Skip to main content

རྒྱ་དཀར་ནག་གི་གདོང་ཐུག་ལས་དབུ་མའི་ལམ་ལ་མཛད་དཀའ་ཡོང་ངེས།


དབུ་མའི་ལམ་ནི་རྒྱ་ནག་གོང་བུ་གཅིག་གྱུར་ཁས་ལེན་པའི་ཐབས་ལམ་ཞིག་ཡིན་སྟབས་རྒྱ་ནག་དང་འབྲེལ་ལམ་བཟང་བའི་རྒྱལ་ཁབ་ཚོས་བོད་ཀྱི་དཀའ་རྙོག་ལ་ལག་པ་འཆང་རྒྱུ་ཅུང་སྟབས་བདེ་པོ་ཡོད། རྒྱ་ནག་གོང་བུ་གཅིག་གྱུར་ནི་རྒྱ་ནག་གི་ཚོང་འབྲེལ་ཚུན་གྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གཞི་རྩའི་རྨང་གཞི་དེ་ཡིན་པས་དེ་ཉིད་ཁས་ལེན་མ་ཐུབ་ཚེ་རྒྱལ་ཁབ་བར་སྐད་ཆ་ཙམ་ཡང་བཤད་ས་ལྷག་མེད་ཅེས་རྒྱ་ནག་གིས་མཐའ་ལ་བཀར་བཞིན་ཡོད་ཅིང་། ཨ་རི་སྲིད་འཛིན་ཊོམ་གྱིས་ཀྱང་ཐ་མར་རྒྱ་ནག་གཅིག་ཁས་ལེན་བྱེད་ཀྱི་ཡིན་ཞེས་ཡོངས་གྲགས་བྱེད་དགོས་ཐུག་པའི་གནས་ཚུལ་ཡང་ཐོན་མྱོང་ཡོད་པ་རེད། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དེས་ཤར་ནུབ་ཡོངས་ལ་ཁྱབ་པ་ཙམ་མ་ཟད་སྟོབས་ཤུགས་དེས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དང་བོད་དང་ཐེ་ཝན་སོགས་ཀྱི་གནད་དོན་ཡང་རང་འདོད་ལྟར་སྡོམ་བཅུར་བཟོ་ཐུབ་པའི་ཐབས་ལམ་ཞིག་ཏུ་བེད་སྤྱོད་གཏོང་རྒྱུར་རེ་བ་དང་དམིགས་ཡུལ་ཆེན་པོ་བཟུང་ཡོད། ནུབ་ཕྱོགས་ཀྱི་དཔལ་འབྱོར་ཉམས་ཉེས་ཚབས་ཆེན་བྱུང་བ་ནས་འགོ་ཚུགས་ཏེ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་རྒྱ་སྐྱེད་བྱུང་ཞིང་དེ་དང་མཉམ་དུ་ཆབ་སྲིད་ཀྱི་ལག་པ་ཡང་ཇེ་རིང་སོང་ནས་བོད་དང་ཐེ་ཝན་སོགས་ཀྱི་གནད་དོན་ཡང་རང་ཉིད་ཀྱི་ལག་འོག་ཏུ་འཚུད་ཐབས་ལ་རེ་བ་ཆེ་རུ་སོང་ཡོད། ཞི་བའི་དོན་ཚན་ལྔ་ནས་ཀྲུང་གོའི་རྩ་ཁྲིམས་ཁས་ལེན་བྱེད་པའི་འགྱུར་འགྲོས་ཆེན་པོ་དེ་ནི་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཀྱིས་མཐའ་ལ་བཀའ་བའི་བཙན་མནན་འོག་ནས་འགྲོ་ལམ་མེད་པའི་ཐབས་ལམ་དེ་མ་འཚོལ་དཀའ་མེད་ཆགས་པའི་གནས་ཚུལ་སྐྱོ་པོ་ཞིག་གི་དཔེ་མཚོན་དེ་ཆགས་ཡོད། 

རྒྱ་དཀར་ནག་བར་གདོང་ཐུག་དེ་ཇེ་ཉེ་དང་ཛ་དྲགས་པའི་གནས་བབ་དེ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་འདི་འདྲ་ལ་ཕྱོགས་གཉིས་ཀས་བེད་སྤྱོད་གཏོང་རྒྱུ་གང་ཡོད་ལ་ལག་པ་འཆང་འགོ་བཙུགས་ཡོད་ཅིང་། ཇ་མུ་ཀ་ཤི་མིར་ནི་རྒྱ་ནག་གིས་རང་ལག་གི་དབྱུག་པ་བྱས་ཏེ་རྒྱ་གར་ལ་ཚུལ་རྒོལ་བྱེད་ཆོག་པའི་ལག་ཆ་ཡག་པོ་ཞིག་ཡིན་པས་ཉེ་ཆར་རང་དུ་རྒྱ་ནག་གིས་ཇ་མུ་ཀ་ཤི་མིར་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་སྲིད་པའི་ཉེས་བརྡ་བཏང་བ་བྱུང་ཡོད། དེ་བཞིན་རྒྱ་གར་གྱིས་ཀྱང་༸གོང་ས་མཆོག་མོན་ཡུལ་དུ་ཕེབས་བཅུག་པ་ཙམ་མ་ཟད་ཆིབས་སྒྱུར་དང་མཛད་རིམ་ཁག་དེ་སྔ་བྱུང་མ་མྱོང་བའི་རྒྱ་གར་གྱི་གསར་ཁང་ཁག་གིས་སྦིར་གྲགས་དང་མོན་ཡུལ་ནི་རྒྱ་གར་གྱི་ས་ཁོངས་འཁྲུལ་མེད་ཡིན་ཚུལ་གསལ་པོར་སྟོན་ཐབས་བྱས་ཡོད། སྤང་མགོ་མཚོ་ཁར་བོད་ཀྱི་རྒྱ་དར་སྒྲེངས་བའི་གནས་ཚུལ་དེ་གསར་པ་ཞིག་ནམ་ཡང་མིན་རུང་ད་ལོའི་རྒྱ་དར་སྒྲེངས་འཛུགས་དེ་སྦིར་གྲགས་ཆེན་པོ་བྱུང་བའང་རྒྱ་གར་གྱིས་བེད་སྤྱད་དེ་རྒྱ་ནག་ལ་རྣམ་འགྱུར་སྟོན་པའི་ཆབ་སྲིད་ཀྱི་ཐབས་ཇུས་ཤིག་ལས་བྱུང་བ་ཡིན་པར་གསལ་པོ་རེད།  སྐུ་ཞབས་ཀོ་ཤཱེ་ཡཱ་རེས་སྒེར་གྱི་བསམ་ཚུལ་བརྒྱུད་བོད་རང་བཙན་ལ་རྒྱ་སྐྱོར་བྱེད་སྲིད་ཅེས་ཉེན་བརྡ་བཏང་བ་ནི་མ་འོངས་པའི་རྒྱ་གར་གཞུང་གི་ལངས་ཕྱོགས་ཤིག་ལ་མི་འགྱུར་བར་སུས་ཀྱང་བརྗོད་མི་ཐུབ་ལ་ད་ཡོད་ཀྱི་རྒྱ་དཀར་ནག་གི་གནས་ཚུལ་ལ་གཞིགས་ན་རིང་པོ་མི་ཐོགས་པར་རྒྱ་གར་གྱི་བོད་ལ་འཛིན་པའི་གཞུང་སྲིད་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་རྒྱུ་ངེས། 

དབུ་མའི་ལམ་ནི་བོད་ཀྱི་བདག་དབང་ཁྲིམས་མཐུན་གྱི་ཐོག་ནས་རྒྱ་ནག་ལ་སྤྲོད་རྒྱུའི་སྲིད་ཇུས་ཞིག་ཆགས་ཡོད་སྟབས་དབུ་ལམ་གྱི་ཐོག་ནས་བོད་ཀྱི་དཀའ་ངལ་ཡོངས་སུ་སེལ་མཚམས་རྒྱ་ནག་ལ་སྔར་བྱུང་མ་བའི་ས་ཁོངས་བདག་དབང་དང་ཨེ་ཤ་ཡའི་ཆུ་བོ་ཀུན་གྱི་མགོ་ཁུངས་ཡིན་པའི་བོད་ཀྱི་ས་ཆེན་དེ་ཁྲིམས་མཐུན་གྱི་ཐོག་ནས་ཐོབ་བཞིན་ཡོད་སྟབས་འདི་ནིི་རྒྱ་གར་མཚོན་ན་མཐོང་མི་འདོད་པའི་གནས་བབ་ཅིག་ཡིན། 

རྒྱ་དཀར་ནག་བར་ཅི་ཙམ་འགལ་ཟླ་ཇེ་ཆེ་འགྲོ་ན་དབུ་མའི་ལམ་ལ་དཀའ་ཁག་འབྱུང་རྒྱུ་གཏན་འཁེལ་ཡིན་ཅིང་། སྟབས་ཉེས་ན་རྒྱ་ནག་ལ་དབུ་ལམ་གྱི་ཐོག་ནས་གྲོས་མོལ་བྱེད་པའི་འགོག་རྐྱེན་བྱེད་མཁན་གཙོ་བོ་རྒྱ་གར་ཆགས་སྲིད་པས་བཙན་བྱོལ་སྒྲིག་འཛུགས་དང་རྒྱ་གར་ནང་གི་བོད་པ་སྐྱབས་བཅོལ་བ་ཚོ་ཕར་ཡང་མི་གློད་ཚུར་ཡང་མི་འཛིན་པའི་དཀའ་ངལ་ཞིག་འོག་ནས་བཀག་སྡོམ་ཆེན་པོ་ཞིག་ཡོང་ཉེན་འདུག སྐབས་དེ་འདྲ་ལ་ནུབ་ཕྱོགས་སུ་འགྲོ་བསམ་ན་འཕུར་མི་བཅུག །སྡོད་ན་བསམ་ན་ད་ཡོད་ཀྱི་ཐོབ་ཐང་ཕྱིར་བསྡུ་དང་དམ་དྲག་ཇེ་ཆེར་གཏོང་ངེས་པས་རང་རེ་སྒྲིག་འཛུགས་དང་མི་མང་གཉིས་ཀ་ཧ་ཅང་དཀའ་ཚེགས་ཤིག་འོག་ཏུ་གནས་རྒྱུ་ངེས་པས། ད་སྐབས་ནས་གནས་ཚུལ་ཇེ་སྡུག་སོང་ན་སྒྲིག་འཛུགས་གནས་ཡུལ་རྒྱ་ཁབ་གསར་པ་ཞིག་ཏུ་སྤོ་ཐབས་ལ་ཞིབ་འཇུག་དང་ཆ་གཞི་སྒྲིག་རྒྱུ་དགོས་ངེས་མཐོང་ལ། རྒྱལ་ཁབ་གསུམ་པ་ཞིག་ཏུ་ཆབ་སྲིད་སྐྱབས་བཅོལ་ལེན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནུབ་ཕྱོགས་སུ་འགྲོ་ཐབས་རྒྱ་ཇེ་ཆེར་དང་གྲངས་ཀ་ཇེ་མང་དུ་གཏོང་ཐུབ་དགོས་པ་སྙམ། ཡང་མིན་ན་ལོ་དུས་ཚད་བཀག་གིས་དབུ་མའི་ལམ་ཕྱིར་བསྡུ་དང་རང་བཙན་ཐོག་ཏུ་བསྐྱར་བགྲོད་བྱེད་རྒྱུ་དེ་གདམ་ཀ་བཟང་ཤོས་སུ་ཡིན་པས་རང་བཙན་ཐོག་ཏུ་བགྲོད་ཐུབ་ན་གནས་ཡུལ་རྒྱ་གར་གྱི་ཆབ་སྲིད་དང་འགལ་ཟླ་མི་ཡོང་བའི་ཐབས་ལམ་ལེགས་པོ་ཞིག་ཆགས་རྒྱུ་རེད། འོན་ཀྱང་རྒྱ་ནག་གི་སྟོབས་ཤུགས་ཇེ་རྒྱས་སུ་འགྲོ་མུར་དེར་རང་བཙན་འཐབ་རྩོད་ཀྱི་ལམ་དུ་བསྐྱོད་ན་ཕྱོགས་གང་ཐད་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ངེས་པས་ལྐུག་པའི་ཨུ་ཚུགས་འདྲ་མ་བྱེད་ན་ནི་ཆེས་ལེགས་པའི་ཐབས་ལམ་ཞིག་རྙེད་དུ་མེད་ཚོད་རེད། དེས་ན་ཐབས་ལམ་བཟང་ཤོས་དེ་ཁྱེད་ཀྱིས་ལྟ་ན་ཅི་འདྲ་ཞིག་དགོས་སམ། 

2017/7/18

Comments

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

<ཆམ་ནད། ངེས་འབྱུང་སྤུ་སུད་མ།>

ཕྲ་འབུ་གཅིག་གིས་རང་ལུས་འབྱུང་གཞི་འཁྲུགས།། མ་བརྟག་བློ་ལ་བརྟན་པའི་ལུས་འདི་ཡང་།། ཞིབ་ཏུ་བསམ་ན་རྩྭ་རྩེའི་ཟིལ་པ་ལྟར།། རྟག་བརྟན་མེད་པར་ངེས་ཤེས་གསལ་བར་རྙེད།། འབྱུང་གཞི་འཁྲུགས་ནས་ལུས་ཟུངས་ཡོངས་སུ་ཟད།། རུས་ཚིགས་བར་ན་ཚ་བའི་མེ་སྟག་འཕྲོས།། མགོ་རུས་དེ་ནི་གས་ཤིང་ཆག་ལ་ཁད།། བསམས་ཤིང་བསམ་ན་ནད་ཀྱི་རྐྱལ་པར་ངེས།། ཚ་བ་འབར་ནས་རྔུལ་ཆུས་ལུས་ཡོངས་སྦངས།། གཞན་གྱིས་བརྟག་དུས་ཚ་བ་མི་འདུག་ཟེར།། མི་གཉིས་བར་ལ་མྱོང་བ་ཐ་དད་འདི།། སེམས་ཙམ་གྲུབ་མཐའི་རྣམ་བཞག་བདེན་པར་འདུག། རྐུབ་ཁབ་ཟད་པས་སྐྲག་ཅིང་ན་ཟུག་ཆེ།། ན་བའི་ཐོག་ལ་ན་ཐོག་ན་སྣོན་འདི།། འཁོར་བར་ལུས་པའི་ཉེས་པ་ཡིན་པར་ངེས།། འཁོར་བའི་འདམ་ལས་མ་གྲོལ་སྡུག་གི་གཞི།། ཚེ་འདི་ཉིད་ལ་ཟུང་འཇུག་གོ་འཕང་རྙེད།། མོས་གུས་ཅན་ལ་ལོ་གསུམ་ཙམ་གྱིས་ཐོབ།། གསང་བ་སྔགས་ཀྱི་ནུས་མཐུ་དེ་བདེན་ན།། ད་ལྟ་ཉིད་ནས་མི་འཇུག་ཅི་ཞིག་ཡིན།། སྔགས་ལམ་ཞུགས་ན་སྨྱོན་པའི་ཚུལ་དགོས།། འཁོར་འདས་གཉིས་པོ་དབྱེ་མེད་རོ་གཅིག་ལྟ།། ཡག་དང་བཙོག་གི་རྣམ་བཞག་ཧྲིལ་ལེ་དོར།། སྐྱགས་ཆེན་ཡིན་རུང་ཟས་ལ་བསྟེན་དགོས་སྐད།། སྡོམ་ལྡན་ཡིན་ཀྱང་རིག་མ་བསྟེན་པས་འགྲིག།། འདུལ་ཁྲིམས་མི་དགོས་ཅི་དགར་སྤྱོད་ན་ཆོག། རྡོ་རྗེ་ཐེག་པའི་ཟབ་...

དགུང་ལོ་བརྒྱད་ཅུ། རྟེན་འབྲེལ་གྱི་མེ་ཏོག་འབུལ།

སྙིང་ནས་དད་པའི་མེ་ཏོག་འཛུམ་པ་ཡིས།། དགའ་གུས་དད་གསུམ་ལོ་འདབ་ཡོངས་སུ་གྲོལ།། མགོ་བོའི་ཕྱག་གིས་ཞབས་རྡུལ་གཙུག་ན་བླངས།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། མ་ཤེས་རྨོངས་པའི་གོམ་ཁ་འཁྱར་འཁྱོར་ལ།། ལམ་དུ་འདེད་པའི་སེམས་པ་རབ་ཏུ་བསྐྱེད།། གང་ན་ནོར་བའི་ཕྱོགས་ལ་ལམ་སྟོན་པ།། སྙིག་དུས་འདི་ན་བསྐལ་བརྒྱར་བཞུགས་སུ་གསོལ།། ཁ་མཁས་ཚིག་སྙན་ངོ་སྲུང་བྲག་གི་རིར།། ཇི་བཞིན་བདེན་པ་སྨྲ་བའི་ཕུར་གྱིས་བཏབ།། དྲང་ལ་བདེན་པ་སྐྱོང་བའི་སེམས་དཔའ་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། ཤེས་རློམ་ཟོག་པོ་འབར་མའི་མེ་ཕུང་ལ།། ཀུན་གྱི་གྲ་མཐར་འཛིན་པའི་ཆུ་བོ་བཤོས།། ང་རྒྱལ་མགོ་བོ་བཏུབ་པའི་དཔའ་བོ་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། འདོད་ཆེན་ཆུ་སྲིན་འཁྲོས་པའི་རྒྱ་མཚོའི་ཀློང་།། ཆོག་ཤེས་གྲུ་ཆེན་རླུང་གིས་ཕ་རོལ་སོན།། འགྲོ་ཀུན་སྒྲོལ་ལ་མཁས་པའི་དེད་དཔོན་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། ཀུན་ལ་བྱམས་པའི་ཆར་སྤྲིན་ལིང་ལིང་ལྡིང་།། ཐུགས་རྗེ་སྦྲང་ཆར་སིལ་མ་ཟིལ་ཟིལ་བསྙིལ།། རང་རྒྱུད་གྱོང་པོར་རློན་གྱིས་བརླན་མཁས་པ།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། མཁས་མང་བརྒྱ་ཕྲག་དབུས...