སེར་བྱེས་རིག་མཛོད་ཆེན་མོ་དང་བདག་གི་བསམ་ཚུལ།
ཆེས་གུས་པར་འོས་པའི་གྲོས་ཚོགས་འཐུས་མི་དང་ཕྱག་མཛོད་རྣམ་པ་དེ་བཞིན་རིག་མཛོད་རྩོམ་སྒྲིག་པ་ཚོས་གྲོས་གཞི་གསར་འདོན་དང་གྲོས་ཐག་ལེགས་བཅད། དེ་བཞིན་ངལ་བ་ཁྱད་གསོད་དང་རྒྱུ་དངོས་ཕོན་ཆེར་བཏང་གནང་གིས་སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་ལེགས་གྲུབ་ཀྱིས་ཤར་གཏོང་ཐུབ་པ་ནི་ཧ་ཅང་དགའ་འོས་པ་ཞིག་དང་འཚམས་འདྲིའི་ཁ་གཡང་རིང་མོ་ཅི་ནས་ཀྱང་གྱེར་དགོས་པའི་གནས་ཚུལ་ཞིག་ལགས།
ད་རེས་གུས་པས་དྲ་ཚིགས་ཁྱོན་ཡོངས་སུ་ཞིབ་ལྟ་བྱས་ལ་ཚན་པ་དགར་སྟངས་དང་རིགས་ཚན་དབྱེ་ཚུལ། ནང་དོན་འདུས་འཚབ། སྙིང་དོར་བཅུད་ལེན་བྱེད་པ་བཅས་ལ་དོ་སྣང་ལྷག་པར་བྱས་ཡོད།
སྤྱི་ན་དེ་རིང་ཁ་སང་བོད་ཡིག་གི་དྲ་ཚིགས་མང་ལ་རང་རང་ལ་ཐུན་མིན་གྱི་ཁྱད་ཆོས་འཛོམས་པའི་གཞུང་སྒེར་དྲ་ཚིགས་ཀྱང་ཉུང་ཉུང་མིན། དེས་སྟབས་ཀྱིས་དྲ་ཚིགས་མང་པོ་ཞིག་བསྐྱར་ཟློས་དང་ལད་ཟློས། རྣམ་པ་གཅིག་རྐྱང་ཅན་དུ་གྱུར་ཏེ་ཀློག་པ་པོ་ལ་དྲ་ཚིགས་མང་པོ་ཞིག་ལ་དྲ་ཉུལ་བྱེད་པའི་འདོད་བློ་མེད་པར་གྱུར་ཅིང་། རྒྱུན་དུ་ལྟ་ཀློག་དགོས་པའི་དྲ་ཚིགས་ལྔ་ཙམ་ལས་མེད་པར་གྱུར་ཡོད་ལ་ལྔ་པོ་དེར་བལྟས་ན་གཞན་ཐམས་ཅད་ལ་བལྟས་པ་དང་གཅིག་ཏུ་སོང་བ་འདྲ་ཞིག་ཆགས་ཡོད། དེར་བརྟེན་དྲ་ཚིགས་བཟོ་བའི་འཆར་འགོད་ནི་ཐུན་མིན་གྱི་ཁྱད་ཆོས་དང་གསར་སྤེལ་གྱི་ནུས་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་ལ། རྒྱུན་གནས་དང་དར་སྤེལ། འཕེལ་རྒྱས་དང་གནད་འདུས་ཡོད་དགོས་པའང་འདོར་ཐབས་མེད་པ་ཞིག་ཡིན།
གོང་གི་གནད་དོན་འདི་དག་གཞི་བཞག་ཐོག་ནས་གླེང་ན་སེར་བྱེས་རིག་མཛོད་ཆེན་མོ་ལ་འདོར་ལེན་བྱེད་དགོས་པའི་གནད་དོན་རེ་གཉིས་འདུག
དྲ་ཚིགས་འདིའི་ཁྱད་ཆོས་དམིགས་བསལ་བ་ནི་འཕྲུལ་དེབ་ཕབ་ལེན་དང་འཆད་ཁྲིད་ཉན་ཕབ་བྱེད་ཐུབ་པ་འདི་གཉིས་ཡིན་འདུག་པ་མཐོང་ལ། ད་དུང་གཅིག་འཇོག་དགོས་ན་རང་རེའི་གྲྭ་ཚང་གི་སྣོད་བཅུད་གཉིས་ཀ་ངོ་སྤྲོད་བྱེད་ཐབས་དེ་ཡིན་འདུག ཕྱོགས་གཅིག་ནས་འཕྲུལ་དེབ་ཕབ་ལེན་བྱ་སའི་དྲ་ཚིགས་ཡག་པོ་རེ་གཉིས་དེ་སྔ་ནས་ཡོད་ལ་དེ་དག་དང་མཚུངས་བསྡུར་བྱེད་ན་རིག་མཛོད་འདི་ཉིད་ཀྱིས་ཆེད་དུ་གཉེར་ས་དེ་ནི་གཞུང་ཆེན་དང་བཀའ་བསྟན་འཕྲུལ་དེབ་ཏུ་བསྒྲིགས་ནས་མཁོ་འདོན་བྱ་ས་ཞིག་གི་འཆར་གཞི་ཡོད་འདུག་བསམ་པ་ཞིག་གདའ། གང་ལྟར་ཡང་གཞན་ཞིག་གི་དྲ་ངོས་སུ་ཡོད་པའི་དེང་རྩོམ་ཟེར་བ་དེ་ཚོ་ནི་འཕྲུལ་དེབ་ཏུ་སྒྲིག་པ་ནི་ངལ་བ་དང་དུས་ཚོད་འགྲོ་བའི་རྒྱུ་ཙམ་ལས་དགོས་པ་དེ་ཙམ་མེད་ལ། དྲ་ཚིགས་ཀྱི་ཁ་དོག་ལའང་མི་མཛའ་བསམ། གདན་ས་ཆེན་པོ་ཞིག་གི་དྲ་ཚིགས་ཡིན་ན་དེ་མཚུངས་ཀྱི་ཁ་དོག་ཅིག་ཡོད་དགོས་ལ་<འདོད་པའི་བསྟན་བཅོས>དང་<བརྩེ་དུང་གི་མིག་ཆུ།> <ཆུ་ངོགས་གཏམ་རྒྱུད།>ལྟ་བུ་འཇིག་རྟེན་འཚོ་བ་སྙིང་དུ་བཟུང་བའི་དེབ་གཟུགས་དེ་དག་དྲ་ངོས་སུ་འཇོག་ན་འོས་འཚམ་ཞིག་གཏན་ནས་མིན་སྙམ་དང་། མདོར་ན་རང་རེའི་གྲྭ་ཚང་དང་རང་རེའི་ནང་བསྟན་ལ་འབྲེལ་གཏན་ནས་མེད་པའི་གནས་ཚུལ་དག་གསར་འབྲི་དང་བརྒྱུད་འགོད་གཏན་ནས་མ་གནང་རོགས། གདན་སའི་ཁ་དོག་གཙང་མ་ཞིག་གི་རྣམ་པ་གསལ་པོ་ཞིག་ཐོན་ཐབས་གནང་རོགས། མང་པོ་ཞིག་གིས་སྣ་འཛོམས་ཟེར་བཞིན་དགོས་མི་དགོས་དང་རང་རེ་གྲྭ་བཙུན་དག་ལ་འབྲེལ་མེད་པའམ་ནམ་ཡང་མི་རན་པའི་གནས་ཚུལ་འགོད་ཐབས་དང་རྒྱུ་ཆ་འཚོལ་སྒྲུབ་བྱས་ཏེ་ཡ་མ་གཟུགས་ཀྱི་རྣམ་འགྱུར་མཚར་པོ་རེ་སྟོན་བཞིན་པའང་ཆེས་མང་བས་ངས་ནི་འདི་དག་ལ་དོན་སྙིང་ཅི་ཡང་མི་འདུག་སྙམ།
འཆད་ཁྲིད་ཉན་ཕབ་བྱེད་ཐུབ་པའི་ཚན་པ་འདི་ནི་ཆེས་དམིགས་བསལ་གྱི་ཚན་པ་ཧ་ཅང་ཡག་པོ་བཟོས་འདུག་ལ་འདིས་སྤྱི་ཚོགས་སུ་ཕན་ཐོགས་མི་ཉུང་བ་ཞིག་སྐྲུན་ཐུབ་པའི་ཡིད་ཆེས་དང་རེ་བ་བྱེད་ཆོག་པ་འདུག
འོན་ཀྱང་གནད་དོན་ཞིག་ཡོད་པ་ནི་རང་རེའི་དཔེ་ཁྲིད་དགེ་རྒན་དག་གི་འཆད་ཁྲིད་རེ་གཉིས་ཙམ་མ་གཏོགས་རྒན་ཕྲུག་དག་གི་མོས་ཁམས་དང་བསྟུན་ནས་འཐད་ཀ་འཐད་ཀའི་ཚིག་དོན་གཞི་བཟུང་གིས་ཁྲིད་པ་ལས་མཁས་པའི་འཆད་ཁྲིད་བྱེད་ཐབས་གནང་མེད་སྟབས། ཆ་མི་ཚང་བ་དང་འཆད་ཐབས་མི་ལེགས་པ། བསྐྱར་ཟློས་མང་ཞིང་འཕྲོས་བཤད་རྒྱས་པ། གནད་མི་ཟིན་ཞིང་གཞུང་ཁོགས་ལེན་དཀའ་བ་སོགས་ཀྱི་སྐྱོན་ཆ་ཡོད། སྔ་ལོ་སྔ་ལོ་ཞིག་ཏུ་ཝཱ་ཎ་མཐོ་སློབ་གྱི་སློབ་ཕྲུག་ཚོས་རང་རེའི་འཆད་ཁྲིད་དག་ཉན་ཀྱི་ཡོད་ཚོད་འདུག་པས་ཁོ་ཚོས་གདན་སའི་འཆད་ཁྲིད་དག་ཆོ་མི་འདུག གདན་ས་ན་དཔེ་ཁྲིད་དགེ་རྒན་ཡག་པོ་མེད་འདུག་ཅེས་བཤད་འདུག་པ་ཐོས་རྒྱུ་འདུག འདིའི་མཚོན་ནས་འཆད་ཁྲིད་ཚད་ལྡན་མ་བྱས་པར་དེ་སྔ་བཞིན་འོད་སྡེར་ནང་བཅུག་པ་དང་དྲ་ངོས་སུ་བཞག་ན་བོད་ཕྱི་ནང་གི་སློབ་གཉེར་མང་པོ་ཞིག་གི་མིང་ནང་དུ་རང་རེའི་གདན་ས་དང་དཔེ་ཁྲིད་དགེ་རྒན་དག་གི་རིན་ཐང་ཇེ་ཆུང་དང་གླེང་རྙོག་སྐྱོ་པོ་རེ་བྱུང་ན་ཡག་པོ་མེད། དེར་བརྟེན། རྣམ་པ་ཚོས་འཆར་གཞི་གསར་འདོན་དང་བྱེད་ཐབས་གསར་པ་བཀོལ་ཏེ་འཆད་ཁྲིད་ཚད་ལྡན་ཞིག་ཏུ་འགྱུར་ཐབས་གནང་རྗེས་དྲ་ངོས་སུ་འཇོག་ན་སྤྱི་སྒེར་ཀུན་ལ་ཕན་ངེས་སྙམ།
དྲ་ཚིགས་པར་གཞི་ནི་ཅུང་གུ་དོག་པའི་རྣམ་པ་ཞིག་འདུག་ལ་ཁ་པར་ནང་དུ་གྲ་མཉམ་མིན་པ་དང་ཚིག་བཅད་བཏུབ་སོང་བ་སོགས་ཀྱི་སྐྱོན་ཆ་རེ་གཉིས་འདུག་པས་དེ་དག་རིམ་བཞིན་ལེགས་སྒྲིག་བྱེད་རྒྱུ་དང་། དྲ་ངོས་ཀྱི་པར་གཞི་ཡང་དུ་གཏོང་བ། ཁ་འབྱེད་རྒྱུ་སྟབས་བདེ་བྱེད་པ། དྲ་ཚིགས་ཅུང་སྐད་དུ་གྲགས་པ་དག་གི་ངོས་སུ་མཛའ་འབྲེལ་འཇོག་ཐབས་དང་། ངོ་དེབ་སོགས་སུ་བརྒྱུད་འགོད་ཀྱིས་དྲ་ཚིགས་ལྟ་ཀློག་དང་འཁོར་རྒྱུག་གི་ཁྱབ་ཁོངས་ཇེ་ཆེར་གཏོང་ཐབས། རང་རེའི་གྲྭ་མང་ཚོས་རྒྱུན་དུ་གྲྭ་ཚང་གི་བྱེད་སྒོ་དང་གསལ་བསྒྲགས། གྲྭ་ཚང་འབྲེལ་བའི་གསར་འགྱུར་རིགས་དགོས་མཁོ་བྱུང་དུས་དྲ་ཚིགས་འདི་ནས་རྙེད་ཐབས་ཡོང་བ་དང་།
གྲྭ་མང་ཚོས་རྩོམ་ཡིག་གསར་དུ་སྤེལ་ས་ཚན་པ་གསར་པ་རེ་བཟོ་ཐུབ་པ་སོགས་ཐབས་ཇུས་རེ་གཉིས་ཁ་སྣོན་བྱེད་ཐུབ་ན་དགེ་མཚན་མི་ཉུང་བ་ཞིག་ཡོད། ལྷག་པར་དུ་དྲ་བའི་དོ་དམ་པ་གཏན་འཇག་ཅིག་ཡོད་ཐོག་བོད་ཀྱི་སྐད་ཡིག་ལ་མཁྱེན་རྒྱ་ལྡན་ཞིང་རྩོམ་རིག་ལ་མི་རྨོངས་པ་ཞིག་ངེས་པར་དགོས་གལ་ཆེའོ།།
མདང་ནུབ་དྲ་ཚིགས་ལ་བསྐྱར་བལྟ་ཞིག་བྱེད་དགོས་བསམ་བཞིན་དྲ་ཚིགས་ལ་འཇུག་མོད་གཏན་ནས་ཁ་འབྱེད་མ་ཐུབ། ད་ནང་ཡང་སྔ་བཞིན་རེད་འདུག་པས་གཞན་ལ་སྐད་ཆ་དྲིས་སྐབས་ཁོ་ཚོའི་ཁ་པར་ལས་ཀྱང་ཁ་འབྱེད་ཐུབ་ཀྱི་མི་འདུག་ཟེར། དྲ་བའི་ཤུགས་ཚད3Gཐོག་ནས་ཁ་འབྱེད་མ་ཐུབ་ན་ནི་དྲ་ཚིགས་ལྟ་ཀློག་ལ་ཚད་བཀག་ཆེ་པོར་ཐེབས་རྒྱུ་ཡིན་པ་ནི་བཤད་མི་དགོས་ལ། དེང་སྐབས་ཁ་པར་ལས་གློག་ཀླད་དང་དྲ་སྐུད་འཐེན་མཁན་རེ་གཉིས་ཙམ་ལས་མེད་པས་དྲ་ཚིགས་འདི་ལ་འཇུག་པའི་ཐབས་ལམ་ནི་ཧ་ཅང་མགོ་རྙོག་ཏུ་སོང་ཡོད། རིག་མཛོད་གྱི་དྲ་ངོས་ཀྱི་ཁ་འབྱེད་མགྱོག་ཚད་Google PegeSpeed ནས་ཚོད་ལྟ་བྱས་པའི་འབྲས་བུ་ཧང་སོང་དགོས་པ་བྱུང་སྟེ། གློག་ཀླད་ལས18/100%ཁ་པར་ལས22/100%ཙམ་ལས་ལོན་མི་འདུག འདི་ནི་དྲ་ཚིགས་ཤིག་གི་སྐྱོན་ཆ་ཆེ་ཤོས་དེ་ཡིན་ལ་ཟྭ་བཙན་པོ་རྒྱག་པའི་སྒོ་ཆེན་ཞིག་ནས་ནང་དུ་འགྲོ་རྒྱུ་ནི་ཆེས་དཀའ་བ་མ་ཡིན་ནམ།
ང་ཚོས་དྲ་ཚིགས་རེ་གཉིས་ཀྱི་ཁ་འབྱེད་མགྱོག་ཚད་ལ་ཐེངས་གཅིག་བལྟ། དུས་བབ། ཁ་པར།70/100% གློག་ཀླད།80/100% བོད་མིའི་སྒྲིག་འཛུགས། ཁ་པར།50/100% གློག་ཀླད།59/100% གློག་རྡུལ་འཕྲུལ་དེབ། ཁ་པར།51/100% གློག་ཀླད།65/100% ཨ་རི་རླུང་འཕྲིན། ཁ་པར།57/100% གློག་ཀླད།69/100 དྲ་ཚིགས་འདི་དག་ལ་བལྟས་ནས་སེར་བྱེས་རིག་མཛོད་ཁ་འབྱེད་དཀའ་བའམ་ཁ་པར་ནས་ཁ་འབྱེད་མི་ཐུབ་པའི་གནད་དོན་གསལ་པོ་ཆགས་ཡོད། ཁྱེད་ཚོས་ཞིབ་འཇུག་གིས་དྲ་ངོས་ཡང་དུ་གཏོང་དགོས།
ད་དུང་དྲ་ངོས་མཛའ་འབྲེལ་དུ་གྲྭ་ཚང་གི་འབྲེལ་ཡོད་དྲ་ཚིགས་དང་གྲྭ་མང་སྒེར་གྱི་དྲ་ཚིགས་དང་ཟིན་བྲིས་དག་འཇོག་ཐུབ་ན་ཕན་ཚུན་རོགས་རམ་དང་དྲ་ཚིགས་འདི་ཉིད་དུའང་འཇུག་མཁན་མང་དུ་འགྲོ་བའི་ཕན་པ་ཡོད། ཁྱེད་ཚོའི་དྲ་ངོས་མཛའ་འབྲེལ་ཐོག་ཏུ་<ཁ་བརྡ>སོགས་གཏམ་ཉོག་གླེང་རེས་བྱེད་སའི་དྲ་བ་རེ་གཉིས་འཇོག་པ་འདི་ཞིབ་ཏུ་བསམ་གཞིགས་བྱེད་དགོས། རིག་མཛོད་དང་འབྲེལ་ཆེ་བ་དག་འཇོག་ན་ཕན་ཚུན་ཁ་བསྐང་དང་ཀློག་པ་པོ་དག་ལ་ཕན་ཐོགས་སྐྲུན་ཐུབ་པའི་དགེ་མཚན་ཡོད་པར་སྙམ་ཞིང་གཙོ་བོ་ནི་ཁྱེད་ཚོའི་ལག་ཏུ་ཡོད་པས་གང་བདེ་ཅི་འགབ་ཐུགས་ལྷོད་མེད་པ་ཞུ།
༢༠༡༥-༨-༢༠