དགུང་ལོ་བརྒྱད་ཅུ། རྟེན་འབྲེལ་གྱི་མེ་ཏོག་འབུལ།


སྙིང་ནས་དད་པའི་མེ་ཏོག་འཛུམ་པ་ཡིས།།
དགའ་གུས་དད་གསུམ་ལོ་འདབ་ཡོངས་སུ་གྲོལ།།
མགོ་བོའི་ཕྱག་གིས་ཞབས་རྡུལ་གཙུག་ན་བླངས།།
མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།།

མ་ཤེས་རྨོངས་པའི་གོམ་ཁ་འཁྱར་འཁྱོར་ལ།།
ལམ་དུ་འདེད་པའི་སེམས་པ་རབ་ཏུ་བསྐྱེད།།
གང་ན་ནོར་བའི་ཕྱོགས་ལ་ལམ་སྟོན་པ།།
སྙིག་དུས་འདི་ན་བསྐལ་བརྒྱར་བཞུགས་སུ་གསོལ།།

ཁ་མཁས་ཚིག་སྙན་ངོ་སྲུང་བྲག་གི་རིར།།
ཇི་བཞིན་བདེན་པ་སྨྲ་བའི་ཕུར་གྱིས་བཏབ།།
དྲང་ལ་བདེན་པ་སྐྱོང་བའི་སེམས་དཔའ་ཁྱོད།།
མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།།

ཤེས་རློམ་ཟོག་པོ་འབར་མའི་མེ་ཕུང་ལ།།
ཀུན་གྱི་གྲ་མཐར་འཛིན་པའི་ཆུ་བོ་བཤོས།།
ང་རྒྱལ་མགོ་བོ་བཏུབ་པའི་དཔའ་བོ་ཁྱོད།།
མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།།

འདོད་ཆེན་ཆུ་སྲིན་འཁྲོས་པའི་རྒྱ་མཚོའི་ཀློང་།།
ཆོག་ཤེས་གྲུ་ཆེན་རླུང་གིས་ཕ་རོལ་སོན།།
འགྲོ་ཀུན་སྒྲོལ་ལ་མཁས་པའི་དེད་དཔོན་ཁྱོད།།
མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།།

ཀུན་ལ་བྱམས་པའི་ཆར་སྤྲིན་ལིང་ལིང་ལྡིང་།།
ཐུགས་རྗེ་སྦྲང་ཆར་སིལ་མ་ཟིལ་ཟིལ་བསྙིལ།།
རང་རྒྱུད་གྱོང་པོར་རློན་གྱིས་བརླན་མཁས་པ།།
མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།།

མཁས་མང་བརྒྱ་ཕྲག་དབུས་ན་གཡུ་རལ་གཟེངས།།
ལོག་པའི་སྨྲ་ངན་འཇོམས་པའི་མཆེ་སྡེར་རྣོ།།
རྒྱལ་བའི་དགོངས་དོན་ཇི་བཞིན་འཆད་ལ་དཔའ།།
མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།།

རྣམ་དག་ཚུལ་ཁྲིམས་གསེར་གྱི་ས་གཞི་ལ།།
མདོ་བརྒྱུད་སྡེ་སྣོད་ས་བོན་སྨིན་པ་ཡི།།
བསླབ་གསུམ་ལྗོན་པའི་འདབ་ལོ་བར་སྣང་བསྲིངས།།
མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།།


____རྒྱུད་སྨད་མཁན་ཟུར་དང་། སེར་བྱེས་མཁན་ཟུར། སྲད་བརྒྱུད་མཁན་ཟུར་བཅས་ཀྱི་མཚན་བཟང་གི་ཅོད་པན་འཆང་བའི་རྗེ་བཙུན་བློ་བཟང་བདེ་ལེགས། མཚན་གཞན་དགེ་བཤེས་དབུ་མ་འཇུག་པ་གང་ཉིད་འདི་ལོ་དགུང་ལོ་བརྒྱད་ཅུ་ཕེབས་པ་དང་བསྟུན། ཕྱི་རྒྱལ་དུ་བཞུགས་པའི་དགེ་ཕྲུག་རྒན་པ་ཚོས་འགོ་ཁྲིད་ཅིང་རྒྱལ་ཕྱི་ནང་གི་སློབ་མ་ཚོས་སྙིང་གི་རུས་ནས་བརྟན་བཞུགས་འབུལ་རྒྱུ་ཡང་ཡང་གསོལ་བ་བཏབ་ཅིང་། ཞལ་བཞེས་བཟང་པོ་ཐོབ་ནས་དེ་རིང་ཞོགས་པར་བརྟན་བཞུགས་འབུལ་ལམ་ཞུས་སོང་། གུས་པ་ཡང་རྒན་རིན་པོ་ཆེའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་འགོ་བསྡུས་གྲྭ་ནས་བཟུང་སྟེ་གསུང་གི་བདུད་བརྩི་མྱོལ་སྐལ་ཐོབ་པའི་སློབ་བུ་ཞིག་ཡིན་སྟབས་དགའ་དད་སྤྲོ་གསུལ་གྱིས་བརྟན་བཞུགས་སུ་བཅར་ནས་རང་ནུས་གང་ཡོད་ཀྱིས་སྨོན་ལམ་བཏབ། མིང་མཐར་མཆི་མས་གང་བཞིན་རྒན་རིན་པོ་དགུང་ལོ་བརྒྱད་ཅུ་ཕེབས་པའི་རྟེན་འབྲེལ་གྱི་སླད་དུ་སྙན་ཚིགས་ཤོ་ལོ་ཀ་བརྒྱད་ཨུ་ཚུགས་ཀྱིས་བྲིས་ཤིང་། ད་དུང་ཡང་སྐུ་ཚེ་ཡུན་ཏུ་བརྟན་པའི་སྨོན་ལམ་གང་ནུས་འདེབས་ཁུལ་བྱས་པས་དེ་བཞིན་འགྲུབ་པའི་སྐྱབས་འཇུག་མཆོག་གསུམ་རྒྱལ་བ་རྒྱ་མཚོར་ཞུས་པ་ལགས།།






Comments