Skip to main content

དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་དགེ་བཤེས་ལྷ་རམས་པ།

དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་པ་ནས་ད་ལྟའི་བར་སྔོན་བྱུང་ལོ་རྒྱུས་ཀྱི་ལྟེབ་སྲུབས་ན་འཕོ་འགྱུར་དང་། ཆབ་སྲིད་ཀྱི་ཡོ་ལང་གི་དཀལ་ངལ་སྣ་ཚོགས་འཕྲད་མྱོང་ཞིང་། སྐབས་རེ་འགར་རྭ་ས་འཕྲུལ་སྣང་གི་སྟེང་ཤོད་བར་གསུམ་ན་འདུས་མང་གི་སྙན་གསལ་འདོན་དབྱངས་ཀྱི་གྲགས་པ་ལྷང་ལྷང་རྡིར་ཞིང་། སྣང་གསལ་སྒྲོན་མེ་ཁྲི་མ་འབུམ་གྱི་འོད་ཟེར་ཕྱོགས་ཀུན་འཕྲོས། དད་ལྡན་པའི་ཕྱག་མཆོད་མེ་ཏོག་གི་ཕྲེང་བ་སུམ་རྩེན་མི་ཡུལ་དུ་འཕོས་པ་ལྟ་བུའི་དགེ་ལེགས་རྒྱུན་མར་བབས་པའི་དུས་ཚིགས་རེའང་བྱུང་མྱོང་།

ཕྱི་ལོ་༡༩༥༩ལོའི་ལོ་ནག་གི་མུན་པ་དེ་ཚེས་ཤིང་མགོ་ཚུགས་པ་ནས་འུ་ཅག་གི་མི་རིགས་དང་། རིག་གནས། རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དང་། ཆོས་བྱེད་དགེ་འདུན་པའི་སྡེ་ཀུན་ལ་སྐྱུ་གཡར་བའི་ཆག་འཇིག་དང་། བཟོད་དཀའ་བའི་སྡུག་བསྔལ་སྣ་ཚོགས་བྱུང་ནས། མི་རིགས་རིག་གནས་དང་བཅས་པ་རྩ་ལག་ཏུ་འགྲོ་ལ་ཉེ་ཞིང་། སྐད་ཡིག་འཆི་གསོན་གྱི་དབུགས་རྒྱུན་འགག་ལ་ཁད་དུ་བྱུང་། 

འོན་ཀྱང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཡ་མཚན་གྱི་གསུང་བཞིན་དུ་དཔོན་སློབ་མི་ཉུང་བ་ཞིག་རྒྱ་གར་དུ་ཕེབས་འབྱོར་ཐུབ་པའི་སྐལ་བཟང་དེ་ཉིན་ནས་ཆབ་དཔལ་རིག་གསུམ། ཆོས་སྡེ་མི་སྡེ་གཉིས་ཀའི་རྨངས་ལེགས་པོར་གཏིང་ནས་ཁ་སང་དེ་རིང་ནི་རྩ་བ་རྒྱས་ཤིང་རྩེ་མོ་འཕེལ་བའི་དུས་ཚིགས་ཤིག་ཏུ་འཁོད་ཅིང་གནས་ཡོད། 


བཙན་བྱོལ་དུ་རི་བོ་དགེ་ལུགས་པའི་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས་ཤིང་ཚུགས་པ་ནས་ད་ལྟའི་བར་དུ་རྒྱུན་ཆད་གཏོར་གཤིག་མེད་པར་དེ་རིང་གི་མིང་མཐོང་ལག་ཟིན་ཡོད་པ་འདི་ཡིན། ལྷ་ལྡན་རབ་འབྱམས་པའི་དམ་འཇོག་གི་སྲོལ་བཟང་དེའང་མི་ཉམས་ཡར་རྒྱས་དང་། ཡར་རྒྱས་མཐའ་མེད་དུ་འཕེལ་བཞིན་པ་ཡོད་པ་ནི། དེ་རིང་གི་ལྷ་རམས་དགེ་བཤེས་ཀྱི་གྲངས་ཀ་འདི་ཙམ་ལས་ཤེས་རྟོགས་ཐུབ། 

ཕྱི་ལོ ༢༠༡༤ལོའི་ལྷ་ལྡན་རབས་འབྱམས་པའི་དམ་འཇོག་པ་ལྷ་རམས་དགེ་བཤེས་༨༧ འདུག འདི་ནི་གྲངས་ཀ་ཙམ་ཞིག་གཏན་ནས་མིན་པར་མི་ལོ་ཉེར་གསུམ་ཙམ་དུ་གཞུང་ཆེན་བཀའ་པོད་ལྔ་ལ་བརྒལ་བརྟག་དཔྱད་གསུམ་དང་། ཚིག་དོན་གཉིས་ཀར་མྱོང་རྒྱུས་དང་གོམས་འདྲེས་མཐིལ་ཕྱིན་བྱས་ཏེ་བྱུང་བ་ཞིག་ཡིན། 

ཁོང་རྣམ་པས་བརྒྱུད་མ་ཐག་པའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཞེས་པ་དེ་ནི། མི་སྡར་མ་ཞིག་ལ་བཤད་ཙམ་དུའང་འཇིགས་སྐྲག་སྙིང་གི་འཕར་རྡིང་ཇེ་མགྱོག་ཏུ་འགྲོ་བ་དང་། རྒྱུགས་ཞུགས་པ་སེམས་ཆུང་འགའ་རེ་སྨྱོ་བའི་མངོན་རྟགས་ཀྱང་ལོ་རེ་བཞིན་བྱུང་དང་ཐོན་ནས། རྒྱུགས་སྤྲོད་དུ་བཞུགས་མ་ཐུབ་པར་དགོངས་ཞུ་ཕུལ་དགོས་བྱུང་བ་ནི། རྒྱུགས་སྤྲོད་ཀྱི་ཁྲིམས་སྒྲིགས་ཚགས་དམ་ཞིང་། སྦྱོང་བྱའི་སློབ་ཚན་རྒྱ་ཆེ་བ། དཔྱད་བྱའི་གནད་དོན་མཁྲེགས་དྲགས་པ། རྒྱུགས་ཤོག་གི་དྲི་ལན་འདེབས་དཀའ་བའི་རྐྱེན་གྱིས་ཡིན།

དེ་རིང་ཁོ་ཚོའི་ཞལ་རས་ནས་རྒྱལ་ཁའི་འཛུམ་མདངས་ཤིག་དང་། ལུས་སེམས་ལྷོད་ལ་བབ་པའི་སྣང་ཚུལ་ཞིག་མངོན་བཞིན་པའང་ལོས་ཡིན་ཏེ། མི་ལོ་ཉེར་གསུམ་དེ་ཙམ་ནི་ནམ་ཟླ་ཞིག་ཟད་དང་འཛད་བཞིན་པ་ཞིག་མ་ཡིན་པར། ཆེས་སྡུག་རུས་དང་ཧ་ཅང་འབད་པ་ཞིག་གིས་སྐྱལ་བའི་ལོ་ཟླ་ཞིག་ཡིན། ཁོ་ཚོའི་ཁྲོད་ན་དགོང་མོའི་བཀྲེས་ལྟོགས་སེལ་ཕྱིར་ཆུ་འཁྱགས་ཀྱིས་ཕོ་བ་རྒྱག་ཏུ་བཅུག་པ་དང་། དུས་ཚོད་དམ་འཛིན་གྱིས་གཅིན་པ་གཏོང་དུ་འདུར་རྒྱུག་གིས་འགྲོ་བ་ག་ཚད་མང་པོ་ཡོད་ཨང་། ད་དུང་སྔ་ལངས་ཕྱི་ཉལ་བྱས་པས། ངོ་མདོག་སྐྱོ་ལ་ན་ཚ་མོད་པའང་ཆེས་མང་པོ་ཡོད་པ་ཐག་གིས་གཅོད་ཆོག 

མང་ཤོས་ཤིག་ནི་ལོ་ན་བཞི་བཅུ་ནས་ལྔ་བཅུ་བར་གྱི་ཆེས་འགྲེས་ཉམས་བཞེས་པ་རྐྱང་རྐྱང་རེད་འདུག་ཅིང་། སྐུ་ཡི་ན་བབས་འདི་འདྲ་ལ་སླེབས་དུས་གཞི་ནས་སློབ་ཐོན་གྱི་ཕྱག་ཁྱེར་ཐོབ་པ་དང་། ད་དུང་སྔགས་གཞུང་ལ་སྦྱོང་པར་བྱེད་པའི་ལོ་དུས་དེའང་ལྷག་ཡོད་པ་ཙམ་མ་ཟད། གཞུང་ལུགས་བསྐྱར་གཟིགས་དང་དེ་དག་མྱོང་ཐོག་ཏུ་སྦྱར་དགོས་པའི་ཆེས་འགང་ཆེ་བ་དག་ལྷག་ཡོད་པ་རེད། 
ནམ་དུའང་དགེ་བཤེས་ལྷ་རམས་པ་ནི་གདན་སའི་གྲྭ་རྐྱང་ཚོས་འགྲམ་ཆུ་ལྡང་ས་དང་དམིགས་དཔེ་བལྟ་ས་དེ་ཡིན་པས། ཁོ་ཚོའི་བྱ་ལུགས་དང་བྱེད་སྟངས་རེ་རེས་ཀྱང་། གདན་སའི་ཁ་དབུགས་ལ་ཤུགས་རྐྱེན་ཐེབས་ངོས་སུ་ཡོད་ལ། བོད་ཀྱི་ནང་ཆོས་དར་རྒུད་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།
--------
འདིའི་སྐོར་ཞིབ་རྒྱས་རེ་འབྲི་འདོད་ཆེ་ཡང་ཁོམ་ལོང་མ་བྱུང་བས་ཉུས་བསྡུས་ཤིག་ཁ་པར་ནས་བཏགས་ཏེ་སྤེལ།
༢༠༡༥-༣-༥

Comments

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག)

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག) ༼ བསྟོད་པའི་ཤིས་ཚིག་སྙན་ལྡན་དྲི་ཟའི་མགུར་དབྱངས། ༽                                        ♨/སྨྲ་སྲས:གསེར་འཇམ། སྐུ༵་རྣམ་ངུར་སྨྲིག་འཛིན་ལ་རིགས་བརྒྱའི་བདག། གསུ༵ང་ལེགས་ཡོན་ཏན་རིན་ཆེན་ཚོགས་ཀྱི་གཏེར།། ཐུ༵གས་འཕགས་བརྩེ་ལྡན་བྱང་ཆུབ་དངོས་ཀྱི་རྗེ།། དབྱེར་མེད་དབུ་གདུགས་བླ་མར་གུས་པས་འདུད།། མདོ་སྔགས་གཞུང་ཀུན་འཆ༵ད་ཉན་ལེགས་མཐར་བྱིན།། ངོ་མཚར་ཟླ་མེད་རྩོ༵ད་པའི་ལང་ཚོ་རྒྱས།། བདེན་དོན་ལེགས་འབྱེད་རྩོམ༵་པ་རིག་བདག་མཆོག། རབ་དགའ་གངས་ཅན་བོད་དགོན་མཆོག་ནི་མཛེས།། འཁྲུལ་མེད་བཀའ་ལུང་བདུད་རྩིའི་ཟེགས་མས་འཁྱུད།། རིགས་མཆོག་བདེ་འབྱུང་ལྷག་བསམ་པདྨོ་འཛུམ།། མངོན་པར་མཛེས་པའི་དབང་ཕྱུག་མི་ཡི་མཆོག། རྒྱལ་བསྟན་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ།། མཁྱེན་དཔྱོད་རྩལ་རྫོགས་མཐུ་དཔལ་བླ་མའི་སྐུ༷།། དག་གསལ་མགྲིན་པའི་ཟིལ་གནོན་ཚངས་དབྱངས་གསུ༵ང།། སེམས་ཅན་ཡོད་དོ་བདེ་ཞིང་འགོད་མཁས་ཐུག༵ས།། དད་པའི་གེ་སར་དགུང་འཕྱུར་ཨེ་མ་མཚར།། སྨྲ་རྒྱལ༵་དབ༵ང་བོ་བསྟན༵་པ་འཛི༵ན་ལ་མཁ༷ས།།...

དབུ་མ་དགོངས་པ་རབ་གསལ། རྩ་འགྲེལ་སྦྱར་མ།

འཕྲུལ་དེབ། གཞུང་ཚན། དབུ་མ། རྩོམ་པ་པོ། རྗེ་ཙོང་པ། འཕྲུལ་དེབ་ཏུ་སྒྲིག་མཁན། སེར་སྨད་འཇམ་དབྱངས་བསོད་ནམས། སྤེལ་མཁན སྲོང་བཙན་དྲ་བ། སྤེལ་དུས། 209-3-24 སྟོད་ཆ། ཕབ་ལེན། སྨད་ཆ། ཕབ་ལེན།