འདྲེ་ཤིག་དམར་པོའི་དེབ་ཕྲེང་གཉིས་པ་ངར་སྐད་མི་ཡུལ་དུ་བལྟམས།



༈རྩོམ་པ་པོ་འདྲེ་ཤིག་དམར་པོའི་དེབ་ཕྲེང་གཉིས་པ་《ངར་སྐད།》དབུ་འབྱེད་མཛད་སྒོ་རྒྱ་གར་ལྷོ་ཕྱོགས་ནས་སྤེལ། 


ཕྱི་ལོ། ༢༠༡༩ ཟླ་བ། ༡༢ ཚེས། ༠༡ ཉིན།


སྐུ་མགྲོན་གཙོ་བོ་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་སྙན་དེབ་ངར་སྐད་དབུ་འབྱེད་གནང་། དེ་ནས་ལྷ་རམས་པ་མཁར་སྒང་བསོད་ནམས་དབང་ལྡན་ལགས་ཀྱི་རྩོམ་རིག་དང་འབྲེལ་བའི་བརྗོད་གཞི་གཉིས་ཀྱི་སྟེང་ནས་གཏམ་བཤད་སྐར་མ་བཅུའི་རིང་སྤེལ། དེས་རྗེས་མདོ་འཛིན་པ་ཁ་བའི་སྲས་ཀྱིས་རྩོམ་པ་པོའི་ངོ་སྤྲོད་དང་འབྲེལ་བའི་སྟེང་ནས་རྩོམ་པ་པོའི་བརྩམས་ཆོས་བཀླགས་པའི་མྱོང་ཚོར་གྱི་སྟེང་དུ་སྐར་མ་བཅུའི་རིང་གཏམ་བཤད་སྤེལ། དེས་རྗེས་སེར་བྱེས་ལྷ་རམས་དགེ་བཤེས་གཙང་ཁ་བསོད་ནམས་རྡོ་རྗེ་མཆོག་གིས་རྩོམ་པ་པོ་ལ་བསྔགས་བརྗོད་དང་སྦྲགས་སྐར་མ་གསུམ་རིང་གཏམ་བཤད་སྤེལ། སེར་བྱེས་ལྡན་མ་ལྷ་རམས་དགེ་བཤེས་ངག་དབང་སྟོབས་ལྡན་ལགས་ཀྱིས་རྩོམ་པ་པོ་ལ་ལེགས་གསོའི་བསྔགས་བརྗོད་དང་སྦྲེལ་གཏམ་བཤད་སྐར་མ་གསུམ་རིང་སྤེལ། སེར་བྱེས་ལྷ་རམས་དགེ་བཤེས་ནགས་ཤོད་སྐལ་རྒྱན་ལགས་ཀྱིས་རྩོམ་པ་ངོ་ཤེས་སྟངས་དང་རྩོམ་པ་པོའི་རྩོམ་ཡིག་ལ་དོ་སྣང་ཡོད་ལུགས་ཀྱི་སྟེང་ནས་སྐར་མ་གསུམ་རིང་གཏམ་བཤད་སྤེལ། རྣམ་གྲོལ་གླིང་གི་སློབ་གཉེར་བ་རྨ་འབྲོག་འཁྱམ་གྱིས་རྩོམ་རིག་དང་རྩོམ་པ་པོའི་བྱེད་རྗེས་ལ་བསྔགས་བརྗོད་ལ་འབྲེལ་གཏམ་བཤད་སྐར་མ་ལྔའི་རིང་སྤེལ། ངར་སྐད་རྩོམ་པ་པོ་སྡེ་དགེ་སྐལ་བཟང་ངམ་འདྲེ་ཤིག་དམར་པོ་ཡིས་རང་ཉིད་རྩོམ་རིག་ལ་ཁ་ཇི་ལྟར་ཕྱོགས་མིན་དང་རྩོམ་ཡིག་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད་མེད་ཀྱི་སྟེང་ནས་གཏམ་བཤད་སྐར་མ་དྲུག་རིང་བྱས། དེ་ནས་མདོ་འཛིན་པས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་སྤེལ་རྗེས། རྩོམ་པ་པོས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་མཇལ་དར་རེ་ཕུལ། སྐུ་མགྲོན་རྣམས་པས་འཕྲད་དར་གྱི་སྟེང་དུ་ས་རྟགས་སྐྱོན་རྗེས་དྲན་རྟེན་འདྲ་པར་བླངས། དེ་བཞིན་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་བའོ།།




དངོས་མིང་། སྐལ་བཟང་དཔལ་ལྡན།
སྨྱུག་མིང་། འདྲེ་ཤིག་དམར་པོ། 

༡༩༩༥ལོར་ཁམས་སྡེ་དགེ་རུ་སྐྱེས། ༢༠༡༠ལོར་རྒྱ་གར་དུ་འབྱོར། ༢༠༡༡ ལོར་སེར་བྱེས་འབྲིང་རིམ་སློབ་གྲྭར་འཛུལ་ཞུགས་བྱས། ༢༠༡༨ ལོར་རྒྱ་གར་རྒྱལ་ཡོངས་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་འཛིན་རིམ་བཅུ་པའི་སློབ་མཐར་ཕྱིན།༢༠༡༡ ནས་བཟུང་སློབ་གྲྭ་ནས་རྩོམ་ཡིག་བྱ་དགའ་གྲངས་བཅུ་བླངས་མྱོང་། ༢༠༡༥ ནས་བཟུང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྩོམ་ཡིག་བྱ་དགའ་གྲངས་བཞི་བླངས་མྱོང་།༢༠༡༤ ནས་བཟུང་སེར་བྱེས་མཁས་སྙན་གྲྭ་ཚང་གི་རྩོད་རྒྱུགས་ཨང་རིམ་དང་པོའི་དང་པོ་བཞི་དང་དང་པོའི་གཉིས་པ་ཐེངས་གཅིག་བླངས་མྱོང་།༢༠༡༦ ལོར་སྒེར་དེབ་དང་པོ་《ན་གཞོན་གྱི་ཚོར་རླབས།》ཕུད། ༢༠༡༨ ལོར་སེར་བྱེས་འབྲིང་རིམ་སློབ་གྲྭའི་ཟླ་རེའི་དུས་དེབ་《བློ་འཕེལ་སྙན་རྩོམ།》གྱི་རྩོམ་སྒྲིག་པ་བྱས། ༢༠༡༦ ལོར་སེར་བྱེས་འབྲིང་རིམ་སློབ་གྲྭའི་སྤྱི་ཁྱབ་དགེ་བདག་གི་ལས་ཁུར་ཞུས།༢༠༡༨ ལོར་སློབ་གྲྭའི་ཁང་ཚན་དགེ་བདག་གི་ལས་ཁུར་ཞུས།༢༠༡༨ ལོར་སྐབས་དང་པོའི་མར་མེ་རང་འབར་ཚང་གི་ཚོགས་གཙོ་འགན་ཁུར་ཞུས།༢༠༡༧ ནས་སྡེ་དགེ་དཔལ་ཡོན་འཕྲིན་སྟེགས་ཀྱི་གཙོ་སྐྱོང་བ་བྱས། ༢༠༡༩ ནས་བཟུང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ནང་ཆོས་ལ་སློབ་གཉེར་བྱེད་བཞིན་པ་བཅས།

Comments