<ཆམ་ནད། ངེས་འབྱུང་སྤུ་སུད་མ།>



ཕྲ་འབུ་གཅིག་གིས་རང་ལུས་འབྱུང་གཞི་འཁྲུགས།།
མ་བརྟག་བློ་ལ་བརྟན་པའི་ལུས་འདི་ཡང་།།
ཞིབ་ཏུ་བསམ་ན་རྩྭ་རྩེའི་ཟིལ་པ་ལྟར།།
རྟག་བརྟན་མེད་པར་ངེས་ཤེས་གསལ་བར་རྙེད།།

འབྱུང་གཞི་འཁྲུགས་ནས་ལུས་ཟུངས་ཡོངས་སུ་ཟད།།
རུས་ཚིགས་བར་ན་ཚ་བའི་མེ་སྟག་འཕྲོས།།
མགོ་རུས་དེ་ནི་གས་ཤིང་ཆག་ལ་ཁད།།
བསམས་ཤིང་བསམ་ན་ནད་ཀྱི་རྐྱལ་པར་ངེས།།

ཚ་བ་འབར་ནས་རྔུལ་ཆུས་ལུས་ཡོངས་སྦངས།།
གཞན་གྱིས་བརྟག་དུས་ཚ་བ་མི་འདུག་ཟེར།།
མི་གཉིས་བར་ལ་མྱོང་བ་ཐ་དད་འདི།།
སེམས་ཙམ་གྲུབ་མཐའི་རྣམ་བཞག་བདེན་པར་འདུག།

རྐུབ་ཁབ་ཟད་པས་སྐྲག་ཅིང་ན་ཟུག་ཆེ།།
ན་བའི་ཐོག་ལ་ན་ཐོག་ན་སྣོན་འདི།།
འཁོར་བར་ལུས་པའི་ཉེས་པ་ཡིན་པར་ངེས།།
འཁོར་བའི་འདམ་ལས་མ་གྲོལ་སྡུག་གི་གཞི།།

ཚེ་འདི་ཉིད་ལ་ཟུང་འཇུག་གོ་འཕང་རྙེད།།
མོས་གུས་ཅན་ལ་ལོ་གསུམ་ཙམ་གྱིས་ཐོབ།།
གསང་བ་སྔགས་ཀྱི་ནུས་མཐུ་དེ་བདེན་ན།།
ད་ལྟ་ཉིད་ནས་མི་འཇུག་ཅི་ཞིག་ཡིན།།

སྔགས་ལམ་ཞུགས་ན་སྨྱོན་པའི་ཚུལ་དགོས།།
འཁོར་འདས་གཉིས་པོ་དབྱེ་མེད་རོ་གཅིག་ལྟ།།
ཡག་དང་བཙོག་གི་རྣམ་བཞག་ཧྲིལ་ལེ་དོར།།
སྐྱགས་ཆེན་ཡིན་རུང་ཟས་ལ་བསྟེན་དགོས་སྐད།།

སྡོམ་ལྡན་ཡིན་ཀྱང་རིག་མ་བསྟེན་པས་འགྲིག།།
འདུལ་ཁྲིམས་མི་དགོས་ཅི་དགར་སྤྱོད་ན་ཆོག།
རྡོ་རྗེ་ཐེག་པའི་ཟབ་གནད་དགོས་པ་ལ།།
མི་གྲལ་བུད་ནས་ཁྱི་གྲལ་འཚུད་དགོས་གྲགས།།

སྨྱོན་པ་ཟེར་ཞིང་སྡིང་པའི་སྦྱོར་བ་བརྩམས།།
འདུལ་ཁྲིམས་ཟེར་ནས་གནམ་ལ་གྲི་བཞིན་འཕྱར།།
ཐ་མའི་བློ་ཡིས་ཚོད་འཇལ་བྱེད་ལུགས་འདི།།
མ་དག་ལས་ཀྱིས་གཡང་ལ་གཡུག་གི་ཡོད།།

དག་སྣང་སྦྱོང་བ་བཀའ་བདམས་གོང་མའི་ལུགས།།
ཐེག་པ་རིམ་དགུ་རྩལ་འདོན་སྔ་འགྱུར་ཞབས།།
རྫོགས་རིམ་མན་ངག་ཟབ་པའི་བཀའ་རྒྱུད་པ།།
རིས་མེད་ལྟ་བ་དཔལ་ལྡན་ས་སྐྱའི་ལུགས།།

དཔྱད་འཇོག་སྒོ་པས་་རྒྱལ་བསྟན་སྙིང་པོ་འཛིན།།
འདུལ་ཁྲིམས་གཅེས་པའི་རི་བོ་དགེ་ལྡན་པ།།
རང་རང་སོ་སོར་ཐུན་མོང་ཆེ་བ་མོད།།
གུས་ཤིང་བརྩི་སྟེ་དག་སྣང་ཡོང་བར་བྱ།།
2019-4-7

ཆམ་ནད་གཅིག་གིས་མནར་ནས་སྨན་ཁང་གི་སྒུག་སྟེགས་ན་འདུག་དུས་དུས་ཚོད་འགྲོ་དཀའ་བས་བློ་ལ་གང་འཆར་ཞིག་བྲིས།









No comments:

Powered by Blogger.