2016/04/15

ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་གིས་དགེ་ཆོས་ཀྱི་ཀླུ་སྒྲུབ་དགོངས་རྒྱན་སྐོར་ལ་གླེང་མོལ།



འོད་ཐིག་གིས་ཡི་གེར་ཕབ།
ཞིམ་མངར་ཁ་ལ་ཐུག་ཚེ་བྲོ་བ་བྱིན།།
གོས་བཟང་ལུས་ལ་སྦྱར་དུས་དྲོད་འཇམ་སྟེར།།
ད་དུང་མགོ་འཕྲེད་ན་སྐོར་བཞིན་དུ།།
ཐ་སྙད་ཚད་གྲུབ་མི་བཞེད་བློ་མ་བདེ།། 

ཚིགས་བཅད་འདི་ཁོང་གི་གསུང་འབུམ་པོད་བཞི་པ་ (མདོ་སྔགས་བརྗེད་བྱང་ཆེན་མོ) ནང་གི་(སྲིད་ཞི་ལེགས་ཚོགས་ཀུན་གྱི་འབྱུང་གནས་ཐ་སྙད་ཚད་གྲུབ་ཀྱི་རྣམ་གཞག་) ཅེས་པ་ལས་དྲངས།

རྗེ་ཙོང་ཁ་པའི་འཇུག་པའི་ཊཱིཀ་ཆེན་དགོངས་པ་རབ་གསལ་བཤད་ཁྲིད་སྐབས་ཀླུ་སྒྲུབ་དགོངས་རྒྱན་སྐོར་ལ་ཞོར་འཕྲོས་སུ་གསུང་དོན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལེགས་བཤད་རྣམས་ལ་བལྟས་པ་ན། ཚིགས་བཅད་ལྷུག་གང་ཡིན་ཡང་ཚིག་སྦྱོར་ཆ་ནས་ནི་རྨད་དུ་བྱུང་བ་ཞིག་རེད། བརྗོད་བྱ་ཕལ་པ་རྗོད་པའི་ཚིག་དུམ་དུམ་ཞིག་ཡིན་ཡང་བསྐྱར་སྐོར་ཡང་བསྐོར་གྱིས་ཀློག་དགོས་པའི་ཚོར་སྣང་དང་སྤྲོ་བ་མི་འདྲ་ཞིག་སྟེར་ཐུབ་འདུག འདི་ལ་དེང་རབས་སྒྱུ་རྩལ་རྩོམ་རིག་ལ་ཉམས་ཞིབ་མཛད་པའི་མཁས་པ་མང་པོས། ཉེ་རབས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་ཕུལ་དུ་བྱུང་བའི་རྩོམ་རིག་ཅིག་ལ་ངོས་འཛིན་བྱེད་ཀྱི་འདུག དེ་དངོས་གནས་ཁས་མི་ལེན་དཀའ་མེད་རེད། ཀླུ་སྒྲུབ་དགོངས་རྒྱན་ཡང་ཚིག་སྦྱོར་གྱི་ཆ་ནས་དེ་དང་གཅིག་མཚུངས་རེད། ཤིན་ཏུ་སྙན་པོ་རེད། ཡིན་ན་ཡང་མཁས་པ་ཞིག་ལ་མཚོན་ནའང་འདྲ། མཁས་པ་དེ་དང་དེའི་ལེགས་བཤད་ཅིག་ལ་མཚོན་ནའང་འདྲ། ཆ་ནས་ཐམས་ཅད་ནས་དཀར་རྐྱང་དང་ནག་རྐྱང་དེ་འདྲ་སྲིད་མཐའ་ཙམ་རེད། དགེ་སྐྱོན་གཉིས་ཆ་ཡོད་སྲིད་པ་དང་ཡོད་འོས་པ་ཞིག་རེད། ལེགས་ཉེས་དོ་མི་མཉམ་པའི་སྐབས་སུ་དགེ་སྐྱོན་གང་ཆེ་བརྟགས་ནས་ལེགས་ཉེས་ཀྱི་སྡོམ་ཚིག་བཞག་དགོས་པ་ལས་མཁས་པའི་གསུང་ཡིན་ཚད་ལ་སྐྱོན་ཆ་ཕྲ་མོ་ཙམ་ཡང་ཡོད་མི་ཆོག་པ་དང་འབྱུང་མི་སྲིད་པ་དེ་འདྲའང་གཏན་ནས་མིན། 

བོད་ཀྱི་ཤེས་ཡོན་པའི་སྡེའི་ནང་དུ་མཁས་པ་གང་ཞིག་གི་གསུང་ལ་གཟུ་བོར་གནས་པའི་བློའི་བརྟག་དཔྱད་བྱེད་དུས་གང་ཟག་ལ་གནོད་པའི་ཆེད་དུ་དམིགས་པ་ལྟ་བུའི་ཚོར་སྣང་དང་ལྟ་ཚུལ་གཉིས་ཀ་ཡོང་གི་ཡོད། འདི་ཉེན་ཁ་ཅན་ཞིག་རེད། ཡར་རྒྱས་ཀྱི་བཀག་རྡོ་ལྟ་བུ་རེད། ཞི་བ་ལྷས། ཐུབ་པས་ཉོན་མོངས་དགྲར་གཟིགས་ཤིང་།། ཉོན་མོངས་དང་འབྲེལ་གང་ཟག་མིན།། ཞེས་གསུངས་པ་དངོས་ཡོད་རེད། དམ་པ་རྣམས་ཀྱི་ཞལ་རྒྱུན་ལའང་། གང་ཟག་དག་སྣང་སྦྱོངས། གསུང་ལ་རྟོག་དཔྱོད་གྱིས། གསུངས་པ་དེ་ཚིག་ལྗིད་ཁོག་ཅན་རེད། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་ཁོང་གི་གསུང་ལ་བརྟག་དཔྱད་ཞིབ་ཏུ་བྱ་དགོས་པའི་གསུང་ནན་པོ་ཕེབས་ཡོད། འདི་ནང་པའི་ཆོས་དང་ལྟ་གྲུབ་ཀྱི་ཞག་རྩི་གདོན་ས་དེ་རེད། 

ཤར་ནུབ་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་ལ་ཉམས་ཞིབ་བྱེད་མཁན་གྱི་མཁས་པ་ཞིག་གིས། ཤར་ནུབ་ཀྱི་མཚན་ཉིད་རིག་པའི་ལྟ་གྲུབ་སྨྲ་བའི་གང་ཟག་གི་ཁྱད་པར་བཤད་སྐབས། ཤར་ཕྱོགས་ཀྱི་མཚན་ཉིད་རིག་པ་བ་རྣམས་འགལ་བ་ཅིག་ཅར་བཟོ་མཁན་དང་། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་བ་རྣམས་ཅིག་ཅར་འགལ་བཟོ་མཁན་ཞིག་ལ་ངོས་འཛིན་བྱས་ཡོད། དེའི་རྒྱུ་མཚན་ནི། ཤར་ཕྱོགས་མཚན་རིག་པ་བ་རྣམས་ཀྱིས་རང་གིས་དད་པ་བྱ་ས་དང་གུས་པ་བྱ་སའི་གང་ཟག་དེའི་གསུང་ལ་འགལ་བ་ཡོད་མི་ཆོག་པ་དང་། ཡོད་མི་འོས་པ་དང་། དངོས་གསལ་ཅན་གྱི་་འགལ་བ་མཐོང་ཡང་གང་ཐུབ་ཅི་ཐུབ་ཀྱིས་ཡག་ས་དང་ལེགས་ས་ཞིག་ལ་འགྲེལ་ཅི་ཐུབ་བྱེད་ཀྱི་རེད། ནུབ་ཕྱོགས་མཚན་ཉིད་རིག་པ་བ་རྣམས་མཁས་པ་སྔ་མས་གསུངས་དང་མ་གསུངས་ལ་གཙོ་བཏོན་བྱེད་ཀྱི་མ་རེད། རང་གིས་ཀླད་པ་བེད་སྤྱད་བྱས་ནས་དངོས་ཡོད་བརྟག་པར་བྱེད་ཀྱི་རེད་ལ། སྐྱོན་ཡོད་ན་བསྔོགས་ནས་ཐེར་འདོན་ཡང་བྱེད་ཀྱི་རེད་ཟེར་ཡོད།

  སྐད་ཆ་འདི་ཆ་ཐམས་ཅད་ནས་བདེན་པ་ཞིག་ལ་ངོས་འཛིན་བྱེད་མི་ཐུབ་ཀྱང་། དེའི་ནང་དུ་གོ་རྒྱུ་མང་པོ་ཡོད། རང་རང་གི་རྣམ་དཔྱོད་ཀྱི་རྩལ་ཅི་ཡོད་བེད་སྤྱད་བྱས་ཏེ། གསུང་རབ་གང་དང་གང་ལའང་རྟོག་དཔྱོད་ངེས་པར་བྱ་དགོས་པ་ལས། གསུང་རབ་ལ་བརྒལ་བརྟག་དང་དོགས་སློང་བྱེད་དུས་གང་ཟག་ལ་གནོད་སེམས་དང་ངོ་རྒོལ་བྱེད་པའི་བསམ་བློ་བཏང་ན་སངས་རྒྱས་ཀྱིས་གསུངས་པའི་རྟོན་བཞིའི་འཇུག་ལྡོག་གཞི་རྩ་ཁོ་རང་ནས་ནོར་བ་རེད། རང་གི་ཀླད་པ་རྒྱར་བསྐྱེད་མི་ཐུབ་པའི་དོན་མེད་ཀྱི་ཚོད་འཛིན་བྱས་ཟིན་པས་རང་གི་རྣམ་དཔྱོད་ནུས་པ་རང་དབང་གིས་འཕེལ་རྒྱས་འགྲོ་ཐུབ་རྒྱུ་མ་རེད། རྒྱུ་མཚན་ཡོད་མེད་ལ་མ་བལྟས་པར། གཙོ་བོས་ཇི་ལྟར་བཀའ་བསྩལ་པ།། དེ་དག་ཐམས་ཅད་བདག་གིས་བགྱི།། ཟེར་ནས་འདུག་དགོས་ཐུག་གི་རེད། དེ་འདྲ་བྱས་ན་མི་བརྒྱ་ཡིས་བཤད་ན་གཅིག་པ་རེད། མི་བརྒྱ་ཡིས་གཞུང་ལུགས་བརྩམས་ནའང་གཅིག་པ་རེད། ཡར་རྒྱས་ཡོད་མ་རེད། 

རང་ཅག་ལ་ལོངས་སྤྱོད་དུ་ཡོད་པའི་ལྟ་གྲུབ་གཏིང་ཟབ་མོ་དང་། དེ་དང་འབྲེལ་བའི་གཞི་ལམ་འབྲས་བུའི་རྣམ་གཞག་ངོ་མཚར་རྨད་དུ་བྱུང་བ་འཇིག་རྟེན་སྤྱིའི་གཅེས་ནོར་དུ་གྱུར་པ། དེང་སྐབས་མགོ་སེར་ཚན་རིག་པ་སྙན་གྲགས་ཅན་མང་པོས་ཀྱང་བརྟག་དཔྱད་ཞིབ་འཇུག་གི་ཚད་ཤིང་འཛིན་ས་ཆགས་པ་འདི། རྒྱུ་མེད་རྐྱེན་ལས་བྱུང་བ་མིན་པ་སྔར་རྒྱ་གར་ཡིན་ན་ཕྱི་རོལ་པ་རྣམས་དང་རྩོད་པས་འཁོར་ལོ་བསྐོར། བགྲོ་གླེང་ལོ་ཟླ་དང་ཉིན་མཚན་མང་པོ་བསྐྱལ་ནས་བྱུང་བ་ཞིག་དང་། བོད་ལ་མཚོན་ནའང་བོད་སྔ་ཕྱིའི་མཁས་པའི་བར་དུ་ཡིན་ཡང་འདྲ། ཆོས་བརྒྱུད་གཅིག་གི་ནང་དུ་ཡིན་ཡང་འདྲ། ཕན་ཚུན་བརྒལ་བརྟག་དང་རྩོད་པ། བགྲོ་གླེང་དང་། ཞིབ་འཇུག་གཏིང་ཟབ་ཡུན་རིང་བྱས་ནས་བྱུང་ཡོད་པ་ཞིག་ལས། གཅིག་གིས་བཤད་རྐྱང་གཞན་གྱིས་ཉན་རྐྱང་བྱས་ནས་བྱུང་བ་ཞིག་གཏན་ནས་མ་རེད། དེ་འདྲ་ཡིན་དུས་གང་དང་ཅི་ལའང་བརྟག་དཔྱད་དང་ཐེ་ཚོམ་བྱེད་དགོས་པ་ཤིན་ཏུ་གལ་ཆེ་རེད། དང་པོ་ནས་ཡིན་ཤག་བྱེད་རྒྱུ་མེད། དེས་ཁུངས་འཁྱོངས་དཀའ། འདི་བསམ་ཚོད་ཙམ་ཡིན། འགྲིག་མིན་རྣམ་པ་ཚོས་སོམས།

དེ་ནས་ཀླུ་སྒྲུབ་དགོངས་རྒྱན་སྐོར་རེད། དགེ་ཆོས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་ནང་གསུངས་པའི་གཞི་རྩའི་ལྟ་བ་དེ་གསར་པ་ཅི་ཡང་མ་རེད། སྔ་རབས་ཀྱི་གཞུང་ནས་གསུངས་པའི་ལྟ་བ་དེ་རང་རེད། འགའ་ཞིག་གིས། དགེ་ཆོས་ཀྱིས་ཤིང་རྟའི་སྲོལ་གསར་པ་ཕྱེས་པ་དང་། གསར་གཏོད་བྱས་པ་ལྟ་བུ་མཐོང་གི་ཡོད་འདུག དེ་ནི་ནོར་བ་རེད། བོད་སྔ་རབས་ཀྱི་གཞུང་ལུགས་རྣམས་སུ་གསུངས་པའི་ལྟ་གྲུབ་ཀྱི་རྣམ་གཞག་ལ་མ་བལྟས་པའི་སྐྱོན་རེད། གཞི་རྩའི་ཆ་ནས་དགག་གཞི་དང་དགག་བྱའི་ཁྱད་པར་མི་ཕྱེ་བ་སྣང་བ་ཐམས་ཅད་འགོག་པའི་ལྟ་བ་དེ་རང་རེད། དེ་དག་གི་ལྟ་གྲུབ་རྣམ་གཞག་དང་ཇི་མ་ཇི་བཞིན་རེད། ཡིན་ན་ཡང་དཔེ་དང་བཤད་ཐབས་ཕུན་སུམ་ཚོགས་པའི་སྒོ་ནས་ཁ་གསར་པོར་བཟོས་པ་ཙམ་རེད། ཡིན་ཡང་སྔ་རབས་པའི་མཁས་པ་སྤྱིས་གསུངས་པ་དང་མི་འདྲ་ས་གཅིག་ཡོད་པ་ནི། སྔ་རབས་པའི་མཁས་གྲུབ་ཕལ་མོ་ཆེས་ཐ་སྙད་ཚད་གྲུབ་མི་བཞེད་ཀྱང་། ཚད་མས་གྲུབ་པའི་ཆོས་མེད་པར་གཏན་ནས་མི་བཞེད། དགེ་ཆོས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་ལས། ཐ་སྙད་ཚད་གྲུབ་མེད་ཅེས་པ་ཀུན་རྫོབ་དང་དོན་དམ་གང་གིས་ཀྱང་ཁྱད་པར་ཕྱེ་ནས་གསུངས་མི་དགོས་པར་སྤྱི་སྟངས་ནས་ཀ་བུམ་སོགས་འཁྲུལ་སྣང་ཙམ་ལས། ཚད་མས་གྲུབ་པ་གཏན་ནས་མི་འདོད་པ་རེད། བོད་སྔ་རབས་པའི་མཁས་གྲུབ་ཕལ་མོ་ཆེས་དོན་དམ་དཔྱོད་བྱེད་ཀྱིས་བརྟགས་པའི་ཚེ་དགག་གཞི་ཀ་བུམ་སོགས་བཀག་དགོས་པར་གསུངས་པ་ལས། སྤྱི་ན་ཀ་བ་དང་བུམ་པ་མེད། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་མེད། ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་མེད་ཅེས་གཏན་ནས་མི་ཟེར། ཀླུ་སྒྲུབ་དགོངས་རྒྱན་དུ་གསར་གཏོད་ཅིག་ཡོད་ན་འདི་རེད། འདི་གསར་རྙིང་སུས་ཀྱང་ཁས་ལེན་རྒྱུ་མ་རེད། དེའི་རྒྱུ་མཚན་གྱིས། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་གསར་མིན་རྙིང་མིན་གཏོགས་པའི་བར་དོ་བ། ཞེས་གསུངས་པའང་ཐུགས་བདེན་པ་རང་རེད།

 དེ་ནས་ཡང་ཁོང་གིས་གསུངས་པའི་ལྟ་བ་འདི། པཎ་ཆེན་བློ་བཟང་ཆོས་རྒྱན་དང་། གུང་ཐང་བསྟན་པའི་སྒྲོན་མེས་ཀྱང་ལྟ་བ་འདི་ཁོ་ན་གསུངས་ཡོད། ཅེས་ཀླུ་སྒྲུབ་དགོངས་རྒྱན་ལས་གསུངས་ཡོད། དེ་ནི་ཡོངས་སུ་ནོར་བ་རེད། པཎ་ཆེན་བློ་བཟང་རྒྱན་གྱི་གསུང་འབུམ་པོད་ལྔ་དང་རྗེ་གུང་ཐང་པའི་གསུང་འབུམ་པོད་བརྒྱད་ཡོད་པས་དེ་གཉིས་གང་དུ་ཡང་ལྟ་བ་དེ་ཁོ་ན་གསུང་རྒྱུ་ཕར་ཞོག དེ་འདྲ་གསུངས་པའི་ཟིན་ཙམ་ཡང་མཁས་པ་དེ་གཉིས་ཀྱི་ལེགས་བཤད་དེ་དག་ལས་མཇལ་དུ་མེད། མཁས་པ་འདི་གཉིས་ཀྱི་གསུང་ལས། ལྟ་གྲུབ་ཀྱི་རྣམ་གཞག་ནི། རྗེ་ཙོང་ཁ་པ་ཆེན་པོས་ལེགས་བཤད་ནས་ཇི་ལྟར་འབྱུང་བ་ལྟར། དོན་དམ་དཔྱོད་པའི་རིགས་ཤེས་ཀྱིས་ལས་འབྲས་དང་ལས་འབྲས་ཀྱི་རྟེན་གཞིར་གྱུར་པའི་གང་ཟག་དང་ཆོས་མ་བཀག་ཅིང་། དགག་གཞི་ལ་མི་གནོད་པའི་སྟེང་ནས་དགག་བྱ་རང་བཞིན་གྱིས་གྲུབ་པ་བཀག་པའི་ལྟ་བ་འདི་ཁོ་ན་རྩལ་དུ་བཏོན་ནས་གསུངས་ཡོད། འདི་ཤེས་དགོས་པ་གཅིག་རེད།
 དེ་ནས་ལྕང་སྐྱ་རོལ་པའི་རྡོ་རྗེའི་ལྟ་མགུར་ཨ་མ་ངོས་འཛིན་དུ། སྣང་བ་ལིངས་ལིངས་འདི་རང་སོར་བཞག་ནས།། དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་འདུག་སྟེ།། ཞེས་པས་དགག་གཞི་དང་དགག་བྱའི་ཁྱད་པར་མ་ཕྱེ་བར་དགག་གཞི་ཉིད་ཀྱང་བཀག་དགོས་པ་དང་ལྷག་པར་མཐོང་ཐོས་མྱོང་གསུམ་སོགས་ཡོད་ཚད་ཐམས་ཅད་བཀག་དགོས་པའི་ཤེས་བྱེད་དུ་ཀླུ་སྒྲུབ་དགོངས་རྒྱན་དུ་བཀོད་ཡོད། འདི་ཡང་གཏན་ནས་ནོར་བ་ཡིན། ལྟ་མགུར་མཛད་པ་པོ་ལྕང་སྐྱ་རིན་པོ་ཆེ་རང་ཉིད་ཀྱིས་མཛད་པའི་ཡོངས་སུ་གྲགས་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་དུ། སྣང་བ་ལིངས་ལིངས་ཞེས་པ་དབུ་མ་པས་བདེན་གྲུབ་ཀྱི་ཐ་སྙད་དུ་བཞེད་པར་ཤིན་ཏུ་གསལ་བར་གསུངས་ཡོད། འདིས་སྣང་བ་ལིངས་ལིངས་ཞེས་པ་བདེན་གྲུབ་ལ་མི་བཞག་པར་དགག་གཞི་ཀ་བུམ་སོགས་པ་འཇོག་དགོས་པར་ལྕང་སྐྱའི་དགོངས་པ་གཏན་མིན་པའི་གསར་བཤད་ཁུངས་གསལ་ཤོས་སུ་གྱུར་ཡོད། རྒྱུ་མཚན་དེ་གཉིས་རྩོམ་པ་པོ་གཅིག་ཡིན་པས་དགོངས་པར་འགྲོ་མིན་ཐེ་ཚོམ་བྱེད་དགོས་དོན་ཡོད་མ་རེད། སྣང་བ་ལིངས་ལིངས། ཞེས་པ་སྐབས་སྟོབས་ཀྱིས་དོན་སྣ་ཚོགས་ལ་འཇུག་པའི་ཚིག་ཅིག་ཡིན་པ་ཙམ་ལས། དོན་བྱེ་བྲག་གཅིག་བསྟན་པའི་རང་ཚུགས་ཅན་གྱི་ཚིག་ཀྱང་མ་རེད། དེ་གཅིག་རེད།

དེ་ནས་ཡང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། ཞེས་པའི་གསུང་འདི་སངས་རྒྱས་ཀྱི་བཀའ་ཡིན་པ་ཀླུ་སྒྲུབ་དགོངས་རྒྱན་ལས་གསུངས་ཡོད་རེད། དེ་ཡང་ཁག་པོ་རེད། ཚིགས་བཅད་འདི་ད་ལྟར་རང་ཅག་གིས་ལོངས་སྤྱོད་ཅིང་བསོད་ནམས་ཀྱི་གོ་སྐལ་དུ་བཞུགས་པའི་བཀའ་འགྱུར་གླེགས་བམ་བརྒྱ་ལྷག་བཞུགས་པ་ཡོད་པ་དེའི་ནང་གསུང་འདི་མཇལ་དུ་མེད་པ་ཆེད་ལས་ཀྱི་ཉམས་ཞིབ་པས་གསུངས་ཡོད། གཞུང་ཤོ་ལོ་ཀ་འདི་སློབ་དཔོན་རིན་ཆེན་གྲགས་པས་མཛད་པའི་སྦྱོར་བཞི་ལྷའི་བསྟོད་པའི་ནང་གི་སྐུའི་དཀྱིལ་འཁོར་གྱི་བསྟོད་པ་ལས་གསུངས་ཡོད། དེས་ན་འདི་རྗེས་འཇུག་གི་སློབ་དཔོན་གྱིས་མཛད་པའི་བསྟན་འགྱུར་ཡིན་པ་ལས་རྒྱལ་བའི་བཀའ་མིན་པར་གསལ་པོར་ཆགས་པ་རེད། བོད་གཞན་རྣམས་ཀྱིས་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པའི་གཞུང་དུ་བཤད་ཀྱང་། སྒྲ་གཅན་འཛིན་གྱི་བསྟོད་ཚིག་ཏུ་བཀའ་བསྟན་རང་ལས་ད་བར་གསལ་པོ་ཆགས་མེད།  འདི་རྣམས་ངས་ཀླུ་སྒྲུབ་དགོངས་རྒྱན་ལ་དོགས་གཞི་བྱུང་བ་དྲན་ཚོད་ཙམ་ཡིན།

གང་ལྟར་ཀླུ་སྒྲུབ་དགོངས་རྒྱན་གྱི་ལྟ་བ་འདི་གཞི་རྩའི་ཆ་ནས་བོད་སྔ་རབས་པའི་ལྟ་གྲུབ་དང་མཐུན་ཤོས་ཆེ་ཡང་། དགག་གཞི་དང་དགག་བྱ་ཁྱད་མ་ཕྱེད་པར་ཡོད་ཚད་དོན་དམ་དཔྱོད་བྱེད་ཀྱིས་བཀག་པར་འདོད་པའི་ཆ་ནས་རྗེ་ཙོང་ཁ་པ་རྗེས་འབྲང་དང་བཅས་པའི་ལྟ་གྲུབ་དང་གཏན་ནས་མ་མཐུན་པ་རེད། དོན་དམ་དང་ཀུན་རྫོབ་ཀྱི་ཁྱད་པར་མ་ཕྱེད་པར་སྤྱི་སྟངས་ནས་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ། འགྲོ་ས་དང་བསྡད་ས་ཐམས་ཅད་ཚད་མས་མ་གྲུབ་ཅིང་དེ་དག་ཡོད་སྙམ་པ་འཁྲུལ་སྣང་ཁོ་ནར་འདོད་པའི་ཆ་ནས་སྔ་རབས་པའི་ལྟ་གྲུབ་ཕལ་མོ་ཆེ་དང་མ་མཐུན་པར་གྱུར་པ་རེད། དེས་ན་གསར་མིན་རྙིང་མིན་དུ་གྱུར་འདུག་ཅེས་དགེ་བཤེས་ཤེས་རབ་སོགས་ཀྱིས་གསུངས་དོན་ཡང་འདི་རེད། 

ཀླུ་སྒྲུབ་དགོངས་རྒྱན་དགེ་ཆོས་དགོངས་པ་རྫོགས་པའི་རྗེས་རྗེས་ནས་བཏོན་པ་ཞིག་རེད། གསུང་གི་ཆ་དུ་མ་ལ་ལྷད་ཞུགས་པའི་དོགས་པ་ཡང་ཆེན་པོ་ཡོད་རེད། དཔེ་མཚོན་ཡག་ཤོས་གཅིག་ནི། དགེ་ཆོས་དངོས་སློབ་རྒན་པོ་ཤེར་རྒྱམ་ཟེར་བས་བྲིས་པའི་དགེ་ཆོས་རྣམ་ཐར་དུ། དགེ་ཆོས་ཀྱིས། ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་སྨོན་ལམ་དུ་དགེ་བཤེས་དམ་བཅའ་འཇོག་ཁར་བྲོས་འདུག་ཟེར། ཕ་བཟང་བུ་རེད། མིང་སྐམ་པོས་ཅི་ཕན། ཞེས་གསུངས་བྱུང་ཞེས་བྲིས་ཡོད་པ་རེད། ཤིན་ཏུ་རྫུན་ཆེན་པོ་རེད། གྲུབ་པའི་དབང་ཕྱུག་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་དགེ་བཤེས་དམ་བཅའ་བཞག་སྟེ་གདན་ས་གསུམ་གྱི་ནང་ནས་དགེ་བཤེས་ལྷ་རམས་ཨང་དང་པོ་བླངས་ཏེ་རྒྱུད་སྨད་ལའང་ཕེབས་པ་རེད། དེ་ནས་བྱ་བྲལ་ལ་ཕེབས་པ་རེད། འདི་གནའ་དེང་གི་གདན་སའི་གསར་བུ་ཡན་ཆད་ལའང་ཡོངས་སུ་གྲགས་པ་ཞིག་རེད། དགེ་ཆོས་དང་དམ་པ་ཁོང་གཉིས་མི་ཐོག་གཅིག་རེད། གཉིས་ཀ་གདན་ས་འབྲས་སྤུངས་ནས་རེད། ངོ་ཤེས་ཡང་རེད། དགེ་འདུན་ཆོས་འཕེལ་གྱིས་རྫུན་དེ་འདྲ་གསུང་རྒྱུ་རེད་དམ། གསུང་གི་མ་རེད། སློབ་མ་ངན་པས་བླ་མ་ཟོག་པོར་གཏོང་ཟེར་བ་འདི་འདྲ་ལ་ཟེར་རེད། མ་གསུངས་པ་དེ་གསུངས་རེད། མ་གནང་བ་དེ་གནང་རེད། ཅེས་བཤད་དེ་རྙོག་དྲ་སྣ་ཚོགས་བཟོས་པ་འདས་པའི་བྱུང་རབས་ལ་བལྟས་ནའང་ཆེས་མང་པོ་རེད། ད་ཀླུ་སྒྲུབ་དགོངས་རྒྱན་སྐོར་ཞོར་འཕྲོས་དེ་ཙམ་ཡིན།

ད་རིང་འདིར་རི་བོང་གི་མཆུ་ཤོ་ས་ནས་བཤད་ཡོད། ཀླུ་སྒྲུབ་དགོངས་རྒྱན་གྱི་སྤུ་འཇམ་ས་ནས་བཤད་དགོས་ན་མང་པོ་བཤད་རྒྱུ་ཡོད། རྗེས་སུ་དུས་ཚོད་ཟུར་དུ་བྱུང་ན་གླེེང་མོལ་ཞིབ་ཏུ་བྱ་ཆོག (ཚང་མ་དགོད་སྒྲས་ཁྱབ།)

2016/04/14

འཆད་ཁྲིད་བྱ་ཐབས་སྐོར་གྱི་བསམ་འཆར་ཚིག་གཉིས།

ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་།
འདི་ནས་འཆད་ཁྲིད་བྱ་ཐབས་དང་འབྲེལ་བའི་རྨོངས་འཆར་རེ་གཉིས་བརྗོད་འདོད་བྱུང་། དེང་ཁྲི་ཁར་མངོན་པར་འགྱིངས་པའི་ཆེ་གེ་མོ་ཡིན་སྐད་གྲགས་པ་འགའ་རེས་གསུངས་པ་གོ་ཐོས་ལ།  མང་ཚོགས་ཀྱིས་མ་གོ་བའི་ཆོས་ཤིག་གསུངས་ན་ཆོས་འཆད་སྟངས་མི་མཁས་པའམ། ཡང་ན། ཚོར་བ་དངོས་དང་མ་མཐུན་པས་ཆོས་ཁྲིད་ལེགས་པོ་མིན་པར་སྨྲ་ཞིང་།

"སྐྱབས་སུ་མཆི།"
བླ་མ་ག་གེ་མོ་རང་ཉིད་ཀྱིས་ནི་དུས་ནམ་ཞིག་ཡིན་ཡང་། གནས་སྐབས་ཀུན་ཏུ། ཆོས་ཅི་ཞིག་གསུངས་ཀྱང་། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་རྐྱང་རྐྱང་གི་བསླབ་བྱ་དེ་འདྲ་ཁོ་ནའི་སྟེང་དུ་དབུ་འཁོར་བ་དང་། དེ་ལས་ཅུང་ཟད་ཚད་མཐོ་ན་སྐྱབས་འགྲོའི་བསླབ་བྱ་ཙམ་རེ་ངོ་སྤྲོད་བྱས་ནས་ལོ་འཁོར་མར་འདི་ཙམ་ཞིག་གི་ནང་དུ་གླུ་བརྒྱ་ངག་གཅིག་གི་ཚུལ་དུ་བསྐོར་ནས་འདུག སྟོན་པ་ཐུབ་པའི་དབང་པོའི་དཔྱད་གསུམ་རྣམ་པར་དག་པའི་བཀའ། རྒྱ་གར་ཚད་ཐུབ་ཀྱི་པཎ་གྲུབ་རྩོད་མེད་དག་གིས་ཞིབ་ཏུ་བཀྲལ་བ། བོད་ཁ་བ་ཅན་ལ་ཤིན་ཏུ་བཀའ་དྲིན་ཅན་གྱི་ལོ་ཙཱ་བ་རྣམས་ཀྱི་དཀའ་སྤྱད་བརྒྱ་ཕྲག་གིས་བསྒྱུར་བ། རིས་སུ་མ་ཆད་པའི་བོད་སྔ་ཕྱིའི་བླ་མ་དམ་པ་དག་གིས་མན་ངག་ཟབ་མོས་ཞིབ་བཤད་ཀྱིས་གཏན་ལ་ཕབ་པའི་འཇིག་རྟེན་སྤྱིའི་གཅེས་ནོར་དུ་གྱུར་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་འཇིག་རྟེན་ཀུན་ལ་ཕན་བདེ་ལེགས་ཚོགས་ཟད་མི་ཤེས་སྟེར་བའི་གཞི་ལམ་འབྲས་བུའི་རྣམ་གཞག་ངོ་མཚར་བ་ཡོད་པ་དག་ཡལ་བར་དོར། དེ་འདྲའི་འགྲེལ་བཤད་ནི་འཆད་ཁྲིད་མཁན་རང་ཉིད་ཀྱིས་ཤེས་ཐབས་བྱས་པར་ཕར་བཞག གཞུང་ལུགས་ཆེན་པོའི་ཆོས་སྐད་དེ་འདྲ་ནི་དགོས་པ་མེད་ཅིང་། མགོ་ན་བའི་རྒྱུར་སེམས་པ། ད་དུང་གཤགས་འབྱེད་ཐབས་ཙམ་རེད། དགོས་པ་མེད་པས་བཤད་ནས་ཅི་ཕན། ཞེས་སྡིག་སྙིང་ཆེན་པོས་ལོག་འགྲེལ་ཡང་བརྒྱབ།

ཤིན་ཏུ་ཡིད་ཕམ་པ་ཞིག་ལ། གདན་ས་ཆེན་པོར་བློ་གཉེར་བྱས་པའི་དགེ་བཤེས་དང་མཁན་པོ་འགའ་རེས་ཀྱང་རང་ནོར་ཉམས་ཀྱིས་མ་ཆོད་པ། གཞན་གྱི་མཆིང་བུ་ཙམ་ལ་འགྲམ་ཆུ་ལྡང་སྟེ། མི་ཚེ་ཧྲིལ་པོར་བློ་གཉེར་དཀའ་སྤྱད་བྱས་པའི་བློ་སྦྱོང་འདིས་ནང་ཆོས་ངོ་སྤྲོད་ཀྱི་གོ་མ་ཆོད་པར་དེ་དག་ཡལ་བ་དོར་ཏེ་ཟ་སྟངས་འདུག་སྟངས་ལེགས་པོར་བྱེད་དགོས་པའི་བསླབ་བྱ་ཙམ་གྱི་སྟེང་དུ་ལྟག་ལོག་བརྒྱབ་ཅི་ཐུབ་བྱེད་པ། 

ཡང་དེའི་རིགས་སུ་གཏོགས་པའི་སྙིང་ལ་བདུད་ཏོ་ཞུགས་པའི་ཁ་དྲག་ཅན་འགའ་རེས་ཀྱང་གདན་ས་ཆེན་མོའི་སློབ་ཁྲིད་བྱ་ཐབས་ལའང་བསྐྱར་ཞིབ་དགོས་ཚུལ་བཤད་དེ་གདན་ས་ཆེན་པོའི་སློབ་ཁྲིད་བྱ་ཐབས་ཀྱང་སླ་ཆོས་ཁོ་ནར་བྱེད་དགོས་པའི་རེ་ངན་བཅངས་པ་ནི། ནང་བསྟན་སྤྱི་དང་ལྷག་པར་བོད་བརྒྱུད་ཁྱད་འཕགས་ཀྱི་ནང་བསྟན་རིན་ཐང་བྲལ་བ་འདི་རྟོག་དཔྱོད་ཞིབ་འཇུག་དང་ཉམས་ལེན་གཏིང་ཟབ་བྱ་རིན་མེད་པར་གསོལ་འདེབས་སྨོན་ལམ་ཙམ་དང་། ལྷ་སྒྲུང་འདྲེ་སྒྲུང་ཙམ་གྱི་གཏམ་རྒྱུད་ཀྱི་ལྗིད་ཁོག་ལས་མེད་པའི་བྱབ་ཆུང་དོན་ཆུང་གི་ལམ་དུ་བརྫང་པའི་སྟ་གོན་མཉམ་དུ་བྱས་པ་ཞིག་ཅི་ལ་མིན།

དང་པོ།
དཔལ་ཆོས་གྲགས་ཀྱིས། ཐབས་བྱུང་དེར་གྱུར་ལྐོག་གྱུར་པ།། དེ་འཆད་པ་ནི་དཀའ་བ་ཡིན།། ཞེས་གསུངས་པས། རང་གིས་མ་ཤེས་ན་གཞན་ལ་འཆད་པའི་གཞི་མེད་པས་སློབ་གཉེར་ཚུལ་བཞིན་བྱེད་དགོས། གཞན་དུ། རང་གིས་མ་མཁྱེན་པ་རྒྱུ་མཚན་དུ་བྱས་ནས་གཞན་གྱིས་ཀྱང་ཤེས་མི་ཆོག་པ་དང་། ཤེས་མི་རུང་བ་དང་། ཤེས་ཀྱང་ལོག་པར་ལྟ་བ། དངོས་ཤུགས་བརྒྱུད་གསུམ་ནས་ངས་བཤད་པ་འདི་ལས་གཞན་མེད། ཡོད་ན་ལོག་པ་ཡིན་པའི་གོ་བ་བརྡ་ལོག་གི་བཀའ་མོལ་ནམ་ཡང་གསུང་མི་རུང་། རང་ཉིད་ལ་ཁ་ཕྱོགས་པའི་སློབ་མ་རྣམས་སེམས་གཏིང་ནས་ཕན་སེམས་ཡོད་ན་རང་གིས་ཇི་ཙམ་ཕན་ཐོགས་མིན་ནི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས། རང་ལ་དེ་ཙམ་གྱི་ནུས་པ་མེད་ན་ཡང་དག་པའི་ལམ་བཟང་སྟོན་པའི་བཤེས་གཉེན་རྣམ་དག་དང་ཚད་ཐུབ་ཅིག་མཚམས་སྦྱོར་ངེས་པར་བྱ་དགོས། དེ་འདྲའི་ལྟ་བ་དང་འཆར་སྒོ་ཡངས་པའི་སློབ་དཔོན་དེ་ནི་གཏན་གྱི་མདུན་མའི་གཞི་འཛུགས་པའི་དམིགས་བུ་བཟང་པོ་ཞིག་ལ་ངོས་འཛིན་བྱ་འོས།

གཉིས་པ།
སྟོན་པ་སངས་རྒྱས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སོགས་གསུངས་པ་ལ་དགོས་པ་ཁྱད་པར་ཅན་ཅི་ལ་མེད། རྒྱ་གར་པཎ་གྲུབ་བཅུ་བདུན་སོགས་ཀྱིས་དཔྱད་གསུམ་རྣམ་པར་དག་ཅིང་། དགག་བཞག་སྤོང་གསུམ་གྱི་སྒོ་ནས་བསྟན་འགྱུར་གླེགས་བམ་ཉིས་བརྒྱ་ལྷག་ཙམ་ཤུལ་བཞག་མཛད་པ་ལ་དོན་ཆེན་པོ་ཞིག་ལོས་ཡོད། བོད་སྔ་ཕྱིའི་རིས་མེད་མཁས་གྲུབ་ཚད་ཐུབ་དག་གིས་བསྐྱར་འགྲེལ་ཡང་འགྲེལ་བྱས་པའང་དགོས་པ་མེད་པ་ཅི་ལ་ཡིན།

 དེས་ན་གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་ལ་ཆོས་ཀྱི་གནས་ཚོད་ཀྱང་དེ་དང་འཚམ་པར་འཆད་ཁྲིད་བྱེད་དགོས་པ་ལས། བཤད་ཚད་མི་དགེ་བཅུ་དང་མཚམས་མེད་ལྔ་ཁོ་ནའི་སྟེང་དུ་བསྐོར་ནས་བཞུགས་ཚེ་སངས་རྒྱས་ཀྱི་ཆོས་ཚུལ་རྨད་དུ་བྱུང་བ་འདི་ལ་གཏིང་ཚུགས་པའི་བྲོ་བ་ཞིག་རྙེད་མི་སྲིད། སངས་རྒྱས་ཀྱི་ཆོས་ཚུལ་སླ་ཆོས་དེ་ཙམ་ལས་ཞག་རྩི་གདོན་རྒྱུ་མེད་ཚེ་པཎ་གྲུབ་བཅུ་བདུན་དང་བོད་ཀྱི་མཁས་པ་རྣམས་ཀྱི་གླེགས་བམ་རི་རབ་ཀྱི་བོང་ཚོད་མཉམ་པ་ཤུལ་འཇོག་དགོས་དོན་ཅི་ཡོད།

གསུམ་པ། 
ནང་ཆོས་ལ་གོ་རྟོགས་དམན་པའི་སྤྱི་ཚོགས་ནང་མང་ཚོགས་སུ་གོ་བདེ་ཞིང་ཡིད་ལ་འཇགས་སླ་བའི་གོ་ཙ་ཉན་བདེའི་བཀའ་མོལ་གསུངས་ཐུབ་པ་ནི་ཆོས་འཆད་ཁྲིད་པ་ཞིག་ལ་ངེེས་པར་དགོས་པའི་ཁྱད་ཆོས་གལ་ཆེ་ཞིག་ལོས་ཡིན་ཡང་། བློ་རབ་འབྲིང་ཐ་གསུམ་དང་བསྟུན་ནས་ཆོས་ཚུལ་ཡང་ཕྲ་རགས་བར་གསུམ་འཆད་ཤེས་དགོས་པ་ལས། ཐུག་ཚོད་ལ་བརྒྱ་ཁ་གཅིག་ཆོད་བྱ་མི་རུང་། ཁྱད་པར་སྐབས་གང་ཡིན་གྱི་བརྗོད་དོན་ལ་མཐར་ཆོད་པའི་གཞུང་བཤད་དང་། རྩོད་བཤད་གཏིང་ཚུགས་པ་དགོས་པ་ལས། སྐབས་དོན་སྟོར་ནས་བཀའ་མོལ་མང་ཆེ་ཤོས་སྤྱི་ཚོགས་ཇུས་གཏོགས་འབའ་ཞིག་ཏུ་སོང་དྲགས་པས་འོག་གི་སློབ་ཚོགས་རྣམས་སྐད་ཤོར་བའི་དགོད་བྲོ་བའི་གནས་ཚུལ་བྱུང་བ་ལའང་ཐུགས་སྣང་དགོས།

ངས་བཤད་འདོད་པ་ནི། རིས་མེད་གདན་ས་ཆེན་པོ་དག་གི་འཆད་ཁྲིད་བྱ་ཐབས་རྨད་དུ་བྱུང་བ་འདི་དག་གི་རིན་ཐང་མ་མཐོང་བར་དེ་དག་རང་གིས་གང་འཚམ་ཤེས་བཞིན་དུ་ཡལ་བར་དོར་ཞིང་། དེས་ཆོས་འཆད་ཁྲིད་ཀྱི་གོ་མི་ཆོད་པར་ཆོས་འཆད་ཁྲིད་ཟེར་དུས་གྲོང་པར་སློབ་གསོ་གཏོང་སྟངས་ལྟ་བུའི་སྐད་ཆ་ཁོ་ན་ཞིག་ལ་ངོས་འཛིན་པ་ནི་ཆེས་ནོར་བའི་བསམ་འཆར་ཞུ་བཞིན་པ་ལས། དེ་དག་དགོས་མེད་དུ་གཏན་ནས་ངོས་འཛིན་བྱས་པ་མིན་པའང་འདི་ནས་ཤེས་དགོས་པར་ཤིན་ཏུ་གལ་ཆེའོ།།

བཞི་པ། 
ནང་པའི་གཞི་ལམ་འབྲས་གསུམ་ལ་ཐེམ་པ་རིམ་འཛེག་གི་བརྒྱུད་རིམ་ཞིབ་ཅིང་ཕྲ་བ་ཡོད་པས། ཚེས་གཅིག་ནས་སུམ་ཅུ་བར་དམྱལ་བའི་སྡུག་བསྔལ་དང་། དལ་འབྱོར་རྙེད་དཀའ་འབའ་ཞིག་གིས་གོ་ཆོད་དཀའ་བས། གོ་རིམ་དང་། འཆར་གཞི་ལྡན་པའི་འཆད་ཁྲིད་བྱ་དགོས། རྙིང་དོར་བཅུད་ལེན་ཞེས་པ་སྔ་སྲོལ་ཡོད་དོ་ཅོག་ཕན་མེད་གད་སྙིགས་ལ་བསྒྱུར་དགོས་པའི་དོན་གཏན་ནས་མིན་པ། དངོས་ཐོག་བདེན་འཚོལ་གྱིས་འཕྲལ་ཕུགས་ཀུན་ལ་ཕན་པ་ཡོད་མེད་བརྟགས་ཏེ། འདོར་ལེན་དགོས་པའི་དོན་ཡིན།

ལྔ་པ། 
གདན་ས་ཆེན་མོའི་ར་བའི་ནང་བཞུགས་པའི་སློབ་གཉེར་བ་དག་ནི་ནང་བསྟན་སློབ་གཉེར་ཚད་མཐོ་ཤོས་རིམ་པ་དང་པོའི་གྲས་སུ་གཏོགས་པས། འདི་དག་ལ་སློབ་ཁྲིད་བྱེད་སྟངས་གོ་བདེ་རགས་རིམ་དང་། བམ་བཤད་ཚིག་འགྲེལ་ཙམ་གྱི་ཁྲིད་ཐབས་སྟབས་བདེར་བསྒྱུར་དགོས་པར་འདོད་པ་ནི། ཆེས་ཤིན་ཏུ་ཡིད་དབང་འཕྲོག་ཅིང་སྤུས་ཚད་ལྡན་པའི་གདན་སའི་དཔེ་ཁྲིད་བྱ་ཐབས་རྨད་དུ་བྱུང་བ་དག་ལ་རྒྱུས་མངའ་ལྟ་ཞོག་དྲི་མ་ཙམ་ཡང་སྣོམ་མྱོང་མེད་པའི་གདོན་ལག་ནང་དུ་བསྲིངས་པ་སྟེ། ཐུན་མོང་མིན་པའི་འཆད་ཁྲིད་ཀྱི་ཕྱག་སྲོལ་འདི་དག་ཆ་རྒྱུས་ཅུང་ཟད་ཙམ་ཡོད་ན། ལ་ཕུག་གི་སྡུག་བསྔལ་ཆེ་རབས་ལྟ་བུའི་རགས་བཤད་ཙམ་གྱིས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དཀའ་གནད་གསེད་བཀྲོལ་ཐུབ་མིན་བརྟག་ན་ཤེས་སླ་སྟེ།

རིགས་པའི་དབང་ཕྱུག་ཡབ་སྲས་ཀྱི་ཚད་མ་རིག་པའི་རིགས་ལམ་དྲི་མ་མེད་པ་རྨང་གཞིར་བྱས་པའི་སྟེང་དུ་དགག་གཞག་སྤོང་གསུམ་དང་། དཔྱད་གསུམ་རྣམ་པར་དག་པའི་ལམ་ནས་སྤྱིའི་ཁོག་འབུབས། ཚིག་གི་དངོས་འགྲེལ། དོན་གྱི་སྐབས་བབ། གཞུང་སྔ་ཕྱིའི་འབྲེལ། དེ་འབྲེལ་རིས་མེད་ཀྱི་གཞུང་གཞན་དང་ཞིབ་བསྡུར། བཀའ་བསྟན་ཁུངས་འཚོལ་བ་སོགས་ཀྱིས་གཏིང་ཚུགས་པའི་སྲོལ་རྒྱུན་ཞིབ་ཁྲིད་ཀྱི་མན་ངག་བཟང་པོ་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་གནས་པ་འདི། རང་ལ་ཡོད་གོ་ཆོད་པ་དང་། གཞན་ལ་ངོམ་རིན་ཡོད་པའི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་ཡིན་པ་འདི་ང་དང་ང་ལྟ་བུའི་ཀླད་མེད་གཞན་གྱི་ཟེར་རྗེས་པ་དག་ལ་དྲན་གསོ་ནན་མོ་ཐེངས་ཤིག་བྱ་འདོད་བྱུང་།

རྒྱུ་མཚན་ནི། ཁྲིད་ཐབས་འདིས་སྐབས་བབ་གནས་ལུགས་ཅི་ཞིག་གཏན་འབེབས་བྱས་ཀྱང་། རིགས་པའི་ལམ་ནས་སོ་སོའི་སྤུ་རིས་མ་འདྲེས་པར་འབྱེད་པ། གཏིང་ཚུགས་པའི་ངེས་པར་སྟེར་བ། གྲུབ་དོན་ལ་ལྡོག་ཏུ་མེད་པའི་ཡིད་ཆེས་བརྟན་པ་རྙེད་པ་སོགས་ཀྱི་ལག་རྗེས་ལ་ནི་གང་གིས་ཀྱང་ཁྲིད་ཐབས་འདིའི་ཚབ་མཚོན་བྱེད་མི་ཐུབ་པ་མྱོང་བས་ཀྱང་གྲུབ་པ་འདིའོ།།

དྲུག་པ།
འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཀྱང་། ཉེ་དུས་བཀའ་སློབ་ཅིག་ཏུ།
 "འགའ་ཞིག་གིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་མཁྲེགས་དྲགས་འདུག གོ་མི་ཐུབ་ཟེར་མཁན་འདུག ཆོ་མེད་པའི་སྐད་ཆ་རེད། མ་གོ་བ་དེ་ཨེ་གོ་ལྟ་དགོས་པ་རེད། དེ་ལ་ཡར་རྒྱས་ཟེར། ཤེས་ཤེས་པ་ཡིན་ན་གླེགས་བམ་འདི་སྒྲིག་དགོས་དོན་ཅི་ཡོད"ཅེས་གསུངས་པ་འདི་ལ་ཀུན་གྱིས་དགོངས་བཞེས་མཛད་དགོས། རྨོངས་འཆར་གང་དྲན་ལྷུག་པོར་བརྗོད་ཅིང་དཀར་ནག་ཕྲ་གསུམ་དངོས་མཐོང་གིས་མྱོང་བ་དང་ལྟ་ཚུལ་ཆ་ཙམ་གསོང་པོར་སྨྲས་པ་འདི་ཡང་འུ་ཅག་ཐུན་མོང་གི་བསམ་པའི་ལོངས་སྤྱོད་བླ་ན་མེད་པ་བོད་བརྒྱུད་ནང་བསྟན་ལ་གཅེས་སེམས་ཉག་གཅིག་གིས་ཞུས་པ་ལས་གང་ཟག་བྱེ་བྲག་ཅིག་ལ་དམིགས་རྟེན་བཞག་པ་གཏན་མིན་པའང་ཀློག་མཁན་ཀུན་གྱིས་དགོངས་དབྱིངས་སུ་མངའ་དགོས།                                  
2016/4/4/ལ། ཁ་དྲོ་བཀྲ་ཤིས།



2016/04/06

རྒྱལ་དབང་ཐུགས་ཕམ་ལོས་ཡོང་།


ཝཱཎ་བྱམས་པ་ལྷུན་གྲུབ།
སྤུན་ཟླ་ཁྲི་འབུམ་བསད་པའི།
དགྲ་བོར་ཕར་རྒོལ་མི་ཐུབ།
ནངས་སྔ་ཉི་མ་ཤར་ནས།
དགོང་དྲོ་མུན་རུབ་བར་དུ།
སྨྱུག་གྲི་ནང་ལ་སྐོར་ནས།
ནང་འཁོན་བྱེད་པའི་སྐྱོ་གར།
འགོ་བའི་ནད་ལྟར་ཁྱབ་ནས།
ཉིན་བཞིན་ཇེ་སྡུག་འགྲོ་འདི།
མཐོང་བས་སྐྱུག་མེར་ལངས་སོང་།

དགོས་པའི་དགྲ་བོར་མི་རྒོལ།
མི་དགོས་ཆོལ་གསུམ་ཁ་གཏོར།
སྤྱི་འགན་རྩ་དོན་འཐབ་རྩོད།
རྒྱ་དམར་གཞུང་ལ་མི་བྱེད།
རང་གཞུང་བོད་མིའི་སྒྲིག་འཛུགས།
རྩ་གཏོར་བཏང་བར་འབད་ཅིང་།
ཆོལ་གསུམ་ཆིག་སྒྲིལ་གཏོར་ན།
རྒྱལ་དབང་ཐུཊ་ཕམ་ལོས་ཡོང་།

ཆོལ་དང་ཆོལ་འབྲེལ་ནད་འདི།
བླ་མས་མི་ཐུལ་གདོན་འདྲ།
སྨན་པས་མི་ཐུལ་སྐྲན་འདྲ།
བླུན་པོ་རྣམས་ནི་ལྟ་ཅི།
མཁས་མིན་འཛིན་པ་དག་ཀྱང་།
བརྒྱ་བཤད་སྟོང་བཤད་བྱས་ཀྱང་།
གཟུ་བོར་གནས་མདོག་བྱས་ཀྱང་།
མདོར་དོན་འབབ་ཚུགས་འདིར་བབ།
མཐའ་ཐུག་འགོས་ནད་འདིས་ཟིན།
རྒྱལ་དབང་ཐུགས་ཕམ་ལོས་ཡོང་།

རྒྱལ་དབང་ཐུགས་ཕམ་བྱུང་བར།
དོན་དངོས་སེམས་འཚབ་ཡོད་ན།
ཆོལ་ལ་དགའ་ཞེན་ཡོད་ཀྱང་།
བོད་མིའི་སྤྱི་དོན་བསམས་ནས།
ཁ་དང་སྨྱུ་གུའི་མདའ་མཚོན།
བོད་པའི་ནང་ལ་འཕངས་ནས།
ཆོལ་གསུམ་ཆིག་སྒྲིལ་མ་བཤིག།
བོད་མིའི་སྒྲིག་འཛུགས་མ་གཏོར།
ཁ་དང་སྨྱུ་གུའི་མདའ་མཚོན།
འཕེན་ན་དགྲ་ལ་འཕོང་དང་།
གཏོར་ན་རྒྱ་གཞུང་གཏོར་དང་།

རྒྱལ་བའི་དོན་གྱི་དགོངས་པ།
བྱམས་དང་སྙིང་རྗེ་བསླབ་རྒྱུ།
འཛམ་གླིང་ཞི་བདེ་སྤེལ་རྒྱུ།
ཆོས་ལུཊ་རིས་མེད་བཀུར་རྒྱུ།
ཆོལ་གསུམ་མཐུན་སྒྲིལ་བྱ་རྒྱུ།
སྒྲིག་འཛུཊ་སྲ་བརྟན་ཡོང་རྒྱུ།
རྩ་དོན་མཉམ་མཐུན་རྩོད་རྒྱུ།
ནང་ཁུལ་ཞེ་འཁོན་སྤང་རྒྱུ།
དེ་དག་གཏོར་བཤིག་བཏང་ན།
རྒྱལ་དབང་ཐུཊ་ཕམ་ལོས་ཡོང་།

དེས་ན་ནངས་ལངས་དུས་ནས།
རྒྱལ་བའི་བཀའ་དགོངས་བསམ་ནས།
ཆོལ་གསུམ་མཐུན་སྒྲིལ་བསམ་ནས།
བོད་མའི་རྩ་དོན་བསམ་ནས།
སྤུན་ཟླའི་ཁ་ཆེམས་བསམ་ནས།
ཆོལ་ནད་དབང་དུ་མ་གཏོང་།
ཆོལ་དཀྲུག་ལས་ངན་མ་རྩོམ།
ནང་ཁུལ་ཟིང་འཁྲུག་མ་སློང་།
དགྲ་དགའ་གཉེན་སྡུག་མ་བྱེད།
བོད་ཕམ་རྒྱ་རྒྱལ་མ་བྱེད།
ཆིག་སྒྲིལ་ལས་ལ་འབད་རོགས།

{ཝཱཎ་བྱམས་པ་ལྷུན་གྲུབ་ནས། ༢༠༡༦ ༤། གི་དགོང་མོར། དེང་སྐབས་བློ་ཕམ་པ་དང་སྐྱུག་བྲོ་བའི་ནང་འཁྲུག་དང་ནང་དཀྲུག་གི་ལས་ངན་དེ་དག། ཉིན་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པ་མཐོང་ཐོས་བྱུང་བས་ཐོལ་བུར་བྲིས།}

བློ་བཟང་སེང་གེ་རྩ་དགོངས་ཞུས་ཤོག





ལྷ་མི་ཐམས་ཅད་འཁྲུགས། ཆོལ་ཞེན་ཡོད་ཚད་སློང་བའི་དེ་རིང་། འོས་ཤོར་བའི་སྡུག་ནད་མ་ཐེབས་ཤིང་། དོན་གྱི་ཕམ་ཁ་ཁེལ་བས་ནད་མ་ཆོག་པར་ལ་ལས་ངུ་འབོད་དང་། རེ་འགས་དམོད་མོ་བཏབས་ནས་ཟམ་འོག་གི་སྤྲང་པོ་ཁྱུ་ཅིག་གིས་སྤྲང་འཛིང་ལྡིར་རེ་བྱེད་པ་དང་གཉིས་སུ་མེད་པ་ཞིག་ད་ལྟ་ད་དུང་ཡང་ག་ས་གང་དུ་བྱེེད་བཞིན་འདུག མ་གཞིར་སྤྲང་འཛིང་བྱེད་པ་ལ་ལྟ་དགོས་དོན་མེད་རུང་མཐོ་དཔོན་པའི་གོ་ཐོབ་ཅན་དང་ལྷ་བླ་མའི་མཚན་སྙན་ཅན་ཚོས་རང་རང་གི་ནུས་མཐུ་རེ་བེད་སྤྱོད་བཏང་ནས་ཁྱེད་ལ་ཕྱོགས་ཀུན་ནས་གཏོར་མ་བཞིན་བཅའ་འདོད་དང་རྔ་གོག་བཞིན་རྡུང་འདོད་ཀྱི་ཁ་ལག་ཡོད་ཚད་ཐམས་ཅད་འདར་སིག་སིག་བྱེད་བཞིན་འདུག བསྟན་པོའི་དགྲ་བོ་རྒྱང་ལ་བཞག ཕ་གཞིས་འཕྲོག་མཁན་རིང་དུ་དོར་ནས་བློ་བཟང་སེང་གེ་ལ་ལྷ་མིང་ཅན་ཚོས་ཁ་གདང་མིག་བགྲོད་བྱས། དཔོན་མིང་ཅན་དག་གིས་ལག་རིང་ཐུང་བྱས་ནས་དཔུང་ངོམ་དང་གཡུལ་ངོམ་བཤམས། མངོན་ལྐོག་དང་རྒྱབ་མདུན་ཀུན་ནས་འཁྲབ་རྒྱུ་མེད་ན་མ་གཏོགས་འཁྲབ་བཞིན་འདུག་པས། ད་ནི་བློ་བཟང་སེང་གེ་ཁྱེད་ཀྱང་རྟ་ཁེར་རྒྱུག་དང་དཔའ་བོ་ཁེར་བུད་བྱེད་དགོས་དོན་མེད་ལ། རྡ་སའི་རི་ངོགས་ཀྱི་ཕྱི་ཁང་པ་ཨ་འདམ་ཅན་ལ་ནང་རུལ་སུངས་ཀྱི་རྙིང་དྲི་ཅན་དེ་ཐབས་དགུ་ལན་བརྒྱ་ཡིས་སྐྱོང་དགོས་དོན་ཅི་ཞིག་ཡོད། སྐྱ་ཆད་སྔོ་སྡུག་གི་སྒྲིག་འཛུགས་སྤར་མོ་གང་དེ་ཁྱེད་གཅིག་པུས་གནམ་ལ་དཀྱག་དགོས་དོན་མེད་ལ་ལག་ཐོག་ཚད་ཀྱིས་ཐུར་ལ་འདྲུད་དུས་ཁྱེད་ཁོ་ནས་ལ་ལ་འདྲུད་ཐབས་ཀྱང་ཨེ་ཡོད་མི་ཤེས།

བདེ་སྐྱིད་ཆོས་དབྱངས་ཀྱིས་འཁྲབ་སྟོན་ལེའུ་དང་པོ་ཚར་མ་ཐག་འབྲོག་ཆུང་དངོས་གྲུབ་ཀྱིས་ལེའུ་གཉིས་པ་དབུ་བཙུགས་ཏེ་སྟོན་མོ་གཤམ་འགོ་བརྩམས་ནས་ལྷ་འཁྲུགས་ནས་ཐལ་རྡུལ་མ་ཡལ་གོང་། མི་འཁྲུགས་པའི་རྡུལ་འཚུབ་སློང་འགོ་བརྩམས་ཏེ་ནག་ཉེས་ཡོད་ཚེ་བློ་སེང་གི་མགོ་ཐོག་ཏུ་གཡོགས་འདོད་དང་། སྡིག་ཉེས་ཆ་ཚང་བློ་སེང་གི་མིང་ཐོག་ཏུ་འཇོག་བསམ་གྱིས་རྩ་དགོངས་དང་ཡོངས་དགོངས་ཞུས་ཏེ་རང་ཉིད་དཀར་པོ་བྱུང་ན་ཅི་ཡང་བྱེད་ཐུབ་པའི་སྐུ་ངོ་འདི་ཚོའི་སྐྱུག་མེར་ལང་སའི་བྱེད་བབ་འདི་དག་བློ་བཟང་སེང་གེ་ཁྱེད་ཀྱིས་མཐོང་ཡོད་ཚད་རེད་ལ་གོ་དགོས་ཚད་རེད།  ད་ནི་བློ་བཟང་སེང་གེ་ཁྱེད་དང་ཁྱེད་ལ་རེ་བའི་མི་མང་ཁྲི་ཕྲག་ལྷག་ལ་འགྲོ་བསམ་ན་ལམ་དཀར་པོ་མི་འདུག་ཅིང་། སྡོད་བསམ་ན་ས་གྲུ་བཞི་ཞིག་མི་རག་པས། སྐབས་རྗེས་མའི་སྲིད་སྐྱོང་ལས་དགོངས་ཞུ་གནང་སྟེ་ཕྱིར་ཨ་རི་ལ་ཕེབས་རོགས། ས་དེ་ལ་ཁྱེད་ཉིད་ཤོང་སའི་ནམ་མཁའ་དང་རང་ཉིད་བཞུད་སའི་ལམ་ཆེན་དེ་ཡོད་པས་སྤྲང་ཚང་འདི་ལས་རིང་དུ་གྱེར་རོགས།

དེ་རིང་སང་ཉིན་བཙན་བྱོལ་ནང་དུ་ཁ་གདངས་ནས་སྡོད་ན་ཁ་ནང་འབུ་སྐྱག་འདྲ་མ་གཏོགས་ཅི་ཡང་ཟག་རྒྱུ་མེད་པར་ཤེས་ནས་བོད་ལ་འགྲོ་མཁན་ཇེ་མང་ནས་ཇེ་མང་དང་། ཕྱི་རྒྱལ་དུ་སོང་ནས་རང་ཁ་གསོ་ཐབས་ཙམ་ལས་མི་རིགས་ཀྱི་རང་དབང་བསྐྱར་གསོ་དང་མི་རིགས་ལ་བཅངས་པའི་སེམས་ཤུགས་ཡོད་ཚད་བརླགས་ཏེ། མི་རིགས་གཞན་སྒྱུར་གྱི་ལས་ཀ་བྱེད་མཁན་ཉིན་རེ་ལས་ཉིན་རེ་ཇེ་འཕར་འགྲོ་བཞིན་པ་ནི་ཧ་ཅང་གསལ་པོ་ཡིན་ལ། ད་ལན་འོས་བསྡུའི་ནང་དུ་མི་ཁྲི་བཞི་ལྷག་གིས་ཆ་ཤས་གཏན་ནས་མ་བླངས་པར་འདི་ནས་གསལ་པོར་གྱུར་ཡོད། འོས་མི་བླུག་པའི་ངོ་རྒོལ་ལས་འགུལ་ཡང་བརྩམས་ཏེ་རྡ་སའི་རི་ངོགས་ལ་རེ་བ་དང་ཡིད་ཆེས་མེད་པ་གསལ་སྟོན་བྱས་ཡོད།

རྡ་སའི་རི་ངོགས་ཀྱི་སྒྲིག་འཛུགས་འདིའང་ཚོགས་པ་ཞིག་ལས་མི་ཤེད་ཅན་ཞིག་གིས་ཁུར་ཐུབ་ཚད་དང་། བུ་དཔའ་བོ་ཞིག་གིས་སྐྱོང་ཐུབ་རྒྱུ་ཞིག་མ་ཡིན་པར་གོང་གི་དབུ་ཁྲིད་ཀྱི་ལམ་སྟོན། གཤམ་འོག་གི་གཞུང་ཞབས་ཚོས་ཤར་སྐྱོད། མི་མང་དག་གིས་སེམས་ཁུར་དང་རོགས་རམ་བཅས་ལ་བརྟེན་ནས་འགྲོ་དགོས་པ་ཞིག་ཡིན་རུང་། ད་ཆར་འོས་ཤོར་གྱི་སྨྱོ་ནད་འཚབ་ཆེན་དེ་འགོས་ནད་བཞིན་ས་ཁྱབ་རྡབ་ཁྱབ་ཏུ་སོང་ནས། རྡ་སའི་རི་ངོགས་ཀྱི་སྒྲིག་འཛུགས་དེ་དུམ་བུ་དགུ་ལ་སོང་ཡང་ཁྱད་ཅིག་གཏན་ནས་མེད་པར། ལྷ་མི་ཐམས་ཅད་སྨྱོ་འཚུབ་འཚུབ་བཟོ་དུས། བློ་བཟང་སེང་གེ་ཁྱེད་དང་ཁྱེད་ལ་རེ་བའི་མི་མང་ཚོས་བློ་ཕམ་དང་ཡིད་ཆད་འབུམ་ཁྲག་གཅིག་ཁུར་ཏེ། རྡ་སའི་རི་ངོགས་ནས་ཕྱིར་འཐེན་བྱེད་རྒྱུ་འདམ་ཁ་ཞིག་མི་བརྒྱབ་དཀའ་མེད་རེད་ལ། འགྲོ་ལམ་མེད་ས་ནས་ཨུ་ཚུགས་ཤིག་མི་བྱེད་པར་ཕྱི་ནུབ་བྱེད་རྒྱུ་འགོ་མ་བཙུགས་རང་བཙུགས་རེད། འདི་ནི་གདམ་ཁ་མེད་པའི་གདམ་ཁ་ཞིག་ཡིན།

སྒྲིག་འཛུགས་འདི་ཁོ་ཚོའི་རྐུན་ལག་ནང་དུ་ཡོད་གྱུར་ན་ཁྲ་རིལ་རིལ་དང་སྣུམ་བཙིར་བཙིར་བཟོ་རྒྱུ་ཡོད་མདོག་བྱས་ཏེ་སྐད་མགོ་ལ་མཐོ་དམན་དང་། ལག་གཡས་ལ་སུ་རིང་འདྲ་ཚད་ནས། ནམ་ཉི་མ་མ་ཤར་བར་དུ་འཁྲབ་ནས་སྡུག་ཚད་ཅིག་བཟུང་གི་མེད་ན། ཁོ་ཚོའི་ལག་ཏུ་གཅིག་ཞོགས་དང་ཁྲ་ཆུང་མིག་ལ་ལྟད་མོ་དང་གོར་གོར་རྣ་ལ་སྙན་པོ་ཞིག་ཡོང་རྒྱུ་གདན་མི་ཟ་བས། དེ་དུང་ཁོ་ཚོའི་ཁ་ནང་དུ་མཛུབ་མོ་བཅུག་ནས་འདུག་ལུགས་དེ་མཐོང་རྒྱུ་རེད། མི་རིགས་ལ་དཀའ་ངལ་དང་མི་མང་ལ་རང་དབང་དགོས་ན་དགོས་མཉམ་ལས་ངེད་ཅག་འགའ་ཤས་ལ་ཆེས་དམིགས་བསལ་གྱི་དཀའ་སྡུག་ཅིག་ཡོང་རྒྱུ་མེད་ལ། བདེན་མཐའ་གསལ་རུང་ངེད་ཅག་ལ་ལྷག་པོ་ཅིག་ཐོབ་རྒྱུ་མེད་པར། དེ་དུས་ཀྱང་ཧམ་པ་ཅན་དེ་ཚོས་ཤ་བཏོགས་ནས་རུས་པ་ངེད་ཅག་ལ་འབྲད་བཅུག་རྗེས་ད་དུང་གང་མེད་ཚད་སྦྱིིན་ཡོད་པའི་འགྱིང་ཉམས་ཤིག་སྟོན་རྒྱུ་རེད།

ད་ནས་བཟུང་རང་ཉིད་ཀྱིས་ཀྱང་སྒྲིག་འཛུགས་འདིའི་ཆ་ཤས་ཏིལ་འབྲུ་ཙམ་ལེན་རྒྱུ་མིན་པར་ཐག་གཅོད་ཟིན་ལ། རི་ངོགས་དེ་ནས་གསེར་ལྷུག་ལྷུག་འབབ་རུང་དགའ་རྒྱུ་དང་། གཡང་ལ་རྦབ་རིལ་ཐེབས་རུང་སྡུག་རྒྱུ་ཞིག་ཅི་ཡང་མེད་ན། རང་ཁ་ཁམ་བུ་ཙམ་དེ་གསོ་ཐབས་དང་གྲོད་ཁོག་རྩམ་ཁུག་འདྲ་དེ་རྒྱགས་ཐབས་ལས་རྐུ་ཇག་དང་ལྷ་འདྲེ་གདོན་བགེགས་མོད་པའི་རྡ་སའི་དཀྱིལ་འཁོར་དེ་ནས་ཕྱོགས་ཀུན་ནས་རིང་དུ་བཀྱེད་དེ་སྡོད་རྒྱུ་ལགས་པས། ཁྱེད་ཅག་གིས་རྐུབ་སྟེགས་ཐབས་ཅད་གཟུང་། གོ་གནས་ཐམས་ཆད་བླངས་ཏེ་ལྷ་གནས་ཆུང་ཆོས་རྒྱལ་ཆེན་པོ་ཟེར་བ་ལ་མོ་ལུང་ཐམས་ཅད་ཞུས། ལྷ་མོ་ཚེ་རིང་མཆེད་ལྔ་གྲགས་པ་དེར་མགོ་ལུས་ཐམས་ཅད་སྒུར་ནས་སྨྱོ་འཚུབ་འཚུབ་དང་བཟི་འཐོམ་འཐོམ་བྱེད་བཅུག་ནས་བཞུགས་རོགས། ངེད་ཅག་ལ་ཅི་ཡང་མི་ཁོམ་པས་ཁྱེེད་ཅག་ལ་འབུལ་ཆོག
2016-4-6




ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...