ཤ་ཉེ་ལ་སྐུར་བའི་འཕྲིན་ཐུང་།
ཁ་རྩང་ཨ་ཕས་ང་ལ་ཨ་ཕ་ཁྱེད་གཉིས་ཁྲོན་ཏུང་ན་ཡོད། ཁྱེད་རྫོང་གི་སློབ་ཆུང་ནས་རྒྱུགས་ཚད་མཐོ་པོ་བླངས་འདུག་པས་ཁྲོན་ཏུང་སློབ་འབྲིང་དུ་ཚུད་ཡོད་ལུགས་ཀྱི་སྐད་ཆ་དེ་གོ་བ་དང་ང་རང་ཧ་ཅང་དགའ་སྤོབས་སྐྱེས་བྱུང་།
ང་ཚོའི་གྲོང་ཚོ་ཆུང་ཆུང་དེ་ནས་རྒྱུགས་ཚད་མཐོ་པོ་བླངས་ཏེ་ཁྲོན་ཏུ་སློབ་འབྲིང་དུ་ཚུད་པ་ནི་ཁྱེད་རང་གཅིག་བུ་རེད། དེར་བརྟེན། ངེད་ཁྱིམ་མི་ཚོས་ང་རྒྱལ་དང་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད། ཨ་ཕས་ངེད་ཚང་ལ་དཀའ་ངལ་ཅི་འདྲ་འཕྲད་ནའང་ཁྱེད་རང་སློབ་གྲྭ་མཐར་འཁྱངས་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།
ཤེས་རང་གིས་ཤེས་ཀྱི་རེད། ང་ཚོའི་ཁྱིམ་ཚང་ནི་དངུལ་སྒོར་འབད་མེད་ལྷུན་འགྲུབ་དང་འཇོན་ཐང་ཆེ་བའི་ཚོང་པ་དང་། གཞུང་ཕོགས་མཐོ་བའི་ལས་བྱེད་སོགས་གང་ཡང་མེད། ཁྱིམ་མི་ཚོས་དབྱར་ཀ་ས་ཞིང་འདེབས་ལས་དང་དགུན་ཁ་ཞོར་ལས་ཀྱིས་དཀའ་སྡུག་ཆེན་པོས་དངུལ་གསོག་བཞིན་པ་ནི་ཁྱེད་ཀྱིས་ཀྱང་ཤེས་ཀྱི་ཡོད་ཚད་རེད། ཁྱེད་ཀྱིས་ངེད་ཚང་གི་ཨ་མའི་ལག་པར་བལྟས་ཨེ་མྱོང་། སེན་མོ་ནང་དུ་རྡིབ་ནས་ཀོང་ཀོང་དང་མཛུབ་རྩེར་སེར་ཁས་ཁེངས་ཡོད། དགོང་མོ་རྟག་པར་མེ་ཁ་ནས་རའི་ཚིལ་ཞག་མེ་སྲེག་བཏང་ནས་མཛུབ་མོར་བྱུག་ནས་སེར་ཁ་དྲག་ཐབས་བྱེད་བཞིན་པ་ཁྱེད་ཀྱིས་མཐོང་ཡོད་སྲིད། ངེད་གཉིས་ཀྱི་ཤ་ཉེ་འབྲིང་བ་ན་ཚོད་ད་ལ་བབ་པའི་ཕོ་གསར་ཞིག་ཡིན་རུང་ངོ་མདོག་སྐྱ་ལ་སྐྲ་ལོ་ཟིང་ཟིང་དང་ལུས་པོ་ཡོངས་སུ་ཐལ་བས་འཚོས་ཡོད་པ་དེ་ཁྱེད་ཀྱིས་དོ་སྣང་བྱུང་ཡོད་རྒྱུ་རེད། ངེད་གཉིས་ཀྱང་ཐུགས་འཕྲད་མ་བྱུང་བར་མི་ལོ་བཅོ་ལྔ་ཙམ་འདས་ཤིང་ད་དུང་མི་ཚེ་འདིར་ཁྱིམ་མི་མཉམ་འཛོམས་ཤིག་ཡོང་ཐུབ་མིན་བཤད་དཀའ་བའི་སྐྱོ་གནས་འདི་ཁྱེད་ཀྱིས་གསལ་པོ་ཤེས་པའི་རེ་བ་བྱེད་བཞིན་ཡོད། གང་ལྟར་ཁྱེད་རང་ལ་སྐུར་བའི་དངུལ་སྒོར་ཚང་མ་ང་ཚོའི་ཁྱིམ་མི་ཚོའི་རྔུལ་ཁྲག་གིས་འཚོས་ཡོད་པ་ཤ་སྟག་རེད།
གྲོང་ཁྱེར་གྱི་འཚོ་བ་ནི་ཁྲ་ཁྲ་ཟིང་ཟིང་དང་མི་ཞིག་གི་དངུལ་སྒོར་ཡོད་ཚད་བཅོམ་འདོད་པའི་འདོད་རྔོམས་ཅན་གྱིས་ཁེངས་ཡོད་པས་ཁྱེད་ཀྱིས་གཟབ་གཟབ་མ་བྱེད་ན་ཁོ་ཚོས་ཁྱེད་ལ་ཤ་ཚ་དང་སྙིང་རྗེ་གཏན་ནས་བྱེད་ཀྱི་མ་རེད། གཅིག་བྱས་ན་ཁྱེད་རང་གི་འཛིན་གྲོགས་ནང་དུ་ཅི་བསམ་ཅི་འདོད་ཉོ་ཐུབ་པ་དང་གང་ཞིམ་གང་མངར་ཟ་འཐུང་བྱེད་མཁན་ཡོད་སྲིད། ཁྱེད་ཀྱིས་ཁོང་དག་དང་འདྲ་མཚུངས་ ཤིག་གཏན་ནས་བྱེད་མི་རུང་ལ་ཁོང་དག་གི་དངུལ་སྒོར་དུང་ཁྱེད་ཀྱི་སྒོར་རྡོག་དེ་དག་གཏན་ནས་མི་མཚུངས། ཁོ་ཚོ་དང་ཁྱེད་གཉིས་གཏན་ནས་འདྲ་ས་མེད།
མ་གཞི་སློབ་གྲྭ་དེར་བོད་རིགས་ཁྱེད་རང་གཅིག་བུ་མ་ཡིན་ རུང་སློབ་གྲྭའི་ཕྱི་ནང་ཀུན་ནས་ཁྱེད་དང་ཁྱེད་འདྲ་བའི་བོད་ཕྲུག་ཚོར་མནོན་ཤུགས་དང་མཐོང་ཆུང་ཟུར་ཟ་ཡོད་ངེས་རེད། ཁྱེད་རང་གིས་དེ་དག་ལ་ཁ་ལན་སློག་མི་དགོས། རང་གི་བརྩོན་པ་དང་ཤེས་ནུས། འཇོན་ཐང་། སྤོབས་པ། སྟོབས་ཤུགས་ཀྱིས་ཁོ་ཚོ་ཁུ་སིམ་མེར་གཏོང་ཆོག ངེད་ཅག་གི་མེས་པོ་ཚོ་ནི་”ཁ་ཕོ་རུས་”དང་“མགོ་རྣ་བ་ཅན་"རང་ཉིད་མིའི་རྐང་འོག་ན་མགོ་སྒུར་ནས་འགྲོ་མི་འདོད་པའི་བཙན་པའི་མི་རྒྱུད་ཀྱི་ཁམས་པའི་ཕོ་རྒོད་འཁྲུལ་མེད་ཅིག་ཡིན་ལ་ཁྱེད་རང་མི་རྒྱུད་འདིའི་རྒྱུད་པ་ ལྷད་མེད་དེ་ཡིན། དེར་བརྟེན། ཁྱེད་རང་སེམས་ཞུམ་པ་དང་དཔའ་ཁུམས་དགོས་དོན་མེད།
ང་ཚོ་ཁྱིམ་མི་ཚོའི་སེམས་ཁྲལ་ཆེ་ཤོས་ནི། ཁྱེད་ཀྱི་ལུས་ངག་ཡིད་གསུམ་ལ་རིག་གཞུང་གཞན་དང་མི་རིགས་གཞན་གྱི་ནད་དུག་རེ་ཕོགས་ཨེ་ཡོང་དང་། རང་གི་སྐད་ཡིག་དང་ཕ་ སྐད་ལ་བཅངས་པའི་འདུ་ཤེས་དང་དགའ་ཞེན་མེད་པའི་ར་མ་ལུག་"ཅིག་ཆགས་མི་ཡོང་ངམ་སྙམ་པ་དེ་ཡིན་མོད། ཁྱེད་ཀྱིས་འགྲོ་ཁར་ཨ་མ་ལ་"ང་རང་བོད་ཕྲུག་ཅིག་ཡིན་པར་ནམ་ཡང་མི་བརྗེད་"ཅེས་པའི་སྐད་ཆ་དེས་ང་ཚོའི་ཁྱིམ་མི་ཚོའི་སེམས་པ་དྲོ་སོབ་སོབ་ཏུ་གྱུར་ནས་ཡོད།
ངའི་རེ་བ་ལ། ཁྱེད་རང་གིས་རང་ཉིད་སུ་ཡིན་དང་རང་ཉིད་གང་ནས་ཡོང་མིན། ཅིའི་ཕྱིར་རང་ཉིད་སློབ་གྲྭ་འགྲིམ་བཞིན་ཡོད་པའི་གནད་དོན་རྣམས་ཧ་ཅང་གསལ་པོ་ཤེས་ དགོས་རྒྱུ་དེ་ཡིན། ང་ཚོ་ཁྱིམ་མི་ཚོས་ཁྱེད་རང་སློབ་ཐོན་ བྱས་ནས་ངེད་ཚང་ལ་སྒོར་མོ་སྐུར་ཡོང་བའི་རེ་བ་བྱེད་ཀྱི་མེད་ལ་རྐུབ་སྟེགས་མཐོན་པར་འཛེགས་ནས་གཞུང་ཕོགས་མཐོ་བ་དང་དབང་ཆ་ཅན་གྱི་མི་ཞིག་བྱུང་ན་བསམ་པ་གཏན་ནས་མེད།
ང་ཚོའི་ཁྱིམ་ཚང་ནི་བོད་རིགས་ཀྱི་ཁྱིམ་ཚང་ཞིག་ཡིན་ལ་ང་ ཚོ་ནི་བཀྲུས་ནས་འདག་ཐབས་མེད་པའི་བོད་རིགས་ཤིག་སྟབས་ཁྱེད་རང་ཡང་མི་ཚེ་གང་པོར་བོད་རིགས་ཅེས་པའི་ མིང་འདི་འདོར་ས་དང་གཡུགས་ས་མེད་པར་ཁུར་ནས་འགྲོ་རྒྱུ་ལས་མེད། ད་ཆ་ང་ཚོའི་མི་རིགས་འདི་ཆགས་འཇིག་དང་འཆི་གསོན་གྱི་ས་མཚམས་ཤིག་ཏུ་སླེབས་ཡོད། ཆེས་དཀའ་སྡུག་ཆེ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད། ཁྱེད་ཀྱིས་དཀའ་སྡུག་འདི་དག་གི་རྒྱུ་རྐྱེན་གང་ཡིན་གསལ་པོ་ཤེས་པར་བྱས་ཏེ་མི་རིགས་འདིའི་དཀའ་སྡུག་ཁུར་ཏུ་བླངས་ནས་མི་རིགས་འདིའི་ཞབས་འདེགས་པ་ཡག་པོ་ཞིག་ཆགས་རྒྱུ་དེ་ངེད་ཁྱིམ་མི་ཚོའི་རེ་བ་གཅིག་བུ་དེ་ཡིན།
ཤ་ཉེ་ཁམས་སྐད། སྤུན་མཆེད་ཀྱི་དོན་ཡིན། །