སྤུན་སྐལ་བཟང་རྡོ་རྗེའི་རིགས་ཆུང་ཚོགས་ལངས་ལེགས་གྲུབ་དང་བདག་གི་དྲན་ཚུལ།

སྤུན་སྐལ་བཟང་རྡོ་རྗེའི་རིགས་ཆུང་ཚོགས་ལངས་ལེགས་གྲུབ་དང་བདག་གི་དྲན་ཚུལ།

ཁོང་ནི་གཟུགས་ཡར་ཆེ་རྒྱུ་མེད་པའི་ཐོག་ཏུ་ལོ་རེར་ཕར་ནར་ནས་མི་གྲུ་བཞི་མ་ཆགས་གྲབས་རེད་ཅེས་ང་ཚོ་སྤུན་མཆེད་ཚོས་བསྟན་བཤིག་སློང་གི་ཡོད། ཁོང་གིས་ཀྱང་ཚུར་རྒན་ཡ་མ་བསོད་ནམས་ང་ཚོ་གྲས་གཟུགས་ཐུང་ནའང་ཀླད་པ་གཞན་ལས་ཆེ་ཞེས་ཀུ་རེ་བྱེད་ཀྱི་རེད། ང་ཚོས་ཁོང་གཟུགས་ཐུང་ནའང་ཀླད་པ་གྲུང་པོ་ཡོད་པར་ཤེས་ཀྱི་ཡོད། ལྷག་པར་དུ་དཔེ་ཆ་བ་ལ་དགོས་པའི་རྣམ་རིག་གྲུང་པོ་དང་། ཡུལ་ལ་དཔྱད་པ་བྱེད་མཁས་པའི་བློ་རིག་ཅིག་རང་ཆས་སུ་འདུག འདི་ནི་དཔེ་ཆ་བ་ཞིག་ལ་མཚོན་ན་རྨང་གཞི་བཟང་པོ་ཞིག་ཡིན། ཁོང་ཞོགས་ཉལ་རྒྱག་རྒྱུ་དགའ་བས་མཚམས་རེར་ཉལ་རྒྱུ་ཅུང་མང་དྲགས་འདུག་ཅེས་བཤད་དགོས་ཁེལ་གྱི་འདུག འོན་ཀྱང་དཔེ་ཆ་གང་ལྟ་བ་དེ་ཞིབ་ཚགས་པོ་དང་། སེམས་གཏད་ཅིང་དྲན་པས་བཟུང་། ་གཞུང་ཚན་རེ་རེ་ལ་དཀའ་གནད་དང་དོགས་པ་གང་ཡོད། ཞིབ་ཆ་དང་འཛིན་མཚམས་ཅི་དགོས་སོགས་དཔེ་ཆ་ལྟ་སྟངས་ལེགས་པོར་ཤེས་ཀྱི་འདུག་པས་ཞོགས་ཉལ་ཅུང་རྒྱགས་ནའང་སྤུན་མཆེད་ཚོས་གང་ཡང་ཟེར་གྱི་མ་རེད། 

བར་སྐབས་ཤིག་ནས་འདི་གའི་གཞོན་སྐྱེས་མང་པོ་ཞིག་སློབ་གྲྭའི་འཛིན་གྲྭ་བཅུ་པའི་ལག་ཁྱེར་ཐོབ་རྗེས་དགོན་པར་མ་སྡོད་པར་ཕྱི་ལ་འགྲོ་བའི་ན་ཚ་ཞིག་བྱུང་སྟེ་མི་མང་པོ་ལ་སེམས་འཚབ་སློང་ཡོད། རེད་དེ། ཁོང་གི་འཛིན་གྲྭ་བཅུ་པའི་ལག་ཁྱེར་ཐོབ་རྗེས་དགོན་པ་རང་དུ་སྡོད་དེ་དཔེ་ཆ་ལྟ་རྒྱུར་དགའ་མོས་བྱེད་ཀྱི་འདུག་སྟབས་འདི་ནི་ངེད་སྤུན་མཆེད་རྣམས་ལ་མཚོན་ན་ཧ་ཅང་དགའ་པོ་བྱེད་དགོས་དོན་དག་ཅིག་ཏུ་གྱུར་སོང་། ཆོས་རྭར་ཞུགས་རྗེས་རྒྱུན་དུ་དཔེ་ཆ་ལྟ་རྒྱུ་ལ་ཀུན་སློང་གང་ཡང་བྱེད་མི་དགོས་པར་རང་མོས་ཐོག་ཏུ་དཔེ་ཆ་ལྟ་བ་ཙམ་མ་ཟད། དཔེ་ཆ་ཡག་པོ་ཤེས་ཀྱི་ཡོད་པ་དེས་ང་ཚོ་ཧ་ཅང་དགའ་སྡོད་ཡོད། ཇི་ལྟར་སྦྱོང་ནའང་མ་ཤེས་ཚེ། མདའ་ཇི་ཙམ་འཕངས་རུང་འབེན་ལ་མ་ཕོག་པ་དང་འདྲ་བས་ནམ་ཞིག་ལ་རང་གཞན་ཚང་མ་ཡིད་ཐང་ཆད་དེ། ཁྱེད་རྡོ་བཙོས་ནས་ཁུ་བ་དོན་ས་མ་རེད་ཅེས་བཤད་དགོས་ཁེལ་གྱི་རེད། སྐབས་དེ་འདྲ་ལ་རང་ཉིད་ཀྱང་དགོན་པའི་ནང་མི་མཐུད་དེ་སྡོད་འདོད་ཀྱི་བསམ་བློ་དེའང་འགྱུར་ལྡོག་ཡོང་ཞིང་། ག་ལེར་དགོན་པ་དང་ཁ་བྲལ་བའི་གནས་སྟངས་དེ་ཡོང་ངེས་ཤིང་། གྲྭ་པ་ཞིག་ལ་མཚོན་ན་དགོན་པ་དང་ཁ་བྲལ་བ་ནི་ཆེས་སྐྱོ་དགོས་པའི་ལས་དབང་ཞིག་མགོ་ཚུགས་པ་དང་འདྲ་བས་འདི་ཉིན་ནས་ཚེ་འདི་སྣང་གི་བྱ་བར་གཡེང་རྒྱུ་པང་དུ་བླངས་པ་ལྟ་བུ་ཞིག་ཆགས་རྒྱུ་རེད།  བྱས་ཙང་དཔེ་ཆ་ལྟ་བ་ཙམ་གྱིས་མི་ཚད་པར་དཔེ་ཆ་ཤེས་རྒྱུ་དེ་ནི་དགའ་འོས་པ་ཞིག་ཆགས་ཡོད།  

ཁོང་རིགས་ཆུང་ལེན་རྒྱུར་རྔམ་སྐྲག་གང་ཡང་མི་འདུག རིགས་ཆུང་མ་རག་ཐབས་མེད་བསམ་ནས་ཉིན་ཀློག་མཚན་ཀློག་བྱས་ཏེ་སྨྱོ་འཚུབ་འཚུབ་གང་ཡང་མ་བྱས་པར་རྒྱུན་ལྡན་བཞིན་དཔེ་ཆ་ཀློག་གི་འདུག ཁོང་གི་སེམས་གཏིང་དེར་རིགས་ཆུང་མ་རག་ན་དགའ་བའི་བསམ་བློ་ཞིག་ཡོད་ཚོད་འདུག ངས་ཀྱང་རིགས་ཆུང་དེ་མ་རག་དགའ་བར་བསམ་སོང་ལ། རག་ཀྱང་མ་ལེན་ན་ཡག་ག་བསམ་རུང་རང་གི་བསམ་ཚུལ་དེ་ཁོང་ལ་ཇི་བཞིན་བཤད་མ་ཕོད། ཁོང་གིས་ཀྱང་ཕྱོགས་མང་པོའི་སེམས་ཚོར་དང་རེ་བ་ལ་ལྟ་དགོས་དུས་སེམས་གཏིང་གི་དྲན་ཚུལ་རེ་གཉིས་ལས་སླ་པོར་སྒྲུབ་ཆོག་ཆོག་མེད་པར་ངས་ཤེས་ཀྱི་ཡོད། 

རིགས་ཆུང་ནི་དུས་ཚོད་མང་པོ་བཏང་དགོས་པ་ཞིག་ལ་འབྲས་བུ་དེ་འདྲ་ཐོབ་རྒྱུ་མེད་པ་ཞིག་རེད། ལྷག་པར་དུ་རིགས་ཆུང་ཕྱི་རྒོལ་རག་ཚེ་དེ་ལས་ཀྱང་སྙིང་པོ་མེད་པར་གཞན་གྱིས་འཁྲབ་གཞུང་བརྩམས་པ་ཞིག་ལ་རང་ཉིད་ཀྱིས་འཁྲབ་སྟོན་བྱེད་དགོས་པ་ལྟ་བུ་ཞིག་ཡིན། ང་ནི་ཁོང་ལ་རིགས་ཆུང་རག་པས་གང་ཡང་དགའ་མ་སོང་ལ། དེ་ལས་ཁོང་གིས་མིང་ཞིག་ཐོབ་རྒྱུར་འདོད་རྔམ་མི་བྱེད་པ་དེ་ང་ལ་མཚོན་ན་རིགས་ཆུང་རག་པ་ལས་ཀྱང་དགའ་ཆེ་བ་བྱུང་། ཏྲེ་ཧོར་སྐྱོར་དཔོན་གྱིས་ངའི་ལྷ་རམས་མིང་ལས་ལྕི་བ་སྐམ་པོ་འདིས་དགའ་ཆེ།ཞེས་པའི་གསུང་དེ་མཇལ་བ་དང་ངེད་ཅག་ལ་འདི་ལྟ་བུ་སློབ་གསོ་སྤྲོད་མཁན་རེ་ཡོད་ན་ཆོས་ལ་བརྟེན་ནས་སྡུག་པའི་ལས་སུ་འཇུག་པ་དེ་ཅུང་ཉུང་དུ་འགྲོ་སྲིད་པ་འདུག་ཅེས་ཡང་ཡང་དྲན་མྱོང་། 

རིགས་ཆུང་ཚོགས་ལངས་ཀྱི་དུས་ཡུན་ཆུ་ཚོད་ཕྱེད་ཀ་དེའི་ཆེད་དུ་ཁོང་གིས་དཀའ་ལས་མང་པོ་བརྒྱབ་སོང་། དུས་ཚོད་ཀྱང་མང་པོ་བཏང་སོང། མཐར་ཚོགས་ལངས་ལེགས་གྲུབ་བྱུང་ནས་དེ་རིང་མཛོད་སྒོ་གཉེར་གྱིན་ཡོད་པས་ངས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཚབ་ཏུ་རང་གི་དྲན་ཚུལ་འདི་འབྲི་བཞིན་ཡོད། 
སླད་མར་ཡང་མིང་ཐོབ་རྒྱུ་ལ་དགའ་ནས་ཤི་སྡོད་མཁན་ཞིག་མ་ཡོང་བ་དང་། ཨང་ཐོབ་ལ་རྩོད་དེ་གདོང་དཀར་ལོག་དམར་ལོག་གྱུར་ཅིང་། སུ་ཞིག་ལ་ཅི་ཞིག་ལབ་དགོས་ནའང་ཡ་ང་བག་ཚ་མེད་པའི་དཔེ་ཆ་བ་མགོ་མཁྲེགས་ཤིག་མ་གྱུར་བའི་སྨོན་འདུན་གྱིས་བརྒྱན་ནས་མཇུག་བསྡུས་པའོ།།

             ____སྲོང་བཙན།
ཕྱི་ལོ2018ཟླ8ཚེས10ཉིན།

Comments