འབྲི་ཆུ་ཆེད་དེབ་གསར་པ་གནས་མཆོག་རྡོ་རྗེ་གདན་ནས་དངོས་སུ་ཚོང་འགྲེམས།


 
      •  མིང་། འབྲི་ཆུ།
      • རྩོམ་སྒྲིག་པ།  ཁམས་པའི་སྨྱུག་ཚོགས།
      • འདོན་ཐེངས། གསུམ་པ།
སྔོན་གླེང་།
ཆུ་བཞི་གཡུ་འབྲུག་ཐང་དུ་རྒྱུགས་འདྲ། སྒང་དྲུག་སེང་གེ་གནམ་ལ་སྙེགས་འདྲའི་དབུས་ན། སྟག་དམར་ཡག་ལྟ་བུའི་རྩལ་དྲུག་འཛོམས་ཤིང་། བྱ་ཁྱུང་ཆེན་འདྲ་བ་གནམ་འཕང་གཅོད་པའི་མདོ་སྟོད་མགོ་ནག་མིའི་ཆོལ་ཁར་སྲིད་པར་བཟུང་ཞིང་། མི་རིགས་ཀྱི་ལ་རྒྱ་དང་།
རུས་ཀྱི་དམ་ཚིག་སྲོག་ལས་གཅེས་པའི་ཁམས་པའི་གཞོན་སྐྱེས་ཁྱུ་ཞིག་གིས། མེས་པོ་གོང་མ་ཚོས་མི་རིགས་དང་རིག་གཞུང་། རྒྱལ་ཁབ་ཀྱི་ཆེད་དུ་མི་རོའི་བམ་ཐང་བཀྲམས། ཟུངས་ཁྲག་གིས་ཡུར་ཆུ་ཕབས་ཤིང་། ཁྲག་དམར་གྱིས་སྦག་པའི་མདའ་གྲི་མདུང་གསུམ་དུས་ཀྱི་ཁུག་པ་ཞིག་དང་བསྟུན་ནས། སྨྱུ་གུའི་རྣམ་པར་བསྒྱུར། མི་རིགས་ཤིག་གི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་འགན་ཁུར་ལ་བསམ་གཞིག་གི་རི་མོ་སྙིང་ལ་བཀོད། ལ་རྒྱའི་དབུ་འཕང་དགུང་དུ་བཏེགས། འོད་གོར་གྱིས་བསྐྲུན་པའི་མདུན་ལམ་ལ་བསམ་ནས། ཕྱི་ལོ་༢༠༡༢ ལོར་གནས་མཆོག་མི་འགྱུར་རྡོ་རྗེ་གདན་དུ་འདུ་འཛོམས་ཐེངས་དང་པོ་བྱས། དེ་ནས་རིམ་གྱིས་བརྡ་འཕྲིན་འཕེལ་རིམ་དང་བསྟུན་ནས་ཁམས་པའི་སྨྱུག་ཚོགས་ཞེས་པའི་དྲ་ཚོམས་བཙུགས། དེ་ཡང་མགོ་ལ་ཨོཾ་དང་འདབས་ལ་ཧཱུཾ་ཞེས་པའི་དཔེ་ལྟར། ཚོགས་པར་རྒྱུན་ལས་བསྐོ་བཞག་དང་སྒྲིག་གཞི་གཏན་འབེབས་བྱས་ཏེ། དེང་ཆར་སྐབས་བཅུ་གཅིག་པའི་རྒྱུན་ལས་ཀྱི་ལས་ཐོག་རེད། དུས་ཡུན་དེའི་རིང་བོད་ཕྱི་ནང་ན་བཞུགས་པའི་རྩོམ་རིག་མཁས་པ་དག་གདན་ཞུ་དང་གཏམ་བཤད་གོ་སྒྲིག་བྱས་པ་མ་ཟད། ཟླ་རེ་བཞིན་ཚོགས་མི་ནང་ཁུལ་ནས་གནད་དོན་འགང་ཆེན་གང་ཞིག་གི་ཐོག་ཏུ་བགྲོ་ཞིང་མོལ།
(འབྲི་ཆུ་)ཞེས་པའི་ཆེད་དེབ་གསར་འདོན་གྱིས་དེབ་དང་པོ་དཔྱད་བརྗོད་རྩོམ་ཡིག་དང་། གཉིས་པ་སྙན་རྩོམ་གྱི་ཚོམས་བུའི་འཇའ་རིས་སྲིད་པའི་རྒྱན་དུ་འདྲེན་པ་ནི་འདས་པའི་བྱུང་རབས་རེད།

ད་ལན་ཆེད་དེབ་གསུམ་པ་འདི་ནི་དཔྱད་རྩོམ་དང་སྙན་རྩོམ་ཟུང་དུ་འབྲེལ་ཞིང་། ཚོགས་མི་མཁས་པ་ཚོའི་རིག་པའི་ཀློང་ལས་བརྡོལ། ངག་གི་འགྱུར་ཁུག་ལས་བབས། སོར་མོའི་འདུ་བྱེད་ལས་འཁྲུངས་པའི་གཞལ་བྲལ་ནོར་བུའི་ཆུན་པོ་ཞིག་ཡིན་ཡང་། སྤྱིར་ངེད་རྒྱུན་ལས་གསུམ་ལུས་ངག་ཡིད་གསུམ་ལྐུག་ཅིང་། ལྷག་པར་༸གོང་ས་མཆོག་གི་གསུང་ཆོས་དང་ཁེལ་བས་དུས་ཚོད་ཛ་དྲག་ནང་ཟླ་བ་གཅིག་ཙམ་གྱི་ནང་དུ་རྩོམ་ཡིག་བསྡུ་རུག་དང་། ཞུ་དག། དེབ་གཟུགས་སྒྲིག་རྒྱུ་སོགས་ཆ་ཚང་བྱ་དགོས་ཐུག་པས་ཕྱོགས་གང་ས་ནས་ཉེས་སྐྱོན་གྱི་ཕུང་པོ་ཞིག་ཏུ་འགྱུར་ཡོད་ངེས་ན། ཚོགས་མི་རྣམ་པས་དབུས་གཟུར་གནས་མཁས་དབང་རྣམས་ལ་བཟོད་གསོལ་ཞུ་རྒྱུ་ཡིན།
མཐའ་དོན།  བོད་རྒྱལ་ལོ།།
སྐབས་བཅུ་གཅིག་པའི་རྒྱུན་ལས་ནས་༢༠༡༨ /༡༢ /༣ ཉིན་བྲིས།

1 comment:

Powered by Blogger.