ནང་བསྟན་རིག་པའི་འབུམ་རམས་པ་ཉེར་དྲུག


འདི་ལོར་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ལྷ་རམས་དགེ་བཤེས་ཉེར་དྲུག་ཐོན་ཏེ་རི་བོ་དགེ་ལྡན་པའི་ལོ་རྒྱུས་ནང་ཆེས་མང་བའི་ལྷ་རམས་སློབ་ཐོན་པའི་ཟིན་ཐོ་གསར་སྐྲུན་གནང་བ་ཙམ་མ་ཟད་བོད་ཀྱི་ལོ་རྒྱུས་ཐོག་ཏུའང་ལོ་གཅིག་ནང་དུ་གྲྭ་ཚང་ཞིག་ནས་ལྷ་རམས་སློབ་ཐོན་པ་འདི་འདྲ་བྱུང་མྱོང་མེད། ཁོང་རྣམ་པ་ནི་ནང་བསྟན་རིག་པའི་འབུམ་རམས་པ་ཚད་ལྡན་ཤ་སྟག་ཡིན་ཞིང་ཤར་ཨེ་ཤེ་ཡ། ནུབ་ཡུ་རོབ། བྱང་ཨ་མེ་རི་ཀས་མཚོན་པའི་འཛམ་གླིང་ཁྱོན་དུ་བསྟན་པའི་བྱ་བ་རླབས་ཆེན་སྒྲུབ་གནང་མཛད་མཁན་གྱི་སྟོན་པའི་ཕོ་ཉ་ལྟ་བུར་གྱུར་ཡོད། སྤྱིར་ལྷ་རམས་དགེ་བཤེས་ཞེས་པ་ནི་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དགའ་ལྡན་གསེར་ཁྲི་རིན་པོ་ཆེའི་ཁྲི་ཚབ་གནང་སྐབས། ཕྱི་ལོ་༡༩༡༣ལོ་ནས་མུ་མཐུད་ལོ་ངོ་དྲུག་གི་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཤིང༌། སེ་འབྲས་དགེ་གསུམ་གྱི་སློབ་གཉེར་ཐོན་པའི་དགེ་བཤེས་ཤེས་ཚད་མཐོ་ཤོས་རྣམས་ལྷ་ས་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་རྒྱུ་དང༌། ཨང་རིམ་བྱ་དགའ་གནང་རྒྱུ་སོགས་དགེ་བཤེས་ལྷ་རམས་པའི་ལམ་སྲོལ་ཐོག་མར་གསར་གཏོད་གནང་བ་ཞིག་རེད། དུས་ཕྱིས་སུ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་སྐུ་དངོས་ཀྱིེས་རྒྱུགས་བཞེས་གནང་བ་སོགས་དམ་ནན་གནང་སྟེ་མཚན་གནས་འདི་ཚད་ལྡན་ཞིག་ཏུ་བསྒྱུར་སྣང་འཛད་འདུག 
བཙན་བྱོལ་དུ་སླེབས་རྗེས་༸གོང་ས་ཐམས་་ཅད་མཁྱེན་པའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་གཞིས་ཆགས་གསར་འཛུགས་དང་རིས་མེད་ཆོས་རྒྱུད་ཁག་གི་འདུས་སྡེ་གསར་ཚུགས་ཀྱིས་དེ་རིང་གི་བར་༡༩༥༩ཡན་ལས་ལྷག་པའི་དགོན་སྡེ་ཁག་འཕེལ་རྒྱས་དང་ཐོས་བསམ་སློབ་གཉེར་ཧ་ཅང་ཚགས་ཚུད་བྱུང་ཞིང་། རི་བོ་དགེ་ལྡན་པའི་ལྷ་རམས་དགེ་བཤེས་དེའང་རྒྱུན་ཆད་མེད་པར་ལོ་རེ་བཞིན་གྲངས་ཚད་མི་འདྲ་བའི་སློབ་ཐོན་པའི་དགེ་བཤེས་ཧ་ཅང་མང་པོ་བྱུང་ཡོད། ལོ་རབས་དགུ་བཅུ་པ་ནས་བཟུང་སྟེ་རྒྱུགས་སྤྲོད་ཀྱི་ལམ་སྲོལ་ཧ་ཅང་ཚད་ལྡན་དུ་མཛད་ནས་(རྒྱས་པ་གཤམ་གྱི་དྲ་ཐག་ནས་ལྟོས།) ཆེས་སྙན་གྲགས་ཅན་གྱི་རི་བོ་དགེ་ལྡན་པའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དེ་ཉིད་ལ་གྲྭ་ཚང་ཁག་ནས་མི་ལོ་བཅུ་བདུན་རིང་དུ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་སོན་བྱས་ཏེ་རྒྱུགས་སྤྲོད་ཀྱི་ལམ་ནས་ཞུགས་དགོས། ལོ་ངོ་དྲུག་གི་རིང་དུ་ཧ་ཅང་དཀའ་ཚེགས་ཆེན་པོས་རྒྱུགས་སྤྲོད་བྱས་ཏེ་རྒྱུགས་འཕྲོད་བྱུང་ན་ལྷ་ལྡན་རམས་འབྱམས་པའི་མཚན་གནས་ཐོབ་ཀྱི་ཡོད། =================================== ཟུར་མཆན། ~~~~~~~~ སེར་བྱེས་མཁས་སྙན་གྲྭ་ཚང་ནི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་ཞིག་ཡིན་ཞིང་བཙན་བྱོལ་ནང་གི་དགེ་འདུན་གྱི་གྲྭ་ཚོགས་ཆེས་མང་བའི་གྲྭ་ཚང་ཞིག་ཡིན།   
Powered by Blogger.