2015/08/31

སྲིད་སྐྱོང་འོས་མི་ལ་སྐྱོན་འཛུགས་བྱས་ན་སྲོག་ཤོར་ས་རེད།

ད་ནང་སྲོང་བཙན་གྱིས་ཁོ་བོའི་སྐད་འཕྲིན་དུ་ཡི་གེ་ཞིག་བཏང་འདུག ཁོ་ལ་ཨ་མདོ་བ་ཞིག་གིས་ད་ནང་ཁ་པར་ཡོང་ནས་འཇིགས་སྐུལ་བཟོས་སོང་ཟེར། ད་དུང་ངོ་དེབ་ནང་དུ་མཆན་འགོད་མཁན་ཞིག་གིས་<ཚད་བཟུང་རག་ཡོང་>ཟེར་ནས་<སྡིག་ར་>སྐུར་སོང་ཞེས་བྲིས་འདུག དེ་ནི་ཁོས་རྒྱུན་དུ་ངེད་ལ་རྩེད་མཚར་སློང་བས་རྩེད་མཚར་ཡིན་སྣང་ཤར་ཡང་ཁོང་དང་ངོ་ཐུག་སྐབས་ནན་གཏན་གྱིས་བཤད་སོང་བས་གཞི་ནས་ཡིད་ཆེས་དང་མཉམ་དུ་ང་རང་ཧང་སོང་བྱུང་། ཁྱེད་རང་གིས་རྒྱུད་ལམ་ཁག་དུ་ངེས་པར་དུ་གཅིག་བཤད་ཐུབ་དགོས། དེ་མིན་འཇོག་རྒྱུ་གཏན་མེད་ཅེས་བཤད་པ་ཡིན་རུང་། ཁོས་ད་སྐྱུར་ཤོག་སྐད་ཆ་དྲང་པོ་ཞིག་བཤད་ནའང་ལོག་པར་གོ་འགྲོ་གི་འདུག མ་གཞི་རྒྱུགས་སྤྲོད་སླེབས་ལ་ཉེ་བས་ཁོམ་ས་མ་རེད་ཟེར། ང་ནི་ཁྲག་རླུང་སྟོད་ལ་འཚང་བཞིན་རང་ཤག་ཏུ་ཚུར་ཡོང་རྗེས་མི་ངན་དེ་ཚོ་ཐེར་འདོན་ཞིག་མ་བྱེད་ན་ལུང་པ་ཁྲག་གིས་གང་། མི་ངན་ཁ་མཐུན་བྱས་ཏེ་སྤྱི་ཚོགས་འདི་རྩ་མཐོར་གཏོང་རྒྱུ་ལ་ཡིད་གཉིས་མི་འདུག ཅིས་ཀྱང་བཤད་དགོས་བསམ་མོད། ཡི་གེ་འབྲི་གོམས་དེ་ཙམ་མེད་པས་བསམ་པ་ཡིག་ཐོག་ཏུ་བབ་མ་ཐུབ་པའི་དཀའ་ངལ་འོག་ཡིད་ཐང་ཅུང་ཆད་སོང་ནའང་གཡས་བཅད་གཡོན་སྣོན་བྱས་མཐར་འགྲིག་ཙམ་བྱུང་།ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་རྒྱབ་སྐྱོར་བྱེད་མཁན་གྲས་སུ་ཅི་འདྲ་བའི་མི་ངན་དུག་ནག་དེ་འདྲ་ཡོད་འདུག་བསམ་ནས་ཚིག་པ་ཟ་ལ་ཡིད་ཀྱང་སྐྱོ་སོང་། ང་ཚོའི་སྤྱི་ཚོགས་སུ་མི་ངན་འདི་འདྲ་མང་པོ་ཡོད་ཚད་འདུག་ལ་དེ་སྔ་ནས་ས་འོག་དར་ཐག་དང་གསང་བའི་ལྐོག་བྱུས། རྒྱབ་ཀྱི་བྱེད་གཏེ་སོགས་བཤད་རྒྱུ་གཏམ་རྒྱུ་མང་པོ་འདུག་ནའང་བཤད་ཡམ་ཞིག་ལས་ངོ་མ་ཡིད་བསམ་པ་ནམ་ཡང་དྲན་མ་མྱོང་། ད་རེས་གནས་ཚུལ་འདིས་འོས་བསྡུ་དང་སྲིད་ཁྲི་ཐོབ་རྩོད་བར་ན་<འཇིགས་སྐུལ་>དང་<སྡིག་ར་>ཡོང་ཞིང་མངོན་ལྐོག་གཉིས་ནས་ཉེན་ཁ་ཅན་གྱི་གནས་ཚུལ་གང་མང་ཞིག་ཡོང་བཞིན་ཡོད་པའི་རྟགས་མཚན་གསལ་ཤོས་དེ་ཡིན། མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་རེའང་སྔ་ཕྱི་ཙམ་ལས་འབྱུང་ཉེན་འདུག་པ་ནི་གསལ་གསལ་ཐིང་ཐིང་རེད། 

སི་རི་ཡར་ནང་འཁྲུག་གི་འཁོར་ལོ་སྐོར་ནས་མི་གསོད་ཁྲག་སྦྱོར་གྱི་བྱུང་བ་རྒྱུན་ཆད་མེད་ལ། བལ་ཡུལ་དུ་བཀའ་ངལ་གཅིག་འཇུག་གཉིས་མཐུད་དུ་ཡོང་ནས་མི་མང་ཚོ་ལ་ཅི་འདྲ་འདྲའི་དཀའ་ངལ་ཞིག་ཡོང་གི་འདུག དེ་རིང་གི་བཀའ་སྤྱི་འོས་བསྡུ་དེ་བོད་གངས་ཅན་ལྗོངས་སུ་ཡོང་བཞིན་ཡོད་ན་གོང་གི་རྒྱལ་ཁབ་གཉིས་པོ་ལས་སྡུག་ཅིག་མ་ཡོང་ནའང་དྲག་ཅིག་གཏན་ནས་ཡོང་ས་མ་རེད་བསམ་བསམ་འདུག ཕལ་ཆེར་ཚོགས་གཙོ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་འགའ་ཤས་ཀྱི་ལག་འོག་ནས་ཡ་ངལ་སྡུག་རྩུབ་ཀྱིས་ཁེངས་པའི་མི་གསོད་ཁྲག་སྦྱོར་གྱི་གསར་འགྱུར་ཞིག་ཞོགས་པའི་ཚགས་ཤོག་མདུན་དུ་ཐོན་ཡོད་ངེས་སྙམ་པ་ཞིག་དྲན་བྱུང་། 

བཀའ་སྤྱི་འོས་མི་ཚོས་བྱུས་ངན་ཐབ་སྡུག་དེ་འདྲ་བརྒྱུད་སྐུལ་གནང་གི་མེད་པའི་ཡིད་ཆེས་བཟོ་གི་ཡོད། རེ་བ་རྒྱག་གི་ཡོད། སྨོན་ལམ་ཚུད་ཆད་འདེབས་ཀྱི་ཡོད། ཁྱེད་ཚོ་འོས་མི་ཚོས་གཟབ་ནན་དང་དོ་དོན་ཡག་པོ་བྱེད་རོགས། རང་ལ་རྒྱབ་སྐྱོར་བ་ཚོའི་བྱུས་ངན་སྣ་ཚོགས་དེ་དག་ཕྱི་བསྡུ་ཨེ་ཐུབ་ལྟ་རོགས། འོས་ཤོག་གཅིག་ལས་མི་ཡི་ཚེ་སྲོག་རྩ་ཆེ། སྤྱི་ཚོགས་ཀྱི་བདེ་འཇགས་གལ་ཆེ། ཁྱེད་ཚོའི་འོས་ཤོག་དེ་<འཇིགས་སྐུལ་>དང་<སྡིགས་ར་>འོག་ནས་ཐོབ་ན་སྙིང་པོ་ཡོད་མི་དཔེ་ལ། ཅི་སྟེ་འོས་མི་སུ་ཞིག་ལ་འདི་འདྲའི་རྒྱལ་ཁ་ཞིག་ལོན་ཡང་ནང་འཁྲུགས་དང་ལྐོག་གསོད་སོགས་བྱུས་ངན་ཚོགས་ཀྱིས་ཁེངས་པའི་སྲིད་ལོ་ཞིག་ལ་འགྱུར་རྒྱུ་བཤད་མི་དགོས་པ་ཞིག་རེད། འདི་ནི་གངས་ཅན་པ་ལ་ནམ་ཡང་མི་མཁོ་བ་ཞིག་ལ་ངོས་འཛིན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད།

2015/08/27

སྐུ་ངོ་སྤེན་པ་ཚེ་རིང་གིས་རྫབ་ཆེ་བའི་སྐད་ཆ་ཞིག་བཤད་སོང་།




ཁ་ནུབ་སེ་ར་ཐེག་ཆེན་གླིང་གི་གཙུག་ལག་ཁང་དུ་སྐུ་ངོ་སྤེན་པ་ཚེ་རིང་གིས་གཏམ་བཤད་གནང་སོང་ལ་མང་པོ་ཞིག་གོ་མྱོང་དང་རིག་མྱོང་ཡོད་པ་རྐྱང་ལས་གསར་པ་ཞིག་གང་ཡོང་མི་འདུག འོན་ཀྱང་ཐོས་པ་ཙམ་གྱིས་སེམས་ལ་དངངས་སྐྲག་དང་འཇིགས་སྣང་ཚད་མེད་སྟེར་བའི་སྐད་ཆ་ཞིག་བཤད་བྱུང་། གྲྭ་དམངས་ཚོས་སྐུ་ངོའི་གདོང་པ་ལ་ཅེར་ནས་ཡིད་ཆེས་ལ་མ་ཆེས་དང་རང་གི་རྣ་ཆོག་འཁྲུལ་བ་ཞིག་ཨེ་ཡིན་སྙམ་ནས་ཐེ་ཚོམ་དུ་གནས་བཞིན་པའི་མོད་ལ། ད་དུང་སྐུ་ངོས་''༸གོང་ས་མཆོག་ལ་ཁ་གཏོང་མཁན་ཞིག་དང་མཉམ་དུ་རྐུབ་སྟེགས་གཅིག་ཏུ་སྡོད་ནས་བགྲོ་གླེང་ཞིག་ནམ་ཡང་མི་བྱེད་ཟེར།'' ད་དུང་རྒྱུད་སྨད་གྲྭ་ཚང་ན་༸གོང་ས་མཆོག་ལ་ཁ་གཏོང་མཁན་རེ་འགའ་གཏམ་བཤད་དྲིལ་བསྒྲགས་ཡོང་མི་ཆོག་པ་བཟོས་འདུག ཧ་ཅང་ཡག་པོ་རེད་ཅེས་བསྟོད་བསྔགས་དང་། ཉེ་སྔོན་རླུང་འཕྲིན་ཁང་ཞིག་གིས་ཁ་གཏོང་མཁན་དེ་གྲས་དང་མཉམ་དུ་བགྲོ་གླེང་གོ་སྒྲིག་བྱེད་རྒྱུ་གསུངས་ནའང་ཁས་བླངས་མེད། ང་དེ་གྲས་དང་མཉམ་དུ་གཏན་ནས་སྡོད་ཐུབ་ས་མ་རེད་ཅེས་བསྐྱར་ནན་ཡང་ནན་བྱས་སོང་།

མ་གཞི་སྐུ་ངོ་སྤེན་པ་ཚེ་རིང་ཉམས་མྱོང་ཆེ་ལ་གཏམ་བཤད་མཁས་པ་ཞིག་ཏུ་མང་པོས་ངོས་འཛིན་དང་རང་གིས་ཀྱང་དེ་བཞིན་ལོས་ཡིན་བསམ་པ་རྒྱུན་དུ་ཡོད་མོད། ཁོང་ཉིད་རྐུབ་སྟེགས་མཐོན་པོ་ཞིག་ཏུ་སྡོད་ནས་མི་མང་ལ་སྲིད་ཞུ་སྒྲུབ་མཁན་ཞིག་ཏུ་ཁས་འཆེ་ལ། ད་དུང་བོད་རྒྱ་ཞི་མོལ་དགོས་ཟེར་ནས་ལག་གནམ་ལ་དཀྱག་མཁན་ཞིག་གིས་ངོས་ཐད་ནས་བཤད་ན་དགྲ་བོ་རྒྱ་ནག་ལ་ཞི་མོལ་བྱེད་རོགས་ཞེས་མཐེ་མོ་བསྟན་ཐུབ་ལ། ནང་གི་ལྟ་བ་དང་ལངས་ཕྱོགས་ཁ་ཁར་ཡིན་པ་ཚོ་དང་མཉམ་དུ་བགྲོ་གླེང་བྱེད་མི་ཐུབ་པ་ཅི་ཡིན་ནམ་བསམ་ནས་ངུ་འཆོར་ལ་ཡིད་མུག་པའི་ནད་གཞི་འདིས་མཚན་མོའི་གཉིད་བཅག་དང་ཉིན་མོའི་ཟས་ཀྱང་ཁོག་ཏུ་མི་འགྲོ་བ་ཞིག་བྱུང་།

སྐོར་ནས་བཤད་མི་དགོས་པར་སྐུ་ངོས་བཤད་ས་དང་འཕེན་ས་ནི་ཀླུ་མཁར་བྱམས་ཡིན་ལ། དགྲ་བོ་རྒྱ་ནག་ལ་བྱེད་ཐུབ་པ་ཞིག་ཀླུ་མཁར་བྱམས་ལ་བྱེད་མི་ཐུབ་དོན་ཅི་ཡིན་མ་ཤེས། ཀླུ་མཁར་བྱམས་དགྲ་བོ་རྒྱ་ནག་དམར་པོ་ལས་ཀྱང་ཐབས་སྡུག་དང་། སྐྱོ་བ་ཞིག་ཡིན་ནམ། མི་ལོ་ཧྲིལ་པོ་བཅོ་བརྒྱད་ཀྱི་ཁྲིམས་ཐག་བཅད་མྱོང་ཞིང་བཙོན་འོག་དུ་མི་ལོ་དེ་ཙམ་སྡུག་སྦྱོང་མནར་གཅོད་དང་འཆི་གསོན་ས་མཚམས་སུ་སླེབས་མྱོང་བའི་མི་ཞིག་ལ་གྲོས་རྭ་གཅིག་ཏུ་མཉམ་སྡོད་དང་སྡིངས་ཆ་གཅིག་ཏུ་མཉམ་ལངས་བྱེད་མི་ཐུབ་པ་ནི་ཇི་ཙམ་བསམས་ཀྱང་ཡིད་ཁ་མི་གང་ལ། ཇི་ལྟར་བྱས་ཀྱང་སྐུ་ངོའི་ཁོག་རྒྱ་དེ་དང་བཀའ་མོལ་དེ་དེ་མུར་བཞག་མ་ཐུབ། སྐུ་ངོས་དོལ་ཚོགས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་མནའ་སྐྱེལ་དམ་འཇོག་དེའི་ནང་དུ་རང་བཙན་འཐབ་རྩོད་པ་དག་ཚུད་པ་རེད་དམ། ཡང་ན་ཀླུ་མཁར་བྱམས་ཆུད་པ་རེད། སྐུ་ངོ་ལ་ཐོབ་ཐང་ཞིག་ཡོད་ན་ཀླུ་མཁར་བྱམས་བསད་ནས་ཟས་ཀྱང་ཚིམ་ས་མ་རེད་ཨང་སྙམ་པའི་ཁོང་ཁྲོ་དང་ཞེ་སྡང་དེ་ཇི་ལྟར་སྐྱེས་པ་ཡིན་ནམ། ངོ་མ་སྐུ་ངོའི་ཉམས་མྱོང་དེ་ཚོ་འདི་འདྲ་བ་རྐྱང་ཡིན་ན་ཞེད་སྣང་དང་དངང་སྐྲག་སྐྱེ་གཞི་ཞིག་ཅི་ལ་མིན་ཨང་།

ལངས་ཕྱོགས་ཁ་ཁར་ཡིན་ཆོག་ལ་རང་བཙན་མི་འདོད་ཀྱང་ཆོག དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་ཆོག་ལ་༸གོང་ས་མཆོག་ལ་དད་པ་དག་སྣང་ཡོད་ན་འགྲིག་མོད། དབུ་མའི་ལམ་ལ་རང་བཙན་འཐབ་རྩོད་པ་ཞིག་དང་མཉམ་དུ་སྡོད་ཐུབ་པའི་གུ་ཡངས་ཤིག་ཀྱང་མེད་མི་སྲིད་ལ། ༸གོང་ས་མཆོག་ལ་དད་པའི་དད་སེམས་ན་ཀླུ་མཁར་བྱམས་འདྲ་བ་ཞིག་ཆུད་པའི་བར་སྟོང་ཞིག་ལོས་ཡོད། མི་གསོད་ལག་དམར་བ་གུང་ཁྲན་དང་མཉམ་དུ་སྡོད་ཀྱི་ཡིན་ཟེར་ནས་ཨུ་ཚུགས་བྱེད་བཞིན་ཡོད་པས་ཀླུ་མཁར་བྱམས་ལྟ་བུ་ཞིག་འགྲོ་ས་འདུག་ས་ཞིག་ལོས་ཡོད་བསམ། འོན་ཀྱང་སྐུ་ངོའི་ཁོག་རྒྱ་ན་གུང་ཁྲན་ཆུད་ལ་ཀླུ་མཁར་བྱམས་མི་ཆུད་པའི་ཡ་མཚན་གྱི་གསང་བ་ཞིག་འདུག་པ་ནི་ཇི་ལྟར་འགྲེལ་དགོས།

ད་སྐབས་ཆུ་ལོག་རྒྱུག་པ་དང་འདྲ་བའི་སྐད་ཆ་རེ་འགའ་མི་མང་ཚོའི་རྣ་ལ་ལྷུང་ཞིང་མིག་ལམ་དུ་བཤམ་བཞིན་པ་ནི་སྤེན་པ་ཚེ་རིང་གིས་གཞོན་ལྷན་དཀྲུགས་སོང་ཟེར་བ་འདི་ཡིན་མོད། ཁུངས་མི་རག་པའི་སྐད་ཆ་འདི་ཙམ་ནི་གཏམ་འཆལ་ཞིག་ལོས་སྙམ་པ་བྱུང་མོད། ད་རེས་ཀྱི་སྐུ་ངོའི་གསུང་སྟངས་དང་ཁོག་རྒྱ་དེ་ལས་རང་བཙན་འཐབ་རྩོད་མཁན་ཚོ་ནི་ཁོ་པའི་མིག་ནང་གི་ཚེར་མ་ཞིག་ཡིན་འདུག་པ་ཤེས་པས་གཞོན་ལྷན་དཀྲུགས་པ་ཟེར་བའི་སྐད་ཆ་དེ་གཞི་འཛིན་ས་མེད་པའི་གཏམ་འཆལ་ཞིག་མི་ཚོད་གདའ།

གཅིག་ཏུ་བྱས་ན་ཁོས་རང་ཉིད་༸གོང་ས་མཆོག་ལ་ལྡོག་མི་ཐུབ་པའི་དད་སེམས་དང་དབུ་ལམ་ལ་སྙིང་ནས་དགའ་མཁན་ཞིག་ཡིན་ཚུལ་བསྟན་པའི་སྒྲུབ་བྱེད་བཙན་པོ་ཞིག་ཡིན་ཁུལ་མི་འགྲོ། འདི་ལྟར་བྱས་ན་སེ་རའི་གྲྭ་པ་ཚོ་བློ་སེམས་བཀུག་ནས་འོས་ཤོག་ཐོབ་ཐུབ་བསམ་པ་ལོས་ཡིན། འོན་ཀྱང་ངེད་ཅག་སེ་རའི་གྲྭ་པ་ཚོ་བློ་མིག་དོག་དྲགས་ནས་ཀླུ་མཁར་བྱམས་མི་ཤོང་བ་ཞིག་མིན་ལ། དད་སེམས་ཆེ་དྲགས་ནས་རང་བཙན་འཐབ་རྩོད་པ་ཚོ་དགྲ་བོ་ལྟ་བུ་ཞིག་ལ་ཆ་འཇོག་བྱེད་ཀྱིན་མེད། ངེད་ཅག་གི་ཁོག་རྒྱ་དང་དད་སེམས་དེ་སྐུ་ངོས་རྒྱུས་མ་ལེན་པ་འདྲ། སྐུ་ངོས་རྩིས་རྒྱག་སྟངས་ཧ་ཅང་དམའ་དྲགས་པ་རེད། མོལ་འདེབས་ཚུལ་ཤིན་ཏུ་ནོར་སོང་བ་རེད། ངོ་མ་ཡིན། ཧ་ཅང་ཐལ་སོང་།
2015-8-27

2015/08/25

སྲིད་སྐྱོང་སེངྒེ་ལ་སྐྱོན་འཛུགས་དང་དེའི་རྒྱབ་ཀྱི་གསང་བ་ཆེན་པོ་གཉིས།

མང་གཙོའི་བརྒྱུད་རིམ་གྱི་ལམ་ནས་བཀའ་ཁྲིའི་འགྲན་རྩོད་ཁྲོད་བཀའ་ཁྲི་འོས་མི་སོ་སོར་བསྙོན་འཛུགས་ཀྱི་སྐད་ཆ་དང་དངོས་དོན་གྱི་ལབ་གླེང་མི་ཉུང་བ་རེ་བྱུང་ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་རྫོགས་རྒྱུ་མེད་པའི་གཏམ་གླེང་རིང་མོ་ཞིག་ཏུ་འཐིམ་མགོ་བཙུགས་པ་རེད། འདི་ནི་ཕྱི་ལོ་༢༠༡༡ལོའི་བཀའ་ཁྲིའི་འགྲན་རྩོད་ཁྲོད་ཆེས་འཁྲུག་ཆ་དོད་པའི་ལབ་གླེང་ཁ་ཕྱེ་ཞིང་ཁྱེད་ཤི་ང་གསོན་གྱི་གཡུལ་འགྱེད་ཅིག་འབྱུང་སྲིད་སྙམ་པའི་འཇིགས་སྐྲགས་རེའང་རིམ་བཞིན་བྱུང་མྱོང་བའི་ལོ་དུས་དེ་ཡིན།

སྐབས་དེར་བཀའ་ཁྲིའི་འགྲན་རྩོད་ཁྲོད་གཡུལ་ལས་རྣམ་པ་རྒྱལ་བ་ནི་བློ་སེངྒེ་ཡིན་ན་ཁོང་གིས་སྐྱེས་སྦྱོང་ཤེས་རབ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁ་ཐད་ཀྱི་འགྲན་རྩོད་པ་ཕམ་ཉེས་དང་མི་མང་བློ་འགུག་ཡིད་ཐད་བྱེད་པའི་ནུས་སྟོབས་ཤིག་སྐྲུན་ཏེ་བཀའ་ཁྲིའི་ཞབས་བསྟེགས་ལ་འཁོད་ཐུབ་པ་བྱུང་ཡོང་ཅིང་། ད་རེས་ཀྱི་འགྲན་རྩོད་ནང་དུའང་ཁོང་གིས་སྔར་ནས་ལྷག་པའི་སྟོབས་ཤུགས་སྤྱད་ནས་ཁ་ཐད་ཚོ་རིམ་བཞིན་ཕམ་ཉེས་གཏང་རྒྱུ་ནི་ད་ལྟ་ནས་སྔོན་དཔག་ཐུབ་པ་ཞིག་ཡིན་ལ། ཁོང་ལ་འགྲན་ཐུབ་པའི་ད་ཡོད་སྲིད་སྐྱོང་འོས་མི་སུ་ཞིག་ཀྱང་སླེབས་ཐུབ་མེད་པས་ཁོང་གིས་བདེ་བླག་ངང་སླར་ཡང་སྲིད་སྐྱོང་གི་གདན་ཐོབ་དེ་ལེན་རྒྱུ་རེད།

དེ་སྔར་བློ་སེང་གིས་བཀའ་ཁྲིའི་འགྲན་རྩོད་ནང་དུ་ཕམ་ཉེས་ཆེན་པོ་བཏང་ཡོད་པ་ནི་བཀྲས་མཐོང་ཡིན་ལ། འདི་ནི་བཀྲས་མཐོང་ལ་མཚོན་ན་ཕམ་ཉེས་ཙམ་ཞིག་གཏན་ནས་མ་ཡིན་པར་ཁོང་ལ་སྐྱོན་འཛུགས་ཀྱི་སྐད་ཆ་དག་བདེན་དཔང་དུ་སོང་བ་ལྟ་བུ་ཞིག་ཏུ་གྱུར་ནས་ཁོང་ཉིད་ངོ་ཚ་ཁ་སྐྱེངས་བྱུང་ཡོད་པ་ནི་བཤད་མི་དགོས་པ་ཞིག་ཏུ་གྱུར་ཡོད། སྔོན་འགྲོ་དང་དངོས་གཞི་འོས་འདེམས་གྲངས་ཐོའི་ཁྱད་པ་གནམ་ས་ལྟ་བུ་ཤོར་བའི་གནས་སྟངས་ལས་མི་མང་གིས་བཀྲས་མཐོང་ལ་ཡིད་ཆོས་དང་དགའ་མོས་བྱེད་ཀྱིན་མེད་པར་མཚོན་པས་འདི་ནི་ཁོང་ཉིད་ལ་མཚོན་ན་བསབ་པར་དཀའ་བའི་ཕམ་ཁ་ཞིག་དང་ནན་མི་ཆོག་པའི་ན་ཟུག་ཤིག་ཡིན།

འགྲན་རྩོད་བརྒྱུད་རིམ་ནང་དུ་བློ་སེང་ལ་སྐྱོན་འཛུགས་མང་པོ་བྱུང་ཡོད་ཅིང་ལྐོག་གཡོ་གསང་ཐབས་ཀྱིས་དམག་འཁྲུགས་རེའང་རྒྱག་ཡོད་པ་ནི་ཧ་ཅང་གསལ་པོར་གྱུར་ཡོད། སྐྱོན་འཛུགས་དང་ལྐོག་གཡོ་རེ་འགའ་ནི་ཆེས་སྤྱི་བཏང་ཞིག་གཏན་ནས་མ་ཡིན་པར་མི་ཆེན་དང་དཔོན་ཆེན་ཚོའི་ཐབས་ཇུས་དང་འབྲེལ་བ་ཡོད་ལ་སྐད་ཆ་རེ་འགའ་ནི་མི་མང་སྤྱི་བྱིང་ཚོས་གཏན་ནས་དོགས་པ་གླེང་སློང་མི་ཐུབ་པའི་རིགས་ཡིན་ལ་དེའི་ནང་ནས་བློ་སེང་རྒྱ་ནག་ལ་སོང་བའི་སྐྱོན་འཛུགས། དོལ་ཚོགས་དང་འབྲེལ་ཡོད་ཚུལ། སྐྱབས་བཅོལ་ལག་དེབ་མེད་ལུགས། སློབ་ཆེན་ནང་གཏན་འཇགས་ལས་ཀ་མེད་རབས། དེབ་ལྗང་ཁུའི་སྐོར་སོགས་ཡིན། འོན་ཀྱང་ཁོང་ཉིད་ཀྱིས་དེ་དག་ལ་རེ་རེ་བཞིན་ལན་འདེབས་དང་དཔང་པོ་གསལ་ཁ་འཕེར་བར་བྱས་ཡོད་པའི་བརྒྱུད་རིམ་ནང་དུ་ཁོང་ལ་མི་མང་ཚོས་སྔ་ལས་ཀྱང་ཧང་སང་ཞིང་དགའ་མོས་དང་། མངོན་ལྐོག་གི་འཐབ་ཇུས་དེ་ཚོས་བཀྲས་མཐོང་སྔ་ལས་ཀྱང་ནུས་མེད་དུ་བཏང་ཡོད། ཐབས་ཇུས་དེ་ཚོའི་ཇུས་འགོད་པ་བཀྲས་མཐོང་ཡིན་ཚེ་རང་གིས་རང་གསོད་པ་གཉིས་སུ་ག་ལ་ཡོད།

ད་ལོའི་སྲིད་སྐྱོང་འོས་འགྲན་སླེབས་ལ་ཉེ་བའི་སྐབས་རང་དུ་མུ་ར་མོ་ཧེན་ཟེར་བའི་ཨ་རི་བུད་མེད་དེས་སླར་ཡང་བློ་སེང་ལ་སྐྱོན་འཛུགས་ཀྱི་རྩོམ་ཡིག་ཅིག་བྲིས་ཏེ་དྲ་ལམ་དུ་སྤེལ་བས་བཙན་བྱོལ་སྤྱི་ཚོགས་ཀྱི་ཁ་ཁོམ་པ་ཅན་ཡོད་ཚད་ལ་གཏམ་གསར་པ་ཞིག་བཤད་རྒྱུ་རྙེད་ཡོད། སྐྱོན་འཛུགས་དེ་དག་གི་ནང་དུ་སྐད་ཆ་རེ་འགའ་ནི་སྲང་ལམ་ནས་རྙེད་ཐུབ་པ་ཞིག་མ་ཡིན་པར་མཐོ་རིམ་མི་སྣ་དང་གནད་ཡོད་རེ་ཟུང་གི་ལག་ནས་ཐོབ་པ་ནི་ཧ་ཅང་གསལ་པོ་རེད། ཨ་རི་བུད་མེད་དེའི་རྒྱབ་ཀྱི་མི་སྣ་གཅིག་ནི་བཀྲས་མཐོང་ཡིན་ལ་ད་དུང་རེ་འགའ་ཡོད་པ་ནི་གཤམ་ནས་བཤད་ཆོག

བུད་མེད་དེས་ད་ལན་ཙམ་མ་ཡིན་པར་བློ་སེང་སྒེར་ལ་དམིགས་པའི་རྩོམ་ཡིག་ཐེངས་འགའ་བྲིས་ཡོད། ཁོང་གིས་བློ་སེང་ལ་སྡང་ཟུག་དེ་འདྲ་བྱེད་དགོས་དོན་ནི་ཧ་ཅང་གསལ་ཏེ་ཁོ་མོ་དང་བཀྲས་མཐོང་སྒེར་གྱི་འབྲེལ་བ་ཟབ་ལ་མོའི་ཨ་ཕ་དང་བཀྲས་མཐོང་འབྲེལ་བ་ཡོད་པ་ནས་འགོ་འཛུགས་ཀྱིས་ཁོ་ཚོའི་ཁྱིམ་ཚང་གཉིས་པོ་འབྲེལ་བ་ཟབ་མོར་ཆགས་ཡོད། བཀྲས་མཐོང་ཨེ་ཤ་ཡ་རླུང་འཕྲིན་ཁང་གི་འགོ་འཛིན་དུ་ཇི་ལྟར་སླེབས་པ་དང་བུད་མེད་དེས་བློ་སེང་སྒེར་ལ་དམིགས་པའི་རྩོམ་ཡིག་འབྲི་དགོས་དོན། རྩོམ་ཡིག་བདུན་ཙམ་བྲིས་པ་དེ་ཚོ་བློ་སེང་ཁྲི་ལ་འཁོད་རྗེས་གསར་དུ་བྱུང་སྟངས། མོའི་སྐད་ཆ་དང་དཔང་རྟགས་རེ་འགའ་མཐོ་རིམ་མི་སྣའི་ལག་ནས་བྱུང་ཚུལ་སོགས་ཕྱོགས་ཡོངས་ནས་དཔྱད་ཞིབ་ནན་ཏན་བྱས་ཚེ་ཧ་ཅང་གསལ་པོ་ཆགས་པ་ནི་བུད་མེད་དེ་ཁ་ཙམ་ལས་དེའི་རྒྱབ་ལ་གསང་བའི་མི་ཞིག་ཡོད་པ་རྟོགས་ཐུབ་ཅིང་། ལྐོག་ཇུས་འཐེན་པའི་གསང་བའི་མི་དེ་ནི་གཞན་ཞིག་མིན་པར་བཀྲས་མཐོང་ཡིན་པར་གསལ་པོ་རེད།

ཨ་རིའི་དོན་གཅོད་འཕོ་འགྱུར་གྱིས་སྐལ་རྡོ་ལགས་དོན་གཅོད་གསར་པར་བསྐོ་བཞག་བྱས་པ་ནི་བློ་སེང་གིས་ཐབས་ཇུས་གསར་པ་ཞིག་ཡིན་ལ་ད་དུང་དོན་གཅོད་ཁང་ཝ་ཤིན་ཊོན་དུ་གནས་སྤོ་བྱས་པ་དེའང་མི་སྣ་རེ་འགའི་ཤུགས་རྐྱེན་གཅོག་ཐབས་ཤིག་ཡིན། ནིའུ་ཡོཀ་བོད་ཀྱི་དོན་གཅོད་ཁང་དང་བོད་ཀྱི་ཐེབས་རྩ་སོགས་ཚང་མ་རྒྱ་རི་རིན་པོ་ཆེ་དང་མི་ཆེན་རེ་འགའི་སྟངས་འཛིན་འོག་ཡོད་ལ་ཁོ་ཚོའི་བློ་ལ་མ་བབ་པར་གང་བྱུང་ལས་དོན་རྩོམ་མི་ཐུབ་པ་ནི་བཤད་ཅི་དགོས། ཡག་པོ་མ་བྱུང་ཚེ་དོན་གཅོད་ཁང་དང་ཐེབས་རྩ་ཁང་འདི་ཚོ་རྒྱ་རི་དང་མི་སྣ་རེ་ཟུང་གིས་ལག་པར་ཉར་ནས་ཆབ་སྲིད་ཁྲོད་ཁེ་ཕན་ལེན་པ་དང་ཁ་ཐད་ཕམ་ཉེས་སུ་གཏོང་བའི་ལག་ཆ་ཞིག་ཏུ་བཟོ་སྲིད་པ་རེད།

མུ་ར་མོ་ཧེན་གྱི་སྐད་ཆའི་ནང་གི་བདེན་དཔང་རེ་འགའ་ནི་རྒྱ་རི་ཚང་གི་ལག་ནས་སླེབས་པ་གསལ་པོ་ཡིན་ལ་རྒྱ་རིས་མོ་ལ་བདེན་དཔང་སྤྲོད་དོན་ནི་རྒྱུ་མཚན་གཉིས་དང་འབྲེལ་བ་ཡོད། དང་པོ་ནི་བཀྲས་མཐོང་ཚང་དང་རྒྱ་རི་ཚང་དབར་མཐོ་རིམ་སྐུ་དྲག་གི་གནས་བབ་དང་ཕན་ཚུན་ཁྱིམ་ཚང་གི་འབྲེལ་བ་ཟབ་ལ་ཁོ་གཉིས་དང་བློ་བཟང་སྙན་གྲགས་སོགས་བོད་ཀྱི་ཐེབས་རྩའི་ནང་དུ་རྐང་པ་འཛུགས་མཁན་ཆ་ཡིན་པས་རྒྱ་རིས་ལྐོག་ནས་བཀྲས་མཐོང་ལ་རྒྱབ་སྐྱོར་དང་བློ་སེང་ཕམ་ཉེས་གཏོང་ཐབས་བྱས་ཡོད། ད་དུང་རྒྱ་རིས་བློ་སེང་ཁྲི་ལ་འཁོད་རྗེས་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ནས་དགོངས་པ་ཞུས་ཏེ་རྣམ་འགྱུར་རྩུབ་པོ་ཞིག་བསྟན་ཡོད་ལ། འདིས་ནི་བློ་སེང་གི་སྲིད་སྐྱོང་དུས་ཡུན་ནང་དུ་ཁོས་ནུས་པ་འདོན་འདོད་མེད་པ་ཙམ་མིན་པར་བློ་སེང་གིས་བོད་རྒྱ་འབྲེལ་མོལ་བྱེད་རྒྱུར་འགོག་རྐྱེན་བཟོ་ཐབས་རང་ཡིན། བློ་སེང་གིས་ཀྱང་རྒྱ་རིའི་ལྐོག་གཡོ་དང་བོད་ཀྱི་དོན་གཅོད་ཁང་དང་དེའི་ལས་དོན་ཁག་ལ་སྲིང་བའི་ཤུགས་རྐྱེན་དེ་ཚོ་རང་གིས་ནུས་པ་འདོན་རྒྱུ་ལ་བཀག་རྡོ་ཞིག་ཡིན་པར་སྔོན་ནས་ཤེས་རྟོགས་ཡོད་པས་རྒྱ་རིའི་དགོངས་ཞུ་ལ་དེ་ཙམ་ཨུ་ཚུགས་མ་བྱས་པར་དགོངས་པ་གནང་ཡོད་པ་ནི་བློ་སེང་གིས་རྒྱ་རི་ལ་བསྟན་པའི་ཡ་ལན་རྣམ་འགྱུར་དེ་ཡིན།

ད་རུང་བློ་སེང་གིས་རྣམ་འགྱུར་ཞིག་སྟོན་ཡོད་པ་ནི། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་བོད་ཀྱི་ཐེབས་རྩའི་འགན་འཛིན་ཆགས་རྒྱུ་ཡིན་པའི་ཉིན་མོ་སྟེ་ཟླ་༩ ཚེས་གཅིག་ཉིན་ཏག་ཏག་ལ་དོན་གཅོད་གསར་པ་དབུ་དཀར་ཚང་སྐལ་རྡོ་ལགས་ཀྱིས་ལས་ཀ་དངོས་སུ་དབུ་འཛུགས་བྱེད་རྒྱུ་ཡིན་པའི་གསར་འགྱུར་ཐོན་པ་དེ་རེད།
གཉིས་པ་རྒྱ་རི་ཚང་ལ་བློ་སེང་གིས་དགོངས་པ་གནང་བའི་རྣམ་འགྱུར་ཙམ་མ་ཟད་རྒྱ་རིས་དབང་དུ་བསྡུ་མ་ཐུབ་པའི་སྐལ་རྡོ་དོན་གཅོད་དུ་བསྐོ་བཞག་བྱས་ནས་རྒྱ་རིའི་གཡོན་ལག་དོན་གཅོད་ཁང་དུ་སྲིང་རྒྱུ་སྟབས་བདེ་མེད་པར་བྱས་ཡོད། ད་དུང་དོན་གཅོད་ཁང་གནས་སྤོ་དང་བོད་དོན་ལས་འགུལ་ཁང་དང་ལས་དོན་མཉམ་སྤེལ་བྱས་ཏེ་རྒྱ་རིའི་གཡས་ལག་དེ་ཡང་རྐྱོང་ཐབས་མེད་པར་གནང་རྗེས་རྒྱ་རིས་ནེའུ་ཡོཀ་ནས་ཝ་ཤིན་ཊོན་ལ་རྒྱང་ལྟ་རེ་བྱས་ནས་དབུགས་རིང་གཏོང་རྒྱུ་ལས་ཐབས་མེད་པའི་གནས་སུ་བསྐྱལ་ཡོད། དེར་བརྟེན་རྒྱ་རིས་མུ་ར་མོ་ཧེན་ལ་བདེན་དཔང་སྤྲད་ནས་རང་གི་སྙིང་ནད་དེ་སེལ་ཐབས་ཀྱི་ལྐོག་གཡོ་ཞིག་སྤེལ་ཡོད་མོད། ལམ་ལྷོང་ཡོང་མིན་ད་དུང་གསལ་པོར་མི་ཤེས་ལ་ཅུང་ངང་སྒུག་བྱོས་དང་འཁྲབ་སྟོན་གྱི་ལེའུ་གསར་པ་ཞིག་གང་མགྱོག་འགོ་འཛུགས་ཡོང་ངེས་རེད།

 2015/8/24

སེར་བྱེས་རིག་མཛོད་ཆེན་མོ་དང་བདག་གི་བསམ་ཚུལ།


ཆེས་གུས་པར་འོས་པའི་གྲོས་ཚོགས་འཐུས་མི་དང་ཕྱག་མཛོད་རྣམ་པ་དེ་བཞིན་རིག་མཛོད་རྩོམ་སྒྲིག་པ་ཚོས་གྲོས་གཞི་གསར་འདོན་དང་གྲོས་ཐག་ལེགས་བཅད། དེ་བཞིན་ངལ་བ་ཁྱད་གསོད་དང་རྒྱུ་དངོས་ཕོན་ཆེར་བཏང་གནང་གིས་སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་ལེགས་གྲུབ་ཀྱིས་ཤར་གཏོང་ཐུབ་པ་ནི་ཧ་ཅང་དགའ་འོས་པ་ཞིག་དང་འཚམས་འདྲིའི་ཁ་གཡང་རིང་མོ་ཅི་ནས་ཀྱང་གྱེར་དགོས་པའི་གནས་ཚུལ་ཞིག་ལགས།

ད་རེས་གུས་པས་དྲ་ཚིགས་ཁྱོན་ཡོངས་སུ་ཞིབ་ལྟ་བྱས་ལ་ཚན་པ་དགར་སྟངས་དང་རིགས་ཚན་དབྱེ་ཚུལ། ནང་དོན་འདུས་འཚབ། སྙིང་དོར་བཅུད་ལེན་བྱེད་པ་བཅས་ལ་དོ་སྣང་ལྷག་པར་བྱས་ཡོད།

སྤྱི་ན་དེ་རིང་ཁ་སང་བོད་ཡིག་གི་དྲ་ཚིགས་མང་ལ་རང་རང་ལ་ཐུན་མིན་གྱི་ཁྱད་ཆོས་འཛོམས་པའི་གཞུང་སྒེར་དྲ་ཚིགས་ཀྱང་ཉུང་ཉུང་མིན། དེས་སྟབས་ཀྱིས་དྲ་ཚིགས་མང་པོ་ཞིག་བསྐྱར་ཟློས་དང་ལད་ཟློས། རྣམ་པ་གཅིག་རྐྱང་ཅན་དུ་གྱུར་ཏེ་ཀློག་པ་པོ་ལ་དྲ་ཚིགས་མང་པོ་ཞིག་ལ་དྲ་ཉུལ་བྱེད་པའི་འདོད་བློ་མེད་པར་གྱུར་ཅིང་། རྒྱུན་དུ་ལྟ་ཀློག་དགོས་པའི་དྲ་ཚིགས་ལྔ་ཙམ་ལས་མེད་པར་གྱུར་ཡོད་ལ་ལྔ་པོ་དེར་བལྟས་ན་གཞན་ཐམས་ཅད་ལ་བལྟས་པ་དང་གཅིག་ཏུ་སོང་བ་འདྲ་ཞིག་ཆགས་ཡོད། དེར་བརྟེན་དྲ་ཚིགས་བཟོ་བའི་འཆར་འགོད་ནི་ཐུན་མིན་གྱི་ཁྱད་ཆོས་དང་གསར་སྤེལ་གྱི་ནུས་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་ལ། རྒྱུན་གནས་དང་དར་སྤེལ། འཕེལ་རྒྱས་དང་གནད་འདུས་ཡོད་དགོས་པའང་འདོར་ཐབས་མེད་པ་ཞིག་ཡིན།
གོང་གི་གནད་དོན་འདི་དག་གཞི་བཞག་ཐོག་ནས་གླེང་ན་སེར་བྱེས་རིག་མཛོད་ཆེན་མོ་ལ་འདོར་ལེན་བྱེད་དགོས་པའི་གནད་དོན་རེ་གཉིས་འདུག 

དྲ་ཚིགས་འདིའི་ཁྱད་ཆོས་དམིགས་བསལ་བ་ནི་འཕྲུལ་དེབ་ཕབ་ལེན་དང་འཆད་ཁྲིད་ཉན་ཕབ་བྱེད་ཐུབ་པ་འདི་གཉིས་ཡིན་འདུག་པ་མཐོང་ལ། ད་དུང་གཅིག་འཇོག་དགོས་ན་རང་རེའི་གྲྭ་ཚང་གི་སྣོད་བཅུད་གཉིས་ཀ་ངོ་སྤྲོད་བྱེད་ཐབས་དེ་ཡིན་འདུག ཕྱོགས་གཅིག་ནས་འཕྲུལ་དེབ་ཕབ་ལེན་བྱ་སའི་དྲ་ཚིགས་ཡག་པོ་རེ་གཉིས་དེ་སྔ་ནས་ཡོད་ལ་དེ་དག་དང་མཚུངས་བསྡུར་བྱེད་ན་རིག་མཛོད་འདི་ཉིད་ཀྱིས་ཆེད་དུ་གཉེར་ས་དེ་ནི་གཞུང་ཆེན་དང་བཀའ་བསྟན་འཕྲུལ་དེབ་ཏུ་བསྒྲིགས་ནས་མཁོ་འདོན་བྱ་ས་ཞིག་གི་འཆར་གཞི་ཡོད་འདུག་བསམ་པ་ཞིག་གདའ། གང་ལྟར་ཡང་གཞན་ཞིག་གི་དྲ་ངོས་སུ་ཡོད་པའི་དེང་རྩོམ་ཟེར་བ་དེ་ཚོ་ནི་འཕྲུལ་དེབ་ཏུ་སྒྲིག་པ་ནི་ངལ་བ་དང་དུས་ཚོད་འགྲོ་བའི་རྒྱུ་ཙམ་ལས་དགོས་པ་དེ་ཙམ་མེད་ལ། དྲ་ཚིགས་ཀྱི་ཁ་དོག་ལའང་མི་མཛའ་བསམ། གདན་ས་ཆེན་པོ་ཞིག་གི་དྲ་ཚིགས་ཡིན་ན་དེ་མཚུངས་ཀྱི་ཁ་དོག་ཅིག་ཡོད་དགོས་ལ་<འདོད་པའི་བསྟན་བཅོས>དང་<བརྩེ་དུང་གི་མིག་ཆུ།> <ཆུ་ངོགས་གཏམ་རྒྱུད།>ལྟ་བུ་འཇིག་རྟེན་འཚོ་བ་སྙིང་དུ་བཟུང་བའི་དེབ་གཟུགས་དེ་དག་དྲ་ངོས་སུ་འཇོག་ན་འོས་འཚམ་ཞིག་གཏན་ནས་མིན་སྙམ་དང་། མདོར་ན་རང་རེའི་གྲྭ་ཚང་དང་རང་རེའི་ནང་བསྟན་ལ་འབྲེལ་གཏན་ནས་མེད་པའི་གནས་ཚུལ་དག་གསར་འབྲི་དང་བརྒྱུད་འགོད་གཏན་ནས་མ་གནང་རོགས། གདན་སའི་ཁ་དོག་གཙང་མ་ཞིག་གི་རྣམ་པ་གསལ་པོ་ཞིག་ཐོན་ཐབས་གནང་རོགས། མང་པོ་ཞིག་གིས་སྣ་འཛོམས་ཟེར་བཞིན་དགོས་མི་དགོས་དང་རང་རེ་གྲྭ་བཙུན་དག་ལ་འབྲེལ་མེད་པའམ་ནམ་ཡང་མི་རན་པའི་གནས་ཚུལ་འགོད་ཐབས་དང་རྒྱུ་ཆ་འཚོལ་སྒྲུབ་བྱས་ཏེ་ཡ་མ་གཟུགས་ཀྱི་རྣམ་འགྱུར་མཚར་པོ་རེ་སྟོན་བཞིན་པའང་ཆེས་མང་བས་ངས་ནི་འདི་དག་ལ་དོན་སྙིང་ཅི་ཡང་མི་འདུག་སྙམ།

འཆད་ཁྲིད་ཉན་ཕབ་བྱེད་ཐུབ་པའི་ཚན་པ་འདི་ནི་ཆེས་དམིགས་བསལ་གྱི་ཚན་པ་ཧ་ཅང་ཡག་པོ་བཟོས་འདུག་ལ་འདིས་སྤྱི་ཚོགས་སུ་ཕན་ཐོགས་མི་ཉུང་བ་ཞིག་སྐྲུན་ཐུབ་པའི་ཡིད་ཆེས་དང་རེ་བ་བྱེད་ཆོག་པ་འདུག

འོན་ཀྱང་གནད་དོན་ཞིག་ཡོད་པ་ནི་རང་རེའི་དཔེ་ཁྲིད་དགེ་རྒན་དག་གི་འཆད་ཁྲིད་རེ་གཉིས་ཙམ་མ་གཏོགས་རྒན་ཕྲུག་དག་གི་མོས་ཁམས་དང་བསྟུན་ནས་འཐད་ཀ་འཐད་ཀའི་ཚིག་དོན་གཞི་བཟུང་གིས་ཁྲིད་པ་ལས་མཁས་པའི་འཆད་ཁྲིད་བྱེད་ཐབས་གནང་མེད་སྟབས། ཆ་མི་ཚང་བ་དང་འཆད་ཐབས་མི་ལེགས་པ། བསྐྱར་ཟློས་མང་ཞིང་འཕྲོས་བཤད་རྒྱས་པ། གནད་མི་ཟིན་ཞིང་གཞུང་ཁོགས་ལེན་དཀའ་བ་སོགས་ཀྱི་སྐྱོན་ཆ་ཡོད། སྔ་ལོ་སྔ་ལོ་ཞིག་ཏུ་ཝཱ་ཎ་མཐོ་སློབ་གྱི་སློབ་ཕྲུག་ཚོས་རང་རེའི་འཆད་ཁྲིད་དག་ཉན་ཀྱི་ཡོད་ཚོད་འདུག་པས་ཁོ་ཚོས་གདན་སའི་འཆད་ཁྲིད་དག་ཆོ་མི་འདུག གདན་ས་ན་དཔེ་ཁྲིད་དགེ་རྒན་ཡག་པོ་མེད་འདུག་ཅེས་བཤད་འདུག་པ་ཐོས་རྒྱུ་འདུག འདིའི་མཚོན་ནས་འཆད་ཁྲིད་ཚད་ལྡན་མ་བྱས་པར་དེ་སྔ་བཞིན་འོད་སྡེར་ནང་བཅུག་པ་དང་དྲ་ངོས་སུ་བཞག་ན་བོད་ཕྱི་ནང་གི་སློབ་གཉེར་མང་པོ་ཞིག་གི་མིང་ནང་དུ་རང་རེའི་གདན་ས་དང་དཔེ་ཁྲིད་དགེ་རྒན་དག་གི་རིན་ཐང་ཇེ་ཆུང་དང་གླེང་རྙོག་སྐྱོ་པོ་རེ་བྱུང་ན་ཡག་པོ་མེད། དེར་བརྟེན། རྣམ་པ་ཚོས་འཆར་གཞི་གསར་འདོན་དང་བྱེད་ཐབས་གསར་པ་བཀོལ་ཏེ་འཆད་ཁྲིད་ཚད་ལྡན་ཞིག་ཏུ་འགྱུར་ཐབས་གནང་རྗེས་དྲ་ངོས་སུ་འཇོག་ན་སྤྱི་སྒེར་ཀུན་ལ་ཕན་ངེས་སྙམ།

དྲ་ཚིགས་པར་གཞི་ནི་ཅུང་གུ་དོག་པའི་རྣམ་པ་ཞིག་འདུག་ལ་ཁ་པར་ནང་དུ་གྲ་མཉམ་མིན་པ་དང་ཚིག་བཅད་བཏུབ་སོང་བ་སོགས་ཀྱི་སྐྱོན་ཆ་རེ་གཉིས་འདུག་པས་དེ་དག་རིམ་བཞིན་ལེགས་སྒྲིག་བྱེད་རྒྱུ་དང་། དྲ་ངོས་ཀྱི་པར་གཞི་ཡང་དུ་གཏོང་བ། ཁ་འབྱེད་རྒྱུ་སྟབས་བདེ་བྱེད་པ། དྲ་ཚིགས་ཅུང་སྐད་དུ་གྲགས་པ་དག་གི་ངོས་སུ་མཛའ་འབྲེལ་འཇོག་ཐབས་དང་། ངོ་དེབ་སོགས་སུ་བརྒྱུད་འགོད་ཀྱིས་དྲ་ཚིགས་ལྟ་ཀློག་དང་འཁོར་རྒྱུག་གི་ཁྱབ་ཁོངས་ཇེ་ཆེར་གཏོང་ཐབས། རང་རེའི་གྲྭ་མང་ཚོས་རྒྱུན་དུ་གྲྭ་ཚང་གི་བྱེད་སྒོ་དང་གསལ་བསྒྲགས། གྲྭ་ཚང་འབྲེལ་བའི་གསར་འགྱུར་རིགས་དགོས་མཁོ་བྱུང་དུས་དྲ་ཚིགས་འདི་ནས་རྙེད་ཐབས་ཡོང་བ་དང་། 
གྲྭ་མང་ཚོས་རྩོམ་ཡིག་གསར་དུ་སྤེལ་ས་ཚན་པ་གསར་པ་རེ་བཟོ་ཐུབ་པ་སོགས་ཐབས་ཇུས་རེ་གཉིས་ཁ་སྣོན་བྱེད་ཐུབ་ན་དགེ་མཚན་མི་ཉུང་བ་ཞིག་ཡོད། ལྷག་པར་དུ་དྲ་བའི་དོ་དམ་པ་གཏན་འཇག་ཅིག་ཡོད་ཐོག་བོད་ཀྱི་སྐད་ཡིག་ལ་མཁྱེན་རྒྱ་ལྡན་ཞིང་རྩོམ་རིག་ལ་མི་རྨོངས་པ་ཞིག་ངེས་པར་དགོས་གལ་ཆེའོ།།

མདང་ནུབ་དྲ་ཚིགས་ལ་བསྐྱར་བལྟ་ཞིག་བྱེད་དགོས་བསམ་བཞིན་དྲ་ཚིགས་ལ་འཇུག་མོད་གཏན་ནས་ཁ་འབྱེད་མ་ཐུབ། ད་ནང་ཡང་སྔ་བཞིན་རེད་འདུག་པས་གཞན་ལ་སྐད་ཆ་དྲིས་སྐབས་ཁོ་ཚོའི་ཁ་པར་ལས་ཀྱང་ཁ་འབྱེད་ཐུབ་ཀྱི་མི་འདུག་ཟེར། དྲ་བའི་ཤུགས་ཚད3Gཐོག་ནས་ཁ་འབྱེད་མ་ཐུབ་ན་ནི་དྲ་ཚིགས་ལྟ་ཀློག་ལ་ཚད་བཀག་ཆེ་པོར་ཐེབས་རྒྱུ་ཡིན་པ་ནི་བཤད་མི་དགོས་ལ། དེང་སྐབས་ཁ་པར་ལས་གློག་ཀླད་དང་དྲ་སྐུད་འཐེན་མཁན་རེ་གཉིས་ཙམ་ལས་མེད་པས་དྲ་ཚིགས་འདི་ལ་འཇུག་པའི་ཐབས་ལམ་ནི་ཧ་ཅང་མགོ་རྙོག་ཏུ་སོང་ཡོད། རིག་མཛོད་གྱི་དྲ་ངོས་ཀྱི་ཁ་འབྱེད་མགྱོག་ཚད་Google PegeSpeed ནས་ཚོད་ལྟ་བྱས་པའི་འབྲས་བུ་ཧང་སོང་དགོས་པ་བྱུང་སྟེ། གློག་ཀླད་ལས18/100%ཁ་པར་ལས22/100%ཙམ་ལས་ལོན་མི་འདུག འདི་ནི་དྲ་ཚིགས་ཤིག་གི་སྐྱོན་ཆ་ཆེ་ཤོས་དེ་ཡིན་ལ་ཟྭ་བཙན་པོ་རྒྱག་པའི་སྒོ་ཆེན་ཞིག་ནས་ནང་དུ་འགྲོ་རྒྱུ་ནི་ཆེས་དཀའ་བ་མ་ཡིན་ནམ། 
ང་ཚོས་དྲ་ཚིགས་རེ་གཉིས་ཀྱི་ཁ་འབྱེད་མགྱོག་ཚད་ལ་ཐེངས་གཅིག་བལྟ། དུས་བབ། ཁ་པར།70/100% གློག་ཀླད།80/100% བོད་མིའི་སྒྲིག་འཛུགས། ཁ་པར།50/100% གློག་ཀླད།59/100% གློག་རྡུལ་འཕྲུལ་དེབ། ཁ་པར།51/100% གློག་ཀླད།65/100% ཨ་རི་རླུང་འཕྲིན། ཁ་པར།57/100% གློག་ཀླད།69/100 དྲ་ཚིགས་འདི་དག་ལ་བལྟས་ནས་སེར་བྱེས་རིག་མཛོད་ཁ་འབྱེད་དཀའ་བའམ་ཁ་པར་ནས་ཁ་འབྱེད་མི་ཐུབ་པའི་གནད་དོན་གསལ་པོ་ཆགས་ཡོད། ཁྱེད་ཚོས་ཞིབ་འཇུག་གིས་དྲ་ངོས་ཡང་དུ་གཏོང་དགོས།

ད་དུང་དྲ་ངོས་མཛའ་འབྲེལ་དུ་གྲྭ་ཚང་གི་འབྲེལ་ཡོད་དྲ་ཚིགས་དང་གྲྭ་མང་སྒེར་གྱི་དྲ་ཚིགས་དང་ཟིན་བྲིས་དག་འཇོག་ཐུབ་ན་ཕན་ཚུན་རོགས་རམ་དང་དྲ་ཚིགས་འདི་ཉིད་དུའང་འཇུག་མཁན་མང་དུ་འགྲོ་བའི་ཕན་པ་ཡོད། ཁྱེད་ཚོའི་དྲ་ངོས་མཛའ་འབྲེལ་ཐོག་ཏུ་<ཁ་བརྡ>སོགས་གཏམ་ཉོག་གླེང་རེས་བྱེད་སའི་དྲ་བ་རེ་གཉིས་འཇོག་པ་འདི་ཞིབ་ཏུ་བསམ་གཞིགས་བྱེད་དགོས། རིག་མཛོད་དང་འབྲེལ་ཆེ་བ་དག་འཇོག་ན་ཕན་ཚུན་ཁ་བསྐང་དང་ཀློག་པ་པོ་དག་ལ་ཕན་ཐོགས་སྐྲུན་ཐུབ་པའི་དགེ་མཚན་ཡོད་པར་སྙམ་ཞིང་གཙོ་བོ་ནི་ཁྱེད་ཚོའི་ལག་ཏུ་ཡོད་པས་གང་བདེ་ཅི་འགབ་ཐུགས་ལྷོད་མེད་པ་ཞུ།

༢༠༡༥--༢༠

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...