷ་ཁང་ཇོ་ཁང་གི་ཆ་ཤས་ཡིན་ཚུལ་ཙམ་བཤད་འདུག་པ་ལས་རྒྱབ་ལྗོངས་དང་ཁུངས་ལྡན་ཡིན་བསམ་བསམ་ཞིག་བཤད་ཀྱི་མི་འདུག་སྟབས་ཁ་མི་གསལ་བའི་གནས་ཚུལ་ཞིག་གི་ཐོག་ཏུ་ལུས་ཏེ་བསྡད་སོང་།


མཚན་ཕྱེད་ཙམ་ལ་རྩོམ་པ་པོ་འོད་ཟེར་གྱི་དྲ་བའི་ཐོག་ཏུ་པར་རིས་བཀོད་དེ་ཇོ་ཁང་མེ་ལ་ཤོར་བའི་སྐོར་བྲིས་འདུག་པ་མ་ཟད་པར་རིས་ཧ་ཅང་ཁ་གསལ་པོ་ཞིག་བཀོད་དེ་མེ་ཤོར་ས་དེ་གཙུག་ལག་ཁང་ཡིན་པ་མ་ཟད་དམར་ལྷབ་ལྷུབ་འབར་བཞིན་པའི་རྒྱ་ཕིབས་དེ་ཇོ་རིན་པོའི་དབུ་ཐོག་གི་རྒྱ་ཕིབས་དེ་ཡིན་པ་གསལ་པོར་སྟོན་ཐབས་གནང་འདུག ཇོ་ཁང་ལ་མེ་འབར་འདུག་ཟེར་ན་གཤེ་གཤེ་བཏང་ཡོང་བས་ཚང་མ་རེ་ཞིག་ཁ་ཁར་སྡོད་པ་ལས་འོད་ཟེར་ལགས་ཀྱི་པར་རིས་དེ་ལ་དཔྱོད་པ་བྱེད་མཁན་སུ་ཡང་བྱུང་མ་སོང་། གཞུང་གཉེར་འཕྲིན་སྟེགས་ཞིག་གིས་ཆེད་དུ་ཇོ་ཁང་གི་ཆ་ཤས་ལ་མེ་ཤོར་མོད། མེ་སྐྱོན་གང་མགྱོགས་གསོད་ཐུབ་པ་བྱུང་ལ། ཡོད་ཚད་སྔ་བཞིན་ཡིན་ཞེས་ཆ་འཕྲིན་ཞིག་སྤེལ་སོང་བས་མེ་ཤོར་ས་ཇོ་ཁང་དང་ཡེ་ནས་འབྲེལ་མེད་ཡིན་མདོག་བཤད་པ་དེ་རྫུན་དུ་བཏང་སོང་།


གནས་ཚུལ་དངོས་སྦེད་ཐབས་དང་གླེང་སློང་ལ་ཁ་ལོ་སྒྱུར་ཐབས་ཐད་རྒྱ་ནག་བྱང་ཆ་ཆེན་པོ་ཡོད་པ་ཡོངས་གྲགས་ཡིན་ཞིང་དྲ་མི་ཁྲི་ཕྲག་གླས་ཏེ་དྲ་ཐོག་གི་གླེང་སློང་ཁག་ཁ་གཞན་དུ་སྒྱུར་གྱི་ཡོད་སྐོར་དེ་སྔ་ནས་རྩོམ་ཡིག་མང་པོ་ཐོན་ཡོད། ད་རེས་ཇོ་ཁང་ལ་མེ་ཤོར་དུས་མེ་ཤོར་ས་ཇོ་ཁང་མ་རེད་ཅེས་གླེང་མཁན་དང་འབྲི་མཁན་དེ་དག་གཞུང་གཉེར་དྲ་བ་དག་མིན་པར་དྲ་མིང་བོད་ཡིག་ཅན་དག་གིས་"ང་ཡུལ་དངོས་ལ་ཡོད་མེ་ཤོར་ས་ཇོ་ཁང་མ་རེད་"ཅེས་པར་རིས་དང་བརྙན་ཐུང་ཁ་གསལ་གང་ཡང་མེད་པར་རང་ཉིད་དཔང་མི་བྱེད་མཁན་ཧ་ཅང་མང་པོ་ཐོན་འདུག འདི་དག་གི་གྲས་ན་རྒྱ་ནག་གིས་གླས་པའི་དྲ་མི་ག་ཚོད་ཡོད་དམ་ཁོ་ཚོས་ཆུ་ཚོད་གཅིག་ཙམ་གྱི་ནང་དུ་བོད་མི་ཚང་མའི་སེམས་ཁམས་ལྷིང་འཇགས་གཏོང་ཐུབ་པའི་ནུས་སྟོབས་དེ་ཅི་འདྲའི་ལམ་ལྷོང་དང་གནད་ལ་འཁེལ་བ་བྱུང་སོང་། ཡིད་སྐྱོ་དགོས་པ་དེ་ནི་དྲ་མི་དེ་དག་གི་མགོ་སྐོར་འོག་ཏུ་འཚུད་དེ་"མེ་ཤོར་ས་ཇོ་ཁང་མ་རེད། ཅལ་འདྲོགས་མ་བྱེད་"ཟེར་མཁན་བོད་ཕྱི་ནང་གཉིས་ཀྱི་ངེད་ཅག་བོད་མི་དག་ད་དུང་ཡང་རྒྱ་ནག་གིས་མགོ་སྐོར་ཆོག་ཆོག་དང་དོན་དངོས་ལ་ལྟ་ཐུབ་པའི་ནུས་པ་ཧ་ཅང་སྐྱོ་པོ་ཡོད་པ་འདི་རེད། རྒྱ་ནག་གིས་ཅི་ཞིག་གླེང་པ་དང་གང་ཞིག་བྱེད་ནའང་ཕྱོགས་གཞན་ཞིག་ནས་ལྟ་ཐུབ་པའི་བློ་རྩལ་དེ་ཧ་ཅང་སྐྱོ་པོ་ཡོད་པ་དེ་ད་རེས་ར་གསལ་པོར་འཕྲོད་ཐུབ་པ་བྱུང་བས་སླད་ནས་"ཅལ་འདྲོགས་མ་བྱེད་"ཟེར་བཞིན་རང་ཉིད་རྒྱ་ནག་གི་ལག་ཆ་ཆགས་བཞིན་པའི་གནས་སྟངས་དེ་མ་ཡོང་བ་བྱེད་གལ་ཆེ་སྙམ།

མི་ལ་ཅལ་འདྲོགས་མ་བྱེད་ཟེར་བཞིན་རང་ཉིད་ཅལ་འདྲོགས་བྱེད་བཞིན་པའི་གནས་ཚུལ་འདིས་ངེད་ཅག་བོད་མི་དག་ལ་སྣ་སུན་ཞིག་ཐེབས་ཡོད་པའི་རེ་བ་ཆེ་ལ། རྗེས་མ་ནས་རྒྱ་ནག་གི་མགོ་སྐོར་འོག་ཏུ་མ་འཚུད་པ་གནང་རོགས་ཞུ། དགྲ་བའི་ཐབས་ཇུས་དེ་དག་ཆེས་སྤྱི་བཏང་ཞིག་མིན་པས་རིག་པ་སྒྲིམ་པའི་དུས་ཚོད་ཅིག་ལ་སླེབས་འདུག ནང་མགོ་རྡུང་རེས་དག་དག་གིས་གཡུལ་ས་མ་ཞུགས་པར་རྒྱ་ནག་ལ་ཁ་ཕར་འཁོར་ནས་རང་ཉིད་ལ་མགོ་སྐོར་བཏང་ཞིང་རང་ཉིད་མགོ་སྐོར་ཐེབས་བཞིན་པ་འདི་དག་མཁྱེན་པ་གནང་གལ་ཆེའོ།།












No comments:

Powered by Blogger.