ལས་དང་པོ་བའི་སློབ་གཉེར་བ་ཞིག་ལ་ངེས་པར་ཚང་དགོས་པའི་གཞི་རྩའི་དགོས་མཁོ་གསུམ།

ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་།

དེ་རིང་ཞོར་འཕྲོས་ཙམ་གྱིས་སྤྱིར་སློབ་གཉེར་བ་ཞིག་དང་ཁྱད་པར་དུ་ནང་བསྟན་གཞུང་ལུགས་ལ་སློབ་གཉེར་བྱེད་མཁན་ཞིག་ཡིན་ན་དེ་ལ་ཚང་དགོས་པའི་གཞི་རྩའི་ཆ་ཅན་འགའ་རེ་འདི་ནས་འཆད་ཁྲིད་ཀྱི་ཞར་ལ་སླར་ཡང་དྲན་གསོ་ཐེངས་གཅིག་བྱ་འདོད་བྱུང་།

དང་པོ།
མི་ཚེ་དོན་སྙིང་ལྡན་པ་ཞིག་དང་། དེ་ལས་བཟང་ན་བྱ་བཞག་རླབས་ཆེན་ཞིག་གི་དོན་དུ་གཏོང་བ་ལ་སློབ་གཉེར་གྱི་རྨང་གཞི་བརྟན་པོ་ཞིག་དགོས། བསླབ་གཞིའི་སློབ་གཉེར་གྱི་སྡེ་ཚན་གང་འདྲ་ཞིག་གི་ནང་དུ་ཞུགས་ན་ཡང་གཞན་གྱིས་བཙན་ཤུགས་ཀྱིས་དེད་པ་དང་། རི་བོང་ཅལ་འདྲོགས་ཀྱིས་རྒྱུགས་ནས་ཚུད་སོང་བ་ལྟ་བུ་ནི་བརྟན་པོ་མེད་ལ། དེ་འདྲ་ཞིག་གིས་སློབ་གཉེར་བའི་གྲལ་དུ་འཚང་མཁན་རྣམས་ནི། ངས་བལྟས་ན་ཕན་ཐོགས་མིན་གཉིས་ཀྱི་ཕྱི་མའི་བརྒྱ་ཆ་མང་བ་ཡོད་རེད་དྲན།
དེ་འདྲ་ཕལ་ཆེ་བ་ལ་རང་ངོས་ནས་ནུས་ཤུགས་དང་དོ་དབྱིངས་ཅི་ཡང་མེད་པས་ཁྲལ་ལྟ་བུ་ཆགས་ཀྱི་རེད། དེ་འདྲ་ཡིན་ཙང་རང་གི་སེམས་གཏིང་ནས་དབྱིངས་དང་དོ་སྣང་ཡོད་པའི་སློབ་གཉེར་བའི་སྡེ་ཚན་ཞིག་ཏུ་ངེས་པར་ཞུགས་དགོས། དེ་ནི་བརྟན་པོ་ཡོད་ལ། སློབ་གཉེར་བྱེད་ཚུལ་ལ་ཡང་གཞི་རིམ་གྱིས་ནུས་ཤུགས་ཡོད། འདི་ཤིན་ཏུ་གལ་ཆེ་རེད།

གཉིས་པ།
སློབ་གཉེར་བ་སྤྱིར་དང་ཁྱད་པར་ནང་བསྟན་སློབ་གཉེར་བྱེད་མཁན་ཞིག་ཡིན་ན་དངོས་པོའི་གནས་ལུགས་དང་། བདེན་དོན། དངོས་ཡོད་གནས་ཚུལ་ཅི་ཞིག་ཡིན་མིན་བརྟག་དཔྱད་བྱེད་མཁན་ཞིག་ཡིན་པ་ལས་བཤད་མཁན་སུ་ཡིན་དང་དེ་ཉིད་གྲུབ་མཐའ་གང་དུ་གཏོགས་མིན་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པས། བློ་གཟུ་བོར་གནས་དགོས་པ་འདི་ཤིན་ཏུ་གལ་ཆེ་པོ་རེད།
ཀུན་ལ་ཐེ་ཚོམ་དང་བཅས་པ་དང་། གང་ཡང་ཡིན་ཆོག་པ་དང་། ཡིན་མི་སྲིད་པ་མིན་སྙམ་པ་དང་། ཁོང་གིས་དེ་ལྟར་གསུངས་ཀྱང་དངོས་གནས་ཅི་ཡིན་ནམ་སྙམ་པའི་སེམས་ཚོར་གྱི་ཟུར་ཞིག་དུས་རྟག་ཏུ་ངེས་པར་ཡོད་དགོས།
དང་པོ་ཉིད་ནས་ང་དགེ་ལྡན་པ་ཡིན། ང་ས་སྐྱ་པ་ཡིན་སྙམ་པ་དང་། འདི་གསུང་མཁན་བླ་མ་རྩ་ཆེན་ཡིན་པས་དེ་ལོས་ཡིན་སྙམ་པའི་ཕྱོགས་གཅིག་ཏུ་ལྷུང་ཚེ། གང་མཐོང་བ་དང་གང་ཐོས་པ་ཚང་མ་དེའི་ཕྱོགས་དང་སྒྲུབ་བྱེད་ཉག་གཅིག་ཏུ་འཆར་བ་ལས་ཕྱོགས་གཞན་པ་དེ་གཏན་ནས་མཐོང་མི་ཐུབ།
ཁྱད་པར་ངེད་ཅག་སློབ་གཉེར་བ་ཕལ་མོ་ཆེའི་ཁྲོད་དུ་རིམས་ནད་ལྟ་བུའི་ཀུན་ལ་ཁྱབ་པའི་ན་ཚ་ཞིག་ཡོད་པ་ནི། ཁོ་ང་ལས་མཁས་པ། བླ་མ་རྩ་ཆེན། སྐྱེས་བུ་དམ་པ་ཡིན་པས། ངས་ཁོང་གི་གསུངས་པ་དེ་ལས་གཞན་ཞིག་བསམ་མི་ཕོད། བརྟག་མི་ཕོད། བཤད་མི་ཕོད་པ་ལག་ཐལ་མོ་སྙིང་ཁར་སྦྱར་ནས་འདུག་ཅང་བྱེད་པ་འདི་ནི། འཕྲལ་སེལ་ལ་ཕན་ཐོགས་ལྟ་བུ་ཞིག་ཚོར་སྲིད་ཀྱང་ཕུགས་སུ་བརྟན་པོ་གཏན་ནས་མ་རེད།
སྟབས་ཉེན་ན་ སེམས་ཁམས་དང་ཀླད་པ་རང་དབང་གི་འཕེལ་རྒྱས་འགྲོ་བའི་གེགས་དང་འཆིང་ཐག་གི་རྒྱུ་སྡུག་ཤོས་དེ་ཆགས་སྲིད། ངེད་ཅག་ནི་དངོས་པོའི་བདེན་དོན་འཚོལ་མཁན་ཡིན་པས། བདེན་དོན་གྱི་ཆེད་དུ་གྲུབ་མཐའ་དགོས་པ་ཞིག་ཡིན་པ་ལས། གྲུབ་མཐའི་ཆེད་དུ་བདེན་དོན་རྩོད་པ་ནི་རྒྱུ་འབྲལ་གོལ་འཛོལ་དང་ཡོངས་སུ་ནོར་བ་རེད།
དེས་ན་སློབ་གཉེར་བ་སུ་ཞིག་ཡིན་ཡང་རང་གི་མོས་ཁམས་དང་འཚམ་པའི་གྲུབ་མཐའ་གང་དུ་ཞུགས་མིན་དང་། དགེ་རྒན་སུ་ཞིག་བསྟེན་མིན་དབང་ཚད་དང་གདམ་ཁ་ཡང་མཐར་ཐུག་ན་རང་ཉིད་ཁོ་ན་ལ་ཡོད་དགོས།
སློབ་གཉེར་བ་སུ་ཞིག་ཡིན་ཡང་སྒོ་གསུམ་ལ་གནོད་ཤུགས་མེད་པ་སེམས་ཁམས་དང་ཀླད་རྒྱ་རང་དབང་གི་སྒོ་ནས་འཕེལ་རྒྱས་སུ་འགྲོར་བཅུག་དགོས་པ་ཆེས་ཤིན་ཏུ་གལ་ཆེ་རེད། དེ་འདྲ་བྱས་ན་མི་སོ་སོ་ལ་ཡོད་པའི་ལྷན་སྐྱེས་ཀྱི་ནུས་པ་རྒྱས་ཏེ་སྐབས་རེ་ཡ་མཚན་པའི་བསམ་བློ་བ་དང་ལྟ་གྲུབ་པ་ངོ་མཚར་ཅན་དེ་འདྲའང་ཐོན་སྲིད་པ་རེད།

གསུམ་པ།
དགོན་སྡེ་ལ་ལར་སློབ་མ་སོ་སོས་བརྟག་དཔྱད་ནན་པོར་བྱས་ནས་རང་གི་འདོད་མོས་དང་འཚམ་པའི་དད་པ་བྱ་ཡུལ་གྱི་དགེ་རྒན་གྱི་མདུན་དུ་སློབ་ཁྲིད་འགྲོ་འདོད་ཤིན་ཏུ་ཆེ་ཡང་འགྲོར་མ་བཅུག་པར་དགེ་རྒན་གྱི་འོས་ཆོས་ཚང་མིན་དང་། སློབ་མའི་འདོད་པ་ཡོད་མེད་་སོགས་ལ་གཏན་མ་བལྟས་པར་ཁང་ཚན་དང་། མི་ཚན། ཤག་ཚང་སོགས་ཀྱི་ཆེད་བསྐོས་དང་ཐད་བསྐོས་ཀྱི་དགེ་རྒན་གྱི་འོས་ཆོས་གཏན་མ་ཚང་བའི་མི་རེ་གཉིས་ཀྱི་མདུན་དུ་ཨུ་ཚུགས་ཀྱིས་བཙན་བརྫངས་བྱས་པ་སོགས་ནི་སངས་རྒྱས་ཀྱི་དགོངས་པ་དང་འགལ། དམ་ཆོས་འདུལ་བ་སོགས་དང་མི་མཐུན་པར་མ་ཟད།

འཇིག་རྟེན་མི་ཆོས་རིང་ལུགས་ཙམ་དང་ཡང་རྒྱབ་འགལ་དུ་སོང་ཞིང་། དད་མོས་བྱ་ཡུལ་གྱི་དགེ་བའི་བཤེས་གཉེན་ནི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཚེས་གཅིག་ནས་ནོར་ན་སུམ་ཅུའི་བར་འཁྲུག་ངེས་པས། མི་འདོད་སར་བཙན་བརྫངས་དང་འདོད་སར་བཙན་བཀག་ནི་བཀྲ་མི་ཤིས་པའི་བདུད་ལས་ཐུ་བོ་ཆེ་ཡིན་པས། བརྟག་དཔྱད་ནན་ཏན་གྱིས་འོས་ཆོས་ཚང་ཞིང་། འདོད་མོས་ཡོད་པའི་བཤེས་གཉེན་འཚོལ་བའི་དབང་ཚད་ཀྱང་སློབ་མ་རང་ཉིད་ལ་ངེས་པར་ཡོད་དགོས། རང་གི་འདོད་པ་དང་དད་པ་ཡོད་པའི་དགེ་བའི་བཤེས་གཉེན་ཞིག་བསྟེན་ཐུབ་ན་གཞན་ལྟ་ཞོག དད་མོས་ཙམ་གྱིས་སྟོབས་ཀྱིས་ཀྱང་འཆད་ཁྲིད་སེམས་ལ་འཇགས་བདེ་བ་དང་། ཡུན་རིང་མི་བརྗེད་པ་དང་། བཤེས་གཉེན་གྱི་བྱིན་རླབས་ཀྱང་རྒྱུད་ལ་འབྱུང་ངེས་པའི་ཁྱད་པར་ཏན་ཏན་ཡོད་རེད་སྙམ།

Powered by Blogger.