2020/10/17

དགེན་དང་རྒན་གྱི་ཁྱད་པར་བསྡུས་ནས་གླེང་བ།


                                                ཏྲེ་ཧོར་གཡུལ་རྒྱལ། 

  སྐབས་འདིའི་བཤད་བྱ་གཙོ་བོ་ནི་དགེན་དང་རྒན་ཞེས་པའི་ཐ་སྙད་གཉིས་ཀྱི་ཁྱད་པའི་གནད་རྣམས་དོན་ཚན་རྣམ་པ་བཞིའི་སྟེང་ནས་གླེང་བར་བྱའོ། །


དང་པོ།   དགེན་ཞེས་པའི་ཐ་སྙད་འདི་ཇི་ལྟར་བྱུང་བའི་སྐོར། 

       དགེན་ཞེས་པའི་ཐ་སྙད་འདི་ནི་སྔ་ནས་ཡོད་པའི་ཚིག་ཅིག་མ་ཡིན་ལ། སུས་གསར་དུ་གཏོད་པའི་སྐད་ཆ་ཡང་མེད་མོད། ཡོངས་གྲགས་སུ་དགེ་རྒན་ཞེས་པའི་ཐ་སྙད་བསྡུས་པའི་དོན་དུ་དགེན་ཞེས་པའི་ཚིག་འདི་དར་ཁྱབ་བྱུང་སྐད།  སྲོལ་འདི་ཡང་དར་ནས་ཡུན་རིང་པོ་ལོན་མེད་ལ་རིང་ན་ལོ་ངོ་ཉི་ཤུའི་ཚུན་ཆད་བྱུང་བ་ལས་ཕན་ཆད་བརྒལ་མེད་པ་གཏན་འཁེལ་ལོ། ། རྒྱུ་མཚན། སྔོན་བྱོན་གྱི་མཁས་པའི་གསུངས་སུ་ཕར་ཞོག་ཉེ་དུས་ཀྱི་མཁས་པ་ཚོས་གསུང་ཆོས་ཁྲོད་དུའང་མཐོང་ཆོས་སུ་མ་གྱུར་བས་སོ། ། (ལ་ལས་ཡི་གེ་འདི་སྔ་དུས་སུ་མིང་གི་ཆ་ཤས་སུ་བྲིས་པ་རེ་ཟུང་སྣང་གསུངས་མོད་ཡིན་མིན་སོ་སོའི་བརྟག་པར་འཚལ།)


གཉིས་པ།  དགེན་ཞེས་པ་འདི་ལྟར་བྲིས་ན་ལེགས་མིན་གྱི་སྐོར། 

དགེ་རྒན་ཞེས་པའི་ཚིག་འདི་བསྡུས་ནས་དགེན་ཞེས་པའི་འབྲི་སྲོལ་འདི་ནི་མི་ལེགས་པར་སྙམ་ནས་ཡོད།  རྒྱུ་མཚན་ནི་ཚིག་འདི་ལ་དམིགས་བསལ་གྱི་དགོས་པ་ཅི་ཡང་མེད་ལ་དེ་ལྟར་བྲིས་ན་ཕན་པ་གང་ཡང་མེད་པ་དང་གཅིག   རྒན་ཞེས་པ་སྔ་མོ་ནས་དར་བའི་ལུགས་སྲོལ་འདི་ཉིད་ཉམས་དམས་སུ་གཏོང་བའི་ལག་ཆ་ཞིག་གི་ཚུལ་དུ་གྱུར་བ་གཉིས་ཀྱི་ཐོག་ནས་བསམ་ན། ཚིག་འདི་བེད་སྤྱོད་ཤུགས་ཆེ་སོང་ན་ཕྱིས་སུ་དབྱངས་གསལ་གྱི་ཁྱིམ་གཞིའི་ནང་དུ་མ་དག་རྒྱུན་འབྱམས་ཁོང་ནི་ཡུན་གནས་ཡིན་པའི་ཉེན་ཁ་ཡོད།
ཡང་བསམ་ན།  དཔེར་ན། བློ་བཟང་ཞེས་འབྲི་བའི་སྐབས་སུ་བློཟང་ཅེས་འབྲི་བ་དང་། བཀྲ་ཤིས་ལ་བཀྲིས།  སོགས་སུ་ལ་སོགསུ།   གཞོན་ནུ་ལ་གཞོནུ། ལོངས་སྤྱོད་ལ་ལོངསྤྱོད། རིག་གནས་ལ་རིགནས་སོགས་ལ་འདི་ལྟར་བསྐུང་ཡིག་གི་རྣམ་གཞག་ནི་སྔ་མོ་ནས་དར་ཁྱབ་ཆེ་ལ། ལ་ལའི་སྐབས་སུ་མིང་གཞི་བསྐུང་བ་དང་། ལ་ལའི་སྐབས་སུ་སྔོན་འཇུག་བསྐུང་བ། ལ་ལའི་སྐབས་སུ་རྗེས་འཇུག་བསྐུང་བ་དང་། ལ་ལའི་སྐབས་སུ་དབྱངས་ཡིག་བསྐུང་བ་ལ་སོགས་མདོར་ན་སྐབས་སུ་བབས་པ་གང་བདེ་ན། དེ་བསྐུང་ནས་འབྲི་སྲོལ་འདི་ནི་ཡིག་དཀར་དང་ཡིག་ནག་གཉིས་ལས་ཡིག་ནག་གི་སྐབས་སུ་བེད་སྤྱོད་གཏོང་བའི་ཤུགས་ལས་ཡིག་དཀར་ཀྱི་སྐབས་སུ་རེ་གཉིས་ཙམ་ལས་བེད་མི་སྤྱོད་མོད། དེ་སྤྱོད་མཁན་ཡང་ཉུང་ཉུང་ཡིན།  ང་རང་སྨན་སློབ་ཡིན་པའི་སྐབས་སུ་བསྐུང་ཡིག་འབྲི་བ་ལ་ཧ་ཅང་དགའ་ཞིང་། འདིའི་ཐད་ལ་ཆེད་དུ་སྦྱོང་བརྩོན་བྱས་མྱོང་ཞིང་བར་སྐབས་སུ་དབུ་ཅན་ནང་དུའང་བསྐུང་ཡིག་བེད་སྤྱོད་ཤུགས་ཆེ་གཏོང་བའི་གོམས་གཤིས་ཤིག་ངམ་ངམ་ཤུགས་ཀྱིས་ཆགས། ལན་འགའ་ལ་རང་གི་སུམ་རྟགས་དང་སྙན་ངག  རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོ་སོགས་ཀྱི་སློབ་དཔོན་དམ་པ་མཁན་པོ་མཁར་པ་ཆོས་དགའ་ལགས་ཀྱིས་བཀའ་བཀྱོན་གནང་མྱོང་།  གོང་གི་སྐད་ཆ་ལྟར་དུ་ཡིན་ན་དགེན་ཞེས་པའི་ཐ་སྙད་འདི་ཡང་བསྐུང་ཡིག་གི་རྣམ་པར་ལྟར་དུ་བྱུང་བ་མ་ཡིན་ནམ་སྙམ་བཞིན་ཡོད། དེ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ་དགེ་རྒན་ཞེས་པའི་སྔོན་རྗེས་གང་གི་མིང་གཞི་དང་མགོ་ཅན་བསྡུས་བཞག་ན།  དགེན་ཞེས་པའི་རང་བཞིན་ངང་གིས་གྲུབ་པ་མ་ཡིན་ནམ། འདི་ནི་རང་གིས་བསམ་ཚུལ་ཙམ་དུ་མ་ཟད་ཡིན་ཐག་ཆོད་པའི་སྐད་ཆ་གང་ཡང་མིན་ལ་སོ་སོ་ལ་ཕུལ་བའི་དཔྱད་པའི་གཞི་ཙམ་དུའོ། །


གསུམ་པ། རྒན་ཞེས་འབྲི་དགོས་བའི་རྒྱུ་མཚན་དང་དེ་ལ་དབྱེ་བ་ག་ཚོད་ཡོད་མེད་ཀྱི་སྐོར། 

དེ་ཡང་འདུལ་བ་ལུང་གཞི་ལས། ། དེས་ཚིགས་སུ་བཅད་པ་སྨྲས་པ། ། མི་གང་རིགས་ཀྱིས་རྒན་པ་དང་། ། ན་ཚོད་རྒན་དང་ནོར་གྱིས་རྒན། །དེ་ཀུན་ཐོས་པས་རྒན་པ་ཡི། ། སྒོ་ན་དོན་ཀུན་གཉེར་བས་སྡོད། ། ཅེས་གསུངས་བ་བཞིན་དུ་རྒན་ལ་དབྱེ་ན་རིགས་ཀྱིས་རྒན་པ་དང་། ན་ཚོད་ཀྱིས་རྒན་པ། ནོར་གྱིས་རྒན་པ། ཐོས་པས་རྒན་པ་བཅས་དབྱེ་བ་བཞི་རུ་ཕྱེ་ནས་ཡོད། 

༡  རིགས་ཀྱིས་རྒན་པ། 

ལོ་ངོ་ཉིས་སྟོང་ལྷག་གི་ཡར་སྔོན་དུ་ཆོས་ལུགས་དབང་གིས་རྒྱ་གར་གྱི་མི་རྣམས་ལ་རྒྱལ་རིགས་དང་། རྗེ་རིགས། བྲམ་ཟེའི་རིགས། གདོལ་པའི་རིགས་བཅས་བཞི་རུ་བཀར་ནས་ཤིན་ཏུ་གཙོ་གནད་བཟུང་བ་ནི་རིགས་རུས་ཀྱི་མཆོག་དམན་འདི་ཡིན། དེའི་སྟེང་ནས་མངོན་ཐུབ་པ་ནི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ཡར་སྔོན་དུ། རྒྱ་གར་སྤྱི་ཚོགས་སུ་རིགས་རུས་གཙོ་འཛིན་གྱི་རུལ་སུངས་ཀྱི་ལྟ་བའི་ཡོངས་ལ་ཁེབས་ཡོད་པ་གསལ་བོ་རྟོགས་ཐུབ། ང་ཚོའི་མི་རིགས་འདི་ལ་དེ་ལྟ་བུའི་རིགས་རུས་མཆོག་འཛིན་གྱི་ལྟ་བ་མཁྲེགས་པོ་མེད་ཀྱང་། བླ་མ་བླ་མའི་རིགས་སུ་གཏོགས་པ་དང་། དཔོན་པོ་དཔོན་པོའི་རིགས་སུ་གཏོགས་པ། དམངས་ཚོགས་དམངས་ཚོགས་ཀྱི་རིགས་སུ་གཏོགས་པས་ཕྱིར་ན།  དམངས་ཚོགས་ཀྱི་རིགས་ལས་དཔོན་པོའི་རིགས་མཐོ་བ་དང་། དཔོན་པོའི་རིགས་ལས་བླ་མའི་རིགས་མཐོ་བ་དེ་ལ་རྒན་པ་ཞེས་པའི་ཐ་སྙད་འདི་སྦྱར་ཆོག་ལ་དེ་རྣམས་ནི་རིགས་ཀྱིས་རྒན་པའོ། །

༢ ན་ཚོད་ཀྱིས་རྒན་པ། 

ན་ཚོད་ཀྱི་དབང་གིས་རྒན་པ་ཞེས་པ་ནི་རང་ལས་ལོ་ན་ཚོད་ཆེ་བའི་དོན་ཡིན་ཏེ།  བུ་རྒྱུད་ཀྱི་ན་ཚོད་ལས་ཕ་མའི་ན་ཚོད་རྒན་པ་དང་། ཕ་མའི་ན་ཚོད་ལས་ཨ་ཡེ་ཨ་མྱེའི་ན་ཚོད་རྒན་པ། ཨ་ཡེ་ཨ་མྱེའི་ན་ཚོད་ལས་ཨ་མེས་ཡང་མེས་ཀྱི་ན་ཚོད་རྒན་པ་ཡིན་ཏེ།  འདིའི་ནང་དུ་རྟོགས་དགོས་བའི་དོན་ཞིག་ཡོད་པ་ནི། ན་ཚོད་དེ་དང་བསྟུན་པའི་སྤྱི་ཚོགས་དང་འཚོ་བའི་ཉམས་མྱོང་ཞིག་ལས་དེའི་གོང་དུ་བརྒལ་ཐུབ་མེད་པའི་དོན་གྱིས་ན་ཚོད་ཀྱིས་རྒན་ན། རང་ཤུགས་ཀྱིས་ཉམས་མྱོང་གིས་རྒན་པ་དང་། ཉམས་མྱོང་གིས་རྒན་ན་ཤུགས་ཀྱིས་བློ་ལ་མཁས་པའི་ཕྱིར་ན་རྒན་པ་ཞེས་པ་ན་ཚོད་ཀྱི་སྟེང་ནས་སྦྱར་བའོ། །  འདི་ནི་གུས་ཞབས་ཀྱི་ཚུལ་དུ་ཐ་སྙད་སྦྱར་སྟངས་ཤིག་ལས་ན་ཚོད་རྒན་པ་ཙམ་གྱིས་བློ་ལ་མཁས་པ་དང་། ན་ཚོད་གཞོན་པ་རྣམས་ནི་བློ་ལ་མི་མཁས་བའི་ངེས་པ་ནི་མེད་དོ། །
འདས་ཟིན་པའི་ལོ་རྒྱུས་སྟེང་ནས་ལོ་ཚོད་རྒན་གཞོན་དབང་གིས་རྒྱལ་ཕམ་གྱི་དཔེ་ཞིག་དྲངས་ན།  རྒྱ་ནག་གི་ལོ་རྒྱུས་སྟེང་དུ་བུ་དཔའ་བོའི་མཚན་སྙན་རབ་ཏུ་འབར་བའི་(项羽)ཞེས་པ་ཁོང་ནི་རྗེས་སུ་ ( 刘邦 ) གྱི་མངའ་འོག་ཏུ་ཕམ་སོང་བའི་ལོ་རྒྱུས་ཡོད།  ལོ་རྒྱུས་དེ་ལ་ཞིབ་མཇུག་མཁན་གྱི་རྗེས་རབས་པ་རྣམས་ཀྱིས་སྐབས་དེའི་ལོ་རྒྱུས་ལ་གཞིགས་ན་(项羽)དང་(刘邦)གཉིས་ཀྱི་བར་དུ་ལོ་ཚོད་ཀྱི་ཆ་ནས་ཕ་བུ་ཞིག་གི་ཁྱད་པ་ཡོད་ཕྱིར་(项羽)བུ་དཔའ་ཡང་མི་ཚེའི་ཉམས་མྱོང་དང་དམག་འཐབ་ཉམས་མྱོང་གིས་(刘邦)ལ་མ་འདང་བས་ཕམ་ཁ་མྱོང་བའི་རྒྱུ་གཙོ་བོ་ཡིན་པ་འདོད་མཁན་མང་། 

༣ ནོར་གྱིས་རྒན་པ། 

འདི་ནི་འཚོ་བའི་ཁྲོད་དུ་གསལ་བཤད་གང་ཡང་མི་དགོས་བའི་ལས་ཤིག་ཡིན། ཕྱུག་སྤྲང་གི་བར་དུ་ནམ་ཡང་བར་ཐག་ཅིག་གིས་བཅད་ནས་ཡོད། མི་ཕྱུག་པོ་ཞིག་སླེབས་ཡོང་དུས་་ཚང་མའི་དེ་ལ་མགོ་སྒུར་སྒུར་དང་། སྒྱིད་པ་ཞུམ་ཞུམ་ངང་ནས་བསུ་མ་ཡོད། སྤྲང་པོ་ཞིག་ཡིན་ན་ཐམས་ཅད་ཀྱིས་རིག་ནའང་མ་རིག་མདོག་མདོག་དང་། ཕྱུག་པོ་ཞིག་གིས་རྫུན་ཞིག་བཤད་ནའང་དེར་ཡིད་ཆེས་མཁན་མང་ལ།  སྤྲང་པོ་ཞིག་གིས་བདེན་པ་ལབ་ཀྱང་སྐད་ཆ་དེ་ལ་རིན་ཐང་གང་ཡང་མེད་པ་ཞིག་གི་ཚུལ་དུ་གྱུར་ངེས་ཡིན། འདི་ནི་ཕྱུག་པོ་གཅིག་གཉིས་ཤིག་གིས་སྤྲང་པོ་རྣམས་ལ་ཆེད་དུ་བཀལ་བའི་གཉའ་མནན་མིན་ལ།  འདི་ནི་འཇིག་རྟེན་མིའི་རྒྱུ་ནོར་ལ་བཟུང་བའི་ལྟ་ཚུལ་དང་། དེའི་ཁེ་དབང་ར་སྤྲོད་བྱེད་པའི་གནས་ལུགས་ཤིག་གོ །  དེའི་ཕྱིར་རྒྱུ་ནོར་ལོངས་སྤྱོད་ཀྱིས་རང་གི་གོང་ན་ཡོད་པ་དེ་ལ་ནོར་གྱིས་རྒན་པའི་ཐ་སྙད་འཇུག་པའོ། ། 

༤  ཐོས་པས་རྒན་པ། 

སྐབས་འདིར་ཐོས་པ་ནི་བསླབ་པ་དང་ཡོན་ཏན་གྱི་དོན་དུ་གོ་བ་ལོན་དགོས་ཏེ།(བརྟག་གཉིས་རྒྱ་ཆེན་འགྲེལ་ལས། ཇི་ལྟར་ལང་ཚོ་གཞོན་ནུ་མཁས་པ་ཡེ་ཤེས་ཅན་ཡོན་ཏན་གྱིས་རྒན་པ་ནི་རྒན་པའོ། ། ཞེས་དང་། དེ་བཞིན་དུ་འདུལ་བ་ལས་བསླབ་པ་རྒན་པ།)
བསླབ་པ་ཡོད་མེད་དང་ཡོན་ཏན་མཐོ་དམན་དབང་གིས་སོ་སོའི་གོ་གནས་ཀྱང་དེ་བཞིན་དུ་གནས་ཡོད་པ་མངོན་གསལ་ཡིན། དགོན་པ་ཞིག་ལ་མཚོན་སོང་བ་ཡིན་ན་ལྷ་རམས་དང་། དགེ་བཤེས། མཁན་པོ་སོགས་ནི་གསེར་ཁྲི་མཐོན་པོའི་སྟེང་དུ་བཞུགས་ཤིང་། འོག་ན་ཡོད་པའི་ཚོགས་གྲལ་དུ་ན་ཚོད་ཁོང་ལས་རྒན་པ་དང་། ལོངས་སྤྱོད་ཁོང་ལས་ཆེ་བ་གང་མང་ཡོད་ཀྱང་། ཁོང་ནི་དེ་དག་གི་གོང་ན་བཞུགས་མཁན་ཡིན་པ་བསླབ་པའི་ཡོན་ཏན་གྱིས་རྒན་པ་ཡིན་པས་སོ། །
ཡང་དགོན་སྡེ་ལ་ལའི་ནང་དུ་གྲྭ་བ་རྣམས་ཀྱི་དགེ་རྒན་ནི་མི་སྐྱ་ཡིན་པ་གང་མང་ཡོད་པ་དེ་དག་ནི། རིགས་ཀྱིས་མཐོ་དམན་ཕྱེ་ན་མི་སྐྱ་གོང་དུ་བསྡད་པ་མ་གུས་བའི་ཚུལ་དུ་ངེས་མོད། སྐབས་དེར་དམིགས་བསལ་གྱི་ཐོས་པའི་དབང་གིས་མི་སྐྱ་རྒན་པ་ཡིན་པས་སོ། །
ཡང་ལ་ལ་ཞིག་གིས་ང་ཚོའི་དགེ་རྒན་ནི་ང་རང་ལས་ན་ཚོད་གཞོན་པས་རྒན་ཞེས་འབྲི་བ་ནི་མ་སྤོབས་པ་ཞིག་རེད་ཟེར་མཁན་ཡོད། དེ་ལྟར་འབྲི་བ་ལ་སྐྱོན་གང་ཡང་ཡོད་པ་མ་ཡིན་ཏེ། ལོ་ཚོད་ཀྱི་ཆ་ནས་ཁྱེད་རང་རྒན་ནའང་། བསླབ་པ་ཡོན་ཏན་གྱིས་ཁོང་ཉིད་རྒན་པ་ཡིན་པས་ཕྱིར་ན་རྒན་ཞེས་འབོད་ཆོག་ཆོག་ཡིན་ལ། འབྲི་ཆོག་ཆོག་དེ་བས་ཡིན་ནོ། །


བཞི་པ། མཇུག་བསྡུ་བ། 

    མདོར་ན་རྒན་པ་ཞེས་པའི་དོན་ནི་རང་ལས་མཐོ་བའམ་རང་གི་གོང་ན་ཡོད་པའི་དོན་ཡིན་ཏེ།  དེ་ལ་རིགས་ཀྱིས་སྒོ་ནས་རང་ལས་མཐོ་བ་དང་། ན་ཚོད་ཀྱིས་སྒོ་ནས་རང་གི་གོང་ན་ཡོད་པ། རྒྱུ་ནོར་ལོངས་སྤྱོད་ཀྱི་སྒོ་ནས་རང་ལས་ཕྱུག་པ་དང་། བསླབ་པ་ཡོན་ཏན་གྱི་སྒོ་ནས་རང་ལས་མཁས་པ། དབྱེ་བ་བཞི་རུ་ཕྱེ་ནས་ཡོད་ལ་དེས་ན་རྒན་ཞེས་པ་ནི་རང་ལ་ཡོན་ཏན་བསླབ་མཁན་ཁོ་ན་མིན་ནའང་། རང་གི་གོང་ན་ཡོད་པའི་གོང་གི་རིགས་བཞི་པོའི་མི་སུ་ཞིག་ཡིན་ནའང་སྦྱར་ཆོག་ཆོག་ཡིན།
 མདོར་ན། དགེན་ཞེས་འབྲི་བ་ལས་རྒན་ཞེས་བྲིས་ན་གང་གི་ཐད་ནས་བསམ་ཀྱང་རྒྱུ་མཚན་དང་གནས་ལུགས་སྟོང་གིས་ཕྱུག་ནས་ཡོད་པ་ཞིག་མ་ཡིན་ནམ་སྙམ་བཞིན་ཡོད། 

2020/09/03

པྲ་ཏི་རིན་ཆེན་དོན་གྲུབ་དང་སི་ཏུ་པཎ་ཆེན་གཉིས་ཀྱི་བཞེད་མཚམས་གླེང་བ།


འཆད་ཁྲིད་མཁན། དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། 

ཡིག་འབེབ་པ། སེང་དཀར།

ཐོག་མར་མཁས་པ་ཆེན་པོ་པྲ་ཏི་རིན་ཆེན་དོན་གྲུབ་དང་སི་ཏུ་པཎ་ཆེན་རྣམ་པ་གཉིས་ཀྱི་སུམ་ཅུ་བའི་རྩ་བ་མདོར་བསྡུས་ཙམ་ཞིག་ཞུ་རྒྱུ་ཡིན། ང་ཚོ་ཚང་མས་ཤེས་གསལ་ལྟར་དུས་རབས་བདུན་པའི་ནང་ལོག་ཏུ་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་སུ་སློབ་དཔོན་ཐོན་མི་སམ་བྷོ་ཊས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་གཉིས་མཛད་པ་ནས་བཟུང་། བོད་ཀྱི་མཁས་པ་དག་གིས་བསྟན་བཅོས་དེ་དག་ལ་འགྲེལ་བ་སྣ་ཚོགས་པ་ཞིག་མཛད་སོང་། དེའི་ནང་ནས་ད་ལྟ་ང་ཚོ་ལ་ཆ་རྒྱུས་ཡོད་པ་ནི་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་ལོ་ཆེན་ནམ་མཁའ་བཟང་བོ། ཞྭ་ལུ་ལོ་ཙཱ་བ་ཆེན་པོ་ལ་སོགས་པའི་འགྲེལ་བ་སྣ་ཚོགས་པ་ཞིག་ཡོད་པ་རེད། དེས་ན་ད་ལྟ་དགོན་སྡེ་དང་སློབ་གྲྭ་ལ་སོགས་པའི་བོད་ཀྱི་བརྡ་སྤྲོད་རིག་པ་ལ་སྦྱང་མཁན་རྣམས་ཀྱིས་པྲ་ཏིའི་ལུགས་དང་སི་ཏུའི་ལུགས་ཞེས་ལུགས་དེ་གཉིས་གཙུག་ཏུ་འཛིན་གྱིན་ཡོད་པ་རེད། ཡང་སྙིང་མཁས་པ་ཆེན་པོ་དེ་གཉིས་ཀྱི་ལྟ་བ་ཕྱོགས་གང་ནས་མི་འདྲ། ལྟ་བ་མི་འདྲ་སའི་གནད་དེ་གང་ཡིན་ཟེར་ན། ངས་མདོར་བསྡུས་ཙམ་ཞིག་ཞུ་རྒྱུ་ཡིན། 

ཐོག་མར་སུམ་ཅུ་བའི་དབང་དུ་བཏང་ན། རྩ་བར། རྒྱ་གར་སྐད་དུ། བྱཱ་ཀ་ར་ན་མཱུ་ལ་ཏྲིཾ་ཤད་ནཱ་མ། ཟེར་བ་ཞིག་དང་། རྒྱ་གར་སྐད་དུ། བྱཱ་ཀ་ར་ན་ཏཱིཾ་ཤད་ན་མ། ཞེས་མཱུ་ལ་ཡོད་པ་དང་མེད་པའི་ལུགས་གཉིས་ཡོད་པ་རེད། དེས་ན་སི་ཏུ་པཎ་ཆེན་མཆོག་གིས་མཱུ་ལ་ཞེས་པ་འདོད་ནས་སུམ་ཅུ་པ་ནི་རྟགས་འཇུག་མ་ཟད། སློབ་དཔོན་ཐོན་མི་སམ་བྷོ་ཊས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་གཞན་དག་གི་ཡང་རྩ་བ་ཡིན་པར་འདོད། ཡིན་ན་ཡང་། པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གིས་རྩ་བའི་ནང་གི་མཱུ་ལ་སྟེ་བོད་སྐད་ཀྱི་རྩ་བ་ཞེས་པ་མི་འདོད་པར། སུམ་ཅུ་བ་ནི་སློབ་དཔོན་ཐོན་མི་སམ་བྷོ་ཊས་མཛད་པའི་བསྟན་བཅོས་ཡིན་པ་ལས་བསྟན་བཅོས་གཞན་དག་གི་རྩ་བ་ཡིན་པར་མི་འདོད། དེ་གཅིག་རེད། 


དེ་ནས་སྤྱིར་སུམ་ཅུ་པ་ཞེས་པའི་མིང་གི་འདོགས་ལུགས་ཀྱི་དབང་དུ་བཏང་ན། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་སུམ་ཅུ་བ་ཞེས་པ་ཀཱ་ལི་སུམ་ཅུ་པོའི་སྦྱོར་བ་རྒྱ་ཆེར་སྟོན་པས་བརྗོད་བྱའི་སྒོ་ནས་བཏགས་པར་འདོད་པ་དང་། སི་ཏུ་པཎ་ཆེན་གྱིས་རྗོད་བྱེད་ཚིག་གི་ཤོ་ལོ་ཀའི་གྲངས་ཀྱི་སྒོ་ནས་བཏགས་པ་རེད། ཁྱད་པར་སི་ཏུ་པཎ་ཆེན་གྱིས་མཆོད་བརྗོད་ཀྱི་ཚིག་བཅད་གཉིས་དང་རྩོམ་པར་དམ་བཅའ་བའི་ཚིག་བཅད་གཅིག་དོར་བའི་ཤུལ་དུ། ཡི་གེ་ཨཱ་ལི་ཀཱ་ལི་གཉིས།། ཞེས་པ་ནས། ཅིག་ཤོས་དེ་ལས་ལྡོག་པའོ། །ཞེས་པའི་བར་དུ་ཚིག་བཅད་སུམ་ཅུ་ཐམ་པ་རྐྱང་བ་ཡོད་པའི་དབང་གིས་སུམ་ཅུ་བའི་གཞུང་དེ་རྫོགས་པར་སྟོན་ཐུབ་པ་ཡིན་ཞེས་གསུང་གིན་འདུག ཡིན་ན་ཡང་། ཕྱིས་ཀྱི་མཁས་པ་དག་གིས་སི་ཏུ་པཎ་ཆེན་གྱི་ཚིག་དེ་དག་ནན་ཏན་གྱིས་ཞིབ་བཤེར་བྱས་པའི་སྐབས་སུ་སི་ཏུ་པཎ་ཆེན་གྱིས་ཤོ་ལོ་ཀ་སུམ་ཅུ་ཉིད་ཀྱིས་ཞེས་པ་དེ་ལ་ཚིག་རྐང་གཅིག་གིས་མ་འདང་བ་ཡོད་པའི་དབང་གིས། དེ་ལ་མེར་གེན་མཁན་པོ་ཡེ་ཤེས་རྣམ་རྒྱལ་དང་གསེར་ཏོག་བློ་བཟང་ཚུལ་ཁྲིམས་ལ་སོགས་པས་ཚིག་རྐང་གཅིག་སྣོན་གྱིན་འདུག གང་ལྟར་བསྟན་བཅོས་ཀྱི་མཚན་འདོགས་ལུགས་ཀྱི་ཆ་ནས་ཀྱང་མཁས་པ་ཆེན་པོ་དེ་གཉིས་ཀྱི་ལྟ་བ་ཅུང་ཟད་ཁ་ཁར་གྱུར་བ་རེད། 


དེ་ལས་གཞན་འགྱུར་ཕྱག་གི་སྐབས་སུ། སི་ཏུ་པཎ་ཆེན་གྱིས་ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་ཟེར་བ་དང་། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་པའི་ཚིག་མི་འདྲ་བ་བྱུང་སོང་། ཡིན་ན་ཡང་། ཚིག་དེ་ཞིབ་རྒྱས་མི་འདྲ་བ་མ་གཏོགས་འགྱུར་ཕྱག་ཅེས་པའམ་འགྱུར་ཕྱག་གི་དོད་ཙམ་ཞེས་པའི་རྩ་བའི་གནད་ཀྱི་ཆ་ནས་ཁོང་རྣམ་པ་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་མི་འདུག དེ་ལས་གཞན་མཆོད་བརྗོད་ལ་སོགས་པའི་ཚིག་བཅད་འགྲེལ་བའི་སྐབས་སུ་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། གང་གིས་སྒྲ་དབྱངས་གསུངས་པ་ཡི། །ཞེས་དང་། སི་ཏུ་པཎ་ཆེན་གྱིས། གང་གིས་སྒྲ་དབྱངས་ཀུན་གསུངས་པ། །ཞེས་པའི་སྒྲ་དབྱངས་ནི་སི་ཏུ་པཎ་ཆེན་གྱིས་སྒྲ་དབྱངས་བརྗོད་པ་མ་ལུས་པ་ཞེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲ་དབྱངས་ཐམས་ཅད་ལ་གོ་བ་དང་། 

པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་སྒྲ་དབྱངས་ཞེས་པ་དེ་ཡི་གེ་ལ་དབྱངས་དང་གསལ་བཤད་གཉིས་སུ་ཕྱེས་པའི་དབྱངས་ཡིག་ཁོ་ན་ལ་ངོས་འཛིན་གྱིན་ཡོད། དེ་བཞིན་དུ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། གང་གིས་མིང་གཞི་སྔོན་གསུངས་པའི། །ཞེས་དང་། སི་ཏུ་པཎ་ཆེན་གྱིས། གང་གི་མིང་གཞི་སྔོན་གསུངས་པ།།ཞེས་པའི་མིང་གཞི་དེ་ཡང་སི་ཏུ་པཎ་ཆེན་གྱིས་དབྱངས་དང་གསལ་བཤད་གཉིས་ཀྱི་བདག་ཉིད་ཅན་གྱི་ཡི་གེ་སྤྱི་ལ་གོ་བ་དང་། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། མིང་གཞི་ཞེས་པ་དེ་ཡི་གེ་ལ་དབྱངས་གསལ་གཉིས་སུ་ཕྱེས་པའི་གསལ་བཤད་ཁོ་ན་ལ་གོ་བཞིན་འདུག་པས། དེ་ནས་ཁོང་གཉིས་ཀྱི་ལྟ་བ་ལ་མི་འདྲ་བ་བྱུང་སོང་། 

དེ་ལས་གཞན་དུ་སྤྱིར་ཚིག་ཕྲད་བསྟན་པའི་སྐབས་སམ་ལ་དོན་གྱི་སྐབས་སུ་ཁོང་རྣམ་པ་གཉིས་ཀྱི་ཚིག་ཕྲད་བསྟན་ལུགས་ཀྱི་ཆ་ནས། སི་ཏུ་པཎ་ཆེན་གྱིས་ར་ཡིག་དང་ར་ཡིག་དེ་ལ་ཞབས་ཀྱུ་ཨུ་སྦྱར་ནས་རུ་ཞེས་ར་དང་རུ་གཉིས་ཀ་སུམ་ཅུ་བའི་དངོས་བསྟན་ཡིན་པར་འདོད། ཡིན་ན་ཡང་། པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གིས་རུ་བསྡུས་ན་ར་རུ་འགྱུར་བ་མ་གཏོགས་སུམ་ཅུ་བའི་རྩ་བའི་བསྟན་བྱ་ནི་རུ་ཡིག་ལས་ར་ཡིག་མ་ཡིན་པར་འདོད། འོན་ཀྱང་། དོན་གྱི་གནད་ཀྱི་དབང་དུ་བཏང་ན། རང་རེས་བོད་སྐད་ཀྱི་སྦྱོར་བའི་ནང་དུ་རུ་དང་ར་གཉིས་ཀ་ཡོད་པ་ཁོང་གཉིས་ཀའི་ལྟ་བ་མཐུན་པ་རེད། 


ལ་དོན་གྱི་ཚིག་ཕྲད་དེ་དག་དོན་གང་དག་ལ་འཇུག་པ་བཤད་པའི་སྐབས་སུ། གཙོ་བོ་སི་ཏུ་པཎ་ཆེན་གྱིས་སྨྲ་སྒོ་མཚོན་ཆའི་རྗེས་སུ་འབྲང་ནས་ན་ལ་གཉིས་དེ་ཉིད་ལ་མི་འཇུག་པར་འདོད་པ་དང་། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་ན་ལ་གཉིས་དེ་ཉིད་ལ་འཇུག་པར་འདོད་པ་རེད། དེ་ཡང་ཁོང་གཉིས་ཀྱི་ལྟ་བའི་མི་མཐུན་ས་གཅིག་རེད། 


དེ་ལས་གཞན་དུ་ང་ཚོས་བྱེད་སྒྲ་དང་བྱེད་སྒྲའི་ཕྲད་གང་དག་ཡིན་པ་ངོས་འཛིན་བྱེད་པའི་སྐབས་སུ་རྩ་བའི་ཚིག་དེ་ལ། སི་ཏུ་པཎ་ཆེན་གྱིས། བྱེད་པ་པོ་རུ་ཤེས་པར་བྱ། །ཞེས་པ་དང་། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། བྱེད་པའི་སར་ནི་ཤེས་པར་བྱ། །ཞེས་པའི་ཚིག་མི་འདྲ་བ་གཉིས་ཐོན་གྱིན་ཡོད་པ་རེད། དེས་ན་མཁས་མཆོག་ཆེན་མོ་སི་ཏུའི་ལུགས་ལྟར་ན། དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །ཞེས་གིས་ལ་སོགས་པའི་ཚིག་ཕྲད་དེ་དག་གིས་བྱེད་པ་པོ་སྟོན་པ་སྟེ་བྱེད་པ་པོ་ཞེས་པའི་ཚིག་དེ་རྩ་བ་ལ་དངོས་སུ་ཐོན་དུ་བཅུག་པ་རེད། ཡིན་ན་ཡང་། པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གིས། བྱེད་པའི་སར་ནི་ཤེས་པར་བྱ། །ཞེས་པ་དེ་བྱ་བ་བྱེད་པའི་བྱེད་པ་པོ་དང་བྱེད་པ་པོ་དེ་ཉིད་ཀྱིས་བེད་སྤྱོད་གཏོང་བའི་བྱེད་པ་བཅས་ལ་གོ་བ་རེད། དེས་ན་ཚིག་གི་ཆ་ནས་བྱེད་པ་པོ་རུ་ཤེས་པར་བྱ། །ཞེས་པ་དང་། བྱེད་པའི་སར་ནི་ཤེས་པར་བྱ། །ཞེས་པའི་ཁྱད་པར་ཡོད་ཀྱང་དོན་གྱི་གནད་ཀྱི་དབང་དུ་བཏང་ན་ཁོང་རྣམ་པ་གཉིས་ཀས། བྱེད་པའི་སར་ནི་ཤེས་པར་བྱ། །ཞེས་པ་དེ་ཡང་བྱེད་པ་པོ་གཙོ་བོ་དང་བྱེད་པ་པོ་ཕལ་བ་ལ་གོ་བ་དང་། སི་ཏུ་པཎ་ཆེན་མཆོག་གིས་ཀྱང་། བྱེད་པ་པོ་རུ་ཤེས་པར་བྱ། །ཞེས་པའི་བྱེད་པ་པོ་དེ་ཡང་བྱེད་པ་པོ་གཙོ་བོ་དང་བྱེད་པ་པོ་ཕལ་བ་ལ་གོ་བ་རེད། དེས་ན་ཚིག་གི་ཐད་དུ་དེ་ལ་གནད་དོན་མི་འདྲ་བ་ཡོད་ཀྱང་དོན་གྱི་གནད་ཀྱི་དབང་དུ་བཏང་ན་དེ་གཉིས་ལ་ལྟ་བ་ཐ་དད་པ་མི་འདྲ་བ་ཡོད་པ་མ་རེད། 


དེ་ལས་གཞན་རྒྱན་སྡུད་ཀྱི་དཔེ་བརྗོད་འཇོག་པའི་སྐབས་སུ་ཁོང་རྣམ་པ་གཉིས་ལ་ཅུང་ཟད་མི་འདྲ་བ་བྱུང་སོང་། དེའི་ནང་ནས་གཙོ་བོ་གང་ཡིན་ཟེར་ན། མཐུན་པའི་ཚིག་རྒྱན་ལ་སི་ཏུ་པཎ་ཆེན་གྱིས། མཛེས་ཀྱང་མཛེས། གསལ་ཡང་གསལ།ཞེས་པ་ལྟ་བུའི་སྒྲ་འདྲ་བའི་བར་མཚམས་སུ་ཀྱང་འང་ཡང་གསུམ་གྱི་སྒྲ་གང་རུང་ཞིག་ཐོབ་ཐང་ལྟར་སྦྱར་ན་སྔ་མས་སྤྱིར་བཏང་བ་དང་། ཕྱི་མས་དེ་ལས་ཀྱང་ཞེས་པའི་དོན་ཁྱད་པར་བ་ཞིག་སྟོན་པའི་དབང་གིས་དེ་ལ་མཐུན་པའི་ཚིག་རྒྱན་ཟེར་བ་དང་། པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གི་དཔེ་བརྗོད་ཀྱི་ནང་དུ་དེ་ལྟ་བུ་ཞིག་མི་འདུག ཁོང་གིས་མཛེས་པའང་ཡིན་ཏེ་མདོག་ཀྱང་དཀར།ཞེས་པ་ལྟ་བུ་ཞིག་བཞག་པ་རེད། དེ་འདྲ་ཡིན་པའི་དབང་གིས་རྗེས་མ་ནས་ང་ཚོས་མཐུན་པའི་ཚིག་རྒྱན་ག་འདྲ་ཞིག་ཡིན་ཟེར་བ་དེ་ལྟ་བུ་ལ། སི་ཏུ་པཎ་ཆེན་གྱི་ལུགས་དང་པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་ལུགས་གཉིས་ཀ་མཐུན་པའི་ཚིག་རྒྱན་དུ་འདོད་པ་རེད། དེ་ཁོང་གཉིས་ཀའི་ལྟ་བའི་མི་མཐུན་སའི་དོན་གཞན་ཞིག་རེད།


རྣམ་དབྱེ་ལྔ་བ་འབྱུང་ཁུངས་བཤད་པའི་སྐབས་སུ་ནས་དང་ལས་གཉིས་འབྱུང་ཁུངས་ལ་འཇུག་པའི་སྐབས་འདི་ལ་ཡང་། གང་འདྲ་ཞིག་ལ་འབྱུང་ཁུངས་དངོས་ཟེར་བ་དང་གང་འདྲ་ཞིག་ལ་འབྱུང་ཁུངས་ཆ་འདྲ་བ་ཟེར་བ་དེ་ཁོང་གཉིས་ཀྱི་ལྟ་བར་མི་མཐུན་པ་ཡོད་པ་མ་རེད། དངོས་པོ་གང་ཞིག་གཞི་གང་ནས་བྱུང་བ་དངོས་སྟོན་པ་ནི་འབྱུང་ཁུངས་དངོས་དང་། གནས་སྐབས་སུ་དེ་དང་ཁ་བྲལ་བའམ་དེ་སྤངས་པ་ཙམ་སྟོན་པ་ནི་འབྱུང་ཁུངས་ཆ་འདྲ་བ་ཡིན་པར་ཁོང་རྣམ་པ་གཉིས་ཀྱི་དགོངས་པ་མཐུན།


ནས་དང་ལས་གཉིས་དོན་གང་དག་ལ་འཇུག་པ་བཤད་པའི་སྐབས་སུ་སི་ཏུ་པཎ་ཆེན་གྱིས་སྨྲ་སྒོ་མཚོན་ཆའི་རྗེས་སུ་འབྲང་ནས། སྡུད་པ་དག་དང་མཚམས་སྦྱོར་ནི། །ནས་ལ་ཅུང་ཟད་ལྷག་པ་ཡིན། །ཞེས་པ་ལྟར་དུ་སྡུད་པའི་སྐབས་སུ་ནས་སྒྲ་འཇུག་པ་ལས་ལས་སྒྲ་སྡུད་པར་མི་འཇུག་པར་འདོད། ཡིན་ན་ཡང་། པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གིས་སྤྱིར་སྔོན་གྱི་རྡོ་རིང་གི་ཡི་གེ་དང་ཡིག་རྙིང་སོགས་སུ་ལས་སོགས་དང་། ལས་སྩོགས་ཞེས་པ་བར་ཚེག་ཕྱེས་པ་དང་བར་ཚེག་མ་ཕྱེས་པའི་ཁྱད་པར་ཡོད་པའི་དབང་གིས་གནའ་དུས་ཀྱི་སྐད་ཆའི་དབང་དུ་བཏང་ན། ལས་སྒྲ་ཡང་སྡུད་པ་ལ་འཇུག་པ་ཡིན། དེ་ནི། དགར་དང་སྡུད་པའང་དེ་བཞིན་ནོ། །ཞེས་པའི་རྩ་བའི་ཚིག་གི་དངོས་བསྟན་གྱི་དོན་དང་མཐུན་པར་གསུང་གི་ཡོད་པ་རེད། དེ་ལས་གཞན་ང་ཚོས་ཚིག་ཕྲད་ཀྱི་རིམ་པ་བསྟན་ལུགས་ཀྱི་དབང་དུ་བཏང་ན། སི་ཏུ་པཎ་ཆེན་མཆོག་གིས་དེ་སྒྲ་དགག་སྒྲ་དང་བདག་སྒྲའི་སྔོན་ལ་བཞག་ཡོད་པ་རེད། ཡིན་ན་ཡང་། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་དེ་སྒྲ་དགག་སྒྲ་དང་བདག་སྒྲ་བསྟན་ཟིན་པའི་རྗེས་སུ་ཚིག་ཕྲད་ཐམས་ཅད་ཀྱི་ཆེས་མཐའ་མར་བཞག་པ་རེད། དེས་ན་དེ་ལྟ་བུའི་ཚིག་ཕྲད་ཀྱི་རིམ་པ་སྒྲིག་ལུགས་ཀྱི་ཆ་ནའང་ཁོང་གཉིས་ལ་ཁྱད་པར་ཞིག་ཡོད་འདུག


སྤྱིར་དེ་སྒྲ་དོན་གང་དག་ལ་འཇུག་པ་བཤད་པའི་སྐབས་སུ་སྔོན་གྱི་འགྲེལ་མཛད་མཁན་པོ་རྣམས་ཀྱིས་དེ་སྒྲ་ཐ་སྙད་འདས་པ་དང་རྣམ་གྲངས་གཞན་བརྗོད་པ་ལ་སོགས་པའི་དོན་ལ་མི་གོ་བར། དེ་མ་ཡིན་པའི་གཞན་དང་གཞན་ལ་འགྲེལ་བ་ཡོད་པ་རེད། ཡིན་ན་ཡང་། སི་ཏུ་པཎ་ཆེན་མཆོག་དང་པྲ་ཏི་རིན་ཆེན་དོན་གྲུབ་རྣམ་པ་གཉིས་ཀས་སྨྲ་སྒོ་མཚོན་ཆ་དང་སྒོ་བསྟུན་ནས་དེ་སྒྲ་དོན་དགུ་ལ་འཇུག་པ་ཞེས་པ་དེ་ནི། ཐ་སྙད་དབང་དུ་བྱས་པ་གསུམ། དངོས་པོའི་དབང་གིས་བྱས་པ་བཞི། དུས་ཀྱི་དབང་གིས་བྱས་པ་གཉིས་བཅས་ཁྱོན་དོན་དགུ་ལ་སྦྱར་འདུག དོན་དགུ་བོ་དེའི་ཆ་ནས་ཁོང་རྣམ་པ་གཉིས་ཀའི་བསྟེན་བྱ་སྨྲ་སྒོ་མཚོན་ཆ་ཡིན་པའི་དབང་གིས་ཁོང་རྣམ་པ་གཉིས་ཀའི་ལྟ་བ་ལ་མི་མཐུན་པ་ཅུང་ཟད་ཙམ་ཡང་ཡོད་པ་མ་རེད། 


ང་ཚོས་བདག་སྒྲ་བཤད་པའི་སྐབས་ཡིན་ན། སྤྱིར་བདག་སྒྲ་འདི་ལ་ད་ལྟ་ང་ཚོ་མདོ་དབུས་ཁམས་གསུམ་གྱི་སྐད་ཆ་ལ་ཉོག་དྲ་ཆེན་པོ་བྱུང་གི་ཡོད་པ་རེད། དེར་ཉོག་དྲ་ཆེན་པོ་བྱུང་བའི་རྒྱུ་མཚན་ནི། མཁས་པ་རྣམས་ཀྱིས་སུམ་ཅུ་བའི་གཞུང་འགྲེལ་བའི་སྐབས་སུ་སུམ་ཅུ་བའི་གཞུང་ནས་བསྟན་པའི་པུ་ལིངྒ་ཞེས་པའི་སྒྲ་དེ་ལ་འགྲེལ་ལུགས་མི་འདྲ་བ་དང་ཕྲད་ངོས་འཛིན་བྱེད་པའི་སྐབས་སུ་ཕྲད་དེའི་རྣམ་གྲངས་མི་འདྲ་བའི་དབང་གིས། རང་དབང་ཅན་དང་གཞན་དབང་ཅན་གྱི་ཁྱད་པར་བྱུང་བའི་སྟབས་ཀྱིས་དེའི་སྐབས་སུ་མི་འདྲ་བ་བྱུང་བཏང་ཟིག དེས་ན་སི་ཏུ་པཎ་ཆེན་གྱིས། པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །ཞེས་པའི་པུ་ཞེས་པ་དེ་སྐྱེས་བུའི་སྒྲ་ཟེར་གི་ཡོད་པ་རེད། དེ་ན་པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གིས། པུ་ཞེས་པ་དེ་པུ་རུ་ཥ་ཞེས་པ་སྐྱེས་པའི་སྒྲ་ཟེར་གི་ཡོད་ནི་རེད། དེས་ན་སི་ཏུ་པཎ་ཆེན་གྱི་གསུང་ན་པུ་རུ་ཥ་ཞེས་པའི་སྒྲ་མེད་ཀྱང་སྐྱེས་པ་ཞེས་པ་དེ་པུ་རུ་ཥའི་སྒྲ་ཡིན་པ་དང་། པུ་རུ་ཥ་ཞེས་པ་བསྡུས་ན་པུ་ཞེས་པ་དང་། དེ་དང་ལིངྒ་གཉིས་ཀ་ལྷན་གཅིག་ཏུ་སྦྱར་ནས་པུ་ལིངྒ་ཞེས་པ་དེ་ནི་ཁོང་རྣམ་པ་གཉིས་ཀྱི་ཚིག་དེ་རྒྱས་བསྡུས་ཙམ་མ་གྱི་ཁྱད་པར་ཡོད་པ་མ་གཏོགས་གཅིག་མཚུངས་རེད། ཡིན་ན་ཡང་། པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ཞེས་པ་དེ་སྒྲ་གང་དག་ལ་ངོས་འཛིན་ཟེར་ན། སི་ཏུ་པཎ་ཆེན་གྱིས། པ་དང་པོ་གཉིས་ཁོ་ན་བདག་སྒྲ་ཡིན་པར་འདོད་པ་ལས། བ་དང་བོ། མ་དང་མོ། ཅན་དང་མཁན་ལ་སོགས་པ་བདག་སྒྲ་ཡིན་པར་མི་འདོད་ཀི པ་དང་པོ་གཉིས་ཁོ་ན་བདག་སྒྲ་ཡིན་པའི་དབང་དུ་བཏང་ན་བདག་སྒྲའི་སྐབས་སུ་པ་དང་པོ་གཉིས་རྗེས་འཇུག་ལ་ལྟ་མི་དགོས་པར་གང་འདོད་དུ་སྦྱར་ཆོག་པ་རེད། དེ་ཡིན་པའི་དབང་གིས་སི་ཏུ་པཎ་ཆེན་གྱི་ལུགས་ལྟར་ན་པ་དང་པོ་གཉིས་ཀ་རྗེས་འཇུག་གི་ཁྱར་པར་དང་མཚོན་རྒྱུ་མེད་པའི་རང་དབང་ཅན་དུ་གྱུར་བ་རེད། དེ་ལས་གཞན་སུམ་ཅུ་བའི་ཚིག་འགྲེལ་བའི་རྩོད་རྒྱུ་ཅན་ཞིག་ནི་གང་རེད་ཟེར་ན། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །ཉན་བསམ་བསྟན་པའི་ཆེད་དུ་སྦྱང་། །ཞེས་པ་དང་། སི་ཏུ་པཎ་ཆེན་གྱིས། རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །ཉན་བསམ་བསྟན་པའི་དོན་དུ་སྦྱར། །ཞེས་པའི་རྗེས་འཇུག་བཞི་ཞེས་པ་དེ་ལ་སྔོན་མཁས་པ་ལ་ལས་རྗེས་འཇུག་གི་ཡི་གེ་དག་ལ་གུག་གུ་དང་ཞབས་ཀྱུ། འགྲེང་བུ་དང་གནའ་རུ་བཞི་ཞེས་བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས་དེ་འདྲའི་འགྲེལ་བ་ཞིག་གསུངས་ཡོད་པ་རེད། ཡིན་ན་ཡང་། སྤྱིར་པྲ་ཏི་རིན་ཆེན་དོན་གྲུབ་དང་སི་ཏུ་པཎ་ཆེན་རྣམ་པ་གཉིས་ཀས་རྗེས་འཇུག་བཞི་ཡི་སྦྱོར་བ་ཞེས་པ་དེ་གང་ལ་གོ་ཟེར་ན། རྟགས་འཇུག་གི་སྐབས་སུ་བྱུང་བའི་གང་ལ་འཇུག་པ། གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པའི་དོན་བཞི་ལ་གོ་བཞིན་ཡོད་པ་རེད། དེས་ན་དེའི་ཆ་དེ་ན་ཁོང་རྣམ་པ་གཉིས་ལ་འགྲེལ་ཚུལ་ཐ་དད་པ་མེད་གི དེའི་ཕན་ཆད་ནས་སི་ཏུ་པཎ་ཆེན་དང་པྲ་ཏི་རིན་ཆེན་དོན་གྲུབ་གཉིས་ཀས་གཞུང་དེ་འགྲེལ་བའི་སྐབས་སུ་ཁོང་རྣམ་པ་གཉིས་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་གང་རེད་ཟེར་ན། སྨྲ་སྒོ་མཚོན་ཆ་རྩལ་དུ་བཏོན་ཏེ་སྨྲ་སྒོ་མཚོན་ཆའི་གཞུང་དོན་ལ་བསྟུན་ནས་སུམ་ཅུ་བའི་གཞུང་དོན་འགྲེལ་བཞིན་ཡོད་པ་རེད། དེས་ན་རང་རེས་བོད་ཀྱི་མཁས་པའི་ནང་ན་སྨྲ་སྒོ་མཚོན་ཆ་འདི་མཆོག་ཏུ་འཛིན་པ་དང་མཆོག་ཏུ་མི་འཛིན་པའི་ལུགས་གཉིས་ཡོད་པ་རེད། དེ་ཡིན་རྒྱུ་ནི་སྤྱིར་སྨྲ་སྒོ་མཚོན་ཆ་ཞེས་པ་འདི་ནི་སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀིརྟིས་མཛད་པ་ཡིན་པ་དང་སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀིརྟིས་མཛད་པ་མ་ཡིན་པར་འདོད་པའི་ལུགས་གཉིས་ཡོད་པ་དང་། ཡང་སུམ་ཅུ་བའི་གཞུང་ནས་བསྟན་པའི་ཚིག་ཕྲད་དང་སྨར་སྒོ་མཚོན་ཆའི་གཞུང་ནས་བསྟན་པའི་ཚིག་ཕྲད་ནང་དུ་མི་མཐུན་པ་ཡོད་པའི་དབང་གིས། སྨྲ་སྒོ་མཚོན་ཆའི་གཞུང་ནས་བསྟན་པའི་ཚིག་ཕྲད་དེ་དག་བོད་སྐད་ཀྱི་ཁྱད་ཆོས་དངོས་དང་མཐུན་མི་མཐུན་གྱི་ཚིག་གཉིས་ཡོད་པའི་དབང་གིས། སྨྲ་སྒོའི་ལྟ་བ་དེ་བོད་སྐད་ཀྱི་ཁྱད་ཆོས་ཡང་དག་པ་དང་མི་མཐུན་པའི་ལྟ་ཚུལ་དེ་འདྲ་ཡང་བྱུང་འདུག ཡིན་ན་ཡང་། པྲ་ཏི་རིན་ཆེན་དོན་གྲུབ་མཆོག་དང་སི་ཏུ་པཎ་ཆེན་རྣམ་པ་གཉིས་ཀས་སྨྲ་སྒོ་མཚོན་ཆ་དེ་ལ་བསྟེན་ནས་སུམ་ཅུ་བའི་གཞུང་དོན་འགྲེལ་བའི་དབང་གིས། ཁོང་རྣམ་པ་གཉིས་ཀྱི་མཛད་པ་དེའི་དབང་གིས་སྨྲ་སྒོ་མཚོན་ཆའི་འཕྲིན་ལས་ཆེན་པོ་རྒྱས་པ་རེད། མ་གཞི་སྨྲ་སྒོ་མཚོན་ཆའི་འཕྲིན་ལས་ཆེན་པོ་རྒྱས་པ་དེ་ས་སྐྱ་པཎ་ཆེན་ལ་རག་ལས་པ་རེད། ས་སྐྱ་པཎ་ཆེན་གྱིས་སྨྲ་སྒོའི་མཚོན་ཆ་དེ་ལ་སྨྲ་སྒོའི་ས་བཅད་ཅེས་པ་ཞིག་མཛད་པར་མ་ཟད། སྨྲ་མཆོག་སྨྲ་བའི་རྗེས་འབྲང་སྨྲ་བའི་སྒོ། །ཞེས་སྨྲ་སྒོ་མཚོན་ཆ་དེ་ལ་གདེང་འཇོག་བླ་ན་མེད་པ་ཞིག་མཛད་འདུག དེས་ན་དེ་ལྟ་བུའི་དབང་གིས་སྨྲ་སྒོ་མཚོན་ཆ་འདི་ལ་སྤྱིར་སི་ཏུ་པཎ་ཆེན་དང་པྲ་ཏི་རིན་ཆེན་དོན་གྲུབ་རྣམ་པ་གཉིས་ཀས་སྨྲ་སྒོ་མཚོན་ཆའི་དགོངས་པ་འདི་སུམ་ཅུ་བའི་མན་ངག་བཀྲོལ་བཤད་ཀྱི་ཐབས་དམ་པ་ཞིག་ལ་བཟུང་བའི་དབང་གིས། སྨྲ་སྒོ་མཚོན་ཆའི་འཕྲིན་ལས་ཀྱང་ས་སྐྱ་པཎ་ཆེན་དང་འདྲ་བར་རིམ་གྱིས་འཕེལ་རྒྱས་ཆེན་པོ་བྱུང་སོང་། དེ་ཁོང་རྣམ་པ་གཉིས་ཀའི་གཅིག་མཐུན་གྱི་ལྟ་བ་ཞིག་རེད། 


སྤྱིར་སུམ་ཅུ་བའི་གཞུང་དོན་འགྲེལ་བའི་སྐབས་སུ་པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གིས་སླར་སྡུད་ནས་བཟུང་དགག་སྒྲ་ལ་སོགས་པའི་ཚིག་ཕྲད་སོ་སོར་བཤད་པའི་སྐབས་འདི་ལ་ཚིག་ཕྲད་དེའི་ཐོབ་ཐང་དངོས་སུ་སུམ་ཅུ་བའི་རྩ་བའི་ནང་བཀོད་པ་རེད། དེ་ནི་སི་ཏུ་པཎ་ཆེན་གྱི་མུ་ཏིག་ཕྲེང་མཛེས་ནང་དུ་མེད་པའི་མི་མཐུན་པའི་ཆ་ཞིག་རེད། དེས་ན་སྤྱིར་བཤད་ན་སུམ་ཅུ་བའི་གཞུང་ན་འབྲེལ་སྒྲ་དང་བྱེད་སྒྲ་གཉིས་མ་གཏོགས་ཐོབ་ཐང་དངོས་སུ་བཤད་ཡོད་པ་མ་རེད། ཐོབ་ཐང་ནི་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་གསར་དུ་བརྩམས་པ་རེད། འོན་ཀྱང་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་སུམ་ཅུ་བའི་དགོངས་དོན་འགྲེལ་བའི་སྐབས་སུ་སུམ་ཅུ་བའི་གཞུང་དོན་དེའི་ནང་དུ་ཚིག་ཕྲད་ཀྱི་ཐོབ་ཐང་དངོས་སུ་བསྟན་འདུག འདི་ནི་ཁོང་གི་ཁྱད་ཆོས་ཤིག་རེད། དེ་དང་འདྲ་བར་སི་ཏུ་པཎ་ཆེན་ལ་ཁྱད་ཆོས་ཤིག་ཡོད་པ་ནི་སི་ཏུ་པཎ་ཆེན་སྤྱིར་ཞལ་བཞུགས་པའི་དུས་སུ་དབུས་གཙང་གི་ཡུལ་དང་ཁྱད་པར་བལ་བོའི་ཡུལ་ལ་སོགས་པར་ཕེབས་ནས། ཁོང་གིས་རྒྱ་གར་གྱི་སྒྲ་རིག་པ་དང་འབྲེལ་ཏེ་བོད་ཀྱི་བརྡ་སྤྲོད་ཀྱི་སྐོར་ལ་རྒྱ་གར་གྱི་མཁས་པ་དང་བལ་བོའི་མཁས་པ་ལ་སོགས་པར་བགྲོ་གླེང་མཛད་པའི་དབང་གིས་ཁོང་རྒྱ་གར་གྱི་སྒྲ་རིག་པར་ནང་བྱན་ཆེན་པོ་ཐོབ་པ་རེད། ཁྱད་པར་དུ་སི་ཏུ་པཎ་ཆེན་གྱི་འགྲེལ་བཤད་གཉིས་ཏེ་ཙནྡྲ་བའི་འགྲེལ་བ་ཆེན་པོ་ཞིག་མཛད་ཡོད་པ་རེད། དེ་ནི་སི་ཏུ་པཎ་ཆེན་གྱིས་ང་ཚོ་བོད་པ་ལ་བཞག་པའི་འགྲེལ་ཆེན་གཉིས་ཀྱི་ནང་ནས་སྒྲ་འགྲེལ་ཆེན་མོ་ཞེས་པ་དང་གཅིག་བོད་ཀྱི་སུམ་ཅུ་བའི་འགྲེལ་བ་སྟེ་སི་ཏུའི་འགྲེལ་ཆེན་ཞེས་པ་འདི་རེད། དེས་ན་དེ་ལྟ་བུའི་ཁྱད་ཆོས་ཀྱི་དབང་གིས་སི་ཏུ་པཎ་ཆེན་གྱིས་སུམ་ཅུ་བའི་གཞུང་དོན་འགྲེལ་བའི་སྐབས་སུ་རྒྱ་གར་གྱི་སྒྲ་རིག་པ་དང་བསྟུན་ནས། སྒྲ་རིག་པ་དང་ཕན་ཚུན་གཤིབ་སྡུར་གྱི་སྒོ་ནས་ཚིག་ཕྲད་ཀྱི་ཐོབ་ཐང་དང་ཚིག་ཕྲད་ཀྱི་རྣམ་གྲངས་ལ་སོགས་པ་མང་བོ་ཞིག་གསུང་གིན་འདུག དེས་ན་དེ་ནི་སྤྱིར་ང་ཚོས་རྒྱ་གར་གྱི་སྒྲ་རིག་པ་དང་བོད་ཀྱི་སྒྲ་རིག་པ་གཉིས་གཤིབ་སྡུར་བྱ་དགོས་ན། སི་ཏུ་པཎ་ཆེན་གྱིས་མཛད་པའི་འགྲེལ་བ་འདི་ནི་ང་ཚོ་ལ་ཤིན་ཏུ་ཕན་པའི་གཞུང་གལ་ཆེན་ཞིག་རེད། འདི་ནི་སི་ཏུ་པཎ་ཆེན་གྱི་གསར་གཏོད་བླ་ན་མེད་པ་ཞིག་རེད། ཁྱད་པར་དུ་སི་ཏུ་པཎ་ཆེན་གྱིས། དང་པོར་ང་རོ་རྣམས་ལ་སྦྱང་། །ཞེས་པའི་ཚིག་དོན་འགྲེལ་བའི་སྐབས་སུ་ཁོང་གིས་གསུང་གལ་ཆེན་ཞིག་གནང་ཡོད་པ་གང་རེད་ཟེར་ན། སྤྱིར་ང་ཚོའི་བོད་ཡིག་འདི་ལ་སྔོན་འཇུག་དང་རྗེས་འཇུག མགོ་ཅན་དང་འདོགས་ཅན་ལ་སོགས་པའི་སྦྱོར་བ་འདི་འདྲ་བ་ཞིག་བྱུང་བ་ནི། མ་གཞི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱིས་བོད་ཀྱི་ཡི་གེ་སྦྱོར་བ་འདི་གཏན་ལ་འབེབས་པའི་དུས་སུ་བོད་སྐད་ཀྱི་སྦྱོར་བ་རང་ན་མགོ་ཅན་དང་འདོགས་ཅན། སྔོན་འཇུག་དང་རྗེས་འཇུག་ལ་སོགས་པའི་ཆ་ཤས་སོ་སོར་མེད་པའི་རྟགས་ཡིན་ལ། སྤྱིར་ཡི་གེ་ལ་དེ་འདྲ་བྱུང་བ་ནི་སྐད་ཆའི་སྦྱོར་བའི་མཚོན་བྱེད་ཡིན་པ་ལས་སྐད་ཆའི་སྦྱོར་བའི་སྟེང་ན་དེ་ལྟ་བུའི་ཆ་ཤས་སོ་སོའི་འགྱུར་བ་མེད་ན། ཡི་གེ་ལའང་སྔོན་འཇུག་དང་རྗེས་འཇུག་ཕྱེས་པ་དགོས་པ་མེད་ཟེར་བ་འདི་ང་ཚོས་སྤྱིར་སློབ་དཔོན་ཐོན་མི་སམ་བྷོ་ཊས་བརྡ་སྤྲོད་ཀྱི་གཞུང་ལུགས་བཤད་པའི་དུས་ཀྱི་བོད་སྐད་ཀྱི་ཁྱད་ཆོས་ག་འདྲ་ཞིག་ཡིན་པ་འདི་ལ། བསམ་བློ་གཏོང་རྒྱུའི་གནད་གལ་ཆེན་ཞིག་ཁོང་གིས་བཏོན་པ་རེད། 


དེ་ནས་ཁོང་གིས་མིང་དང་ཚིག་ལ་སོགས་པའི་སྐབས་འདི་ལ་ད་དུང་ཞིབ་ཆ་ཞིག་ཕྱེས་ཡོད་པ་རེད། རྒྱུ་མཚན་གང་རེད་ཟེར་ན། སྤྱིར་གཞན་མང་བོ་ན་དོན་གྱི་ངོ་བོ་སྟོན་པ་མིང་། དོན་གྱི་ཁྱད་པར་སྟོན་པ་ཚིག་ཅེས་བརྗོད་ཀི་ཡོད་མོད། དེས་ན་ཁོང་གིས་རགས་པའི་དབང་དུ་བཏང་ན་འདི་འདྲ་ཡིན་ཡང་། ཞིབ་ཆའི་དབང་དུ་བཏང་ན་མིང་གི་ནང་ནའང་དོན་གྱི་ཁྱད་པར་སྟོན་པ་ཡོད། དཔེར་ན། ཀུན་ཏུ་བཟང་བོ། སྒྱུ་འཕྲུལ་ལྷ་མོ། ཕྱག་ན་པདྨ།ཞེས་པ་ལ་ཚིག་ཕྲད་ཡོད་ཀྱང་ད་དུང་མིང་གི་གནས་སྐབས་སུ་ཡོད་པས་མིང་ཡིན་ཟེར་བ་དེ། ང་ཚོས་མིང་དང་ཚིག་ཅེས་པའི་ཁྱད་པར་འབྱེད་པའི་སྐབས་སུ་དོན་གྱི་ངོ་བོ་སྟོན་པ་དང་ཁྱད་པར་སྟོན་པའི་ཆ་དེ་དག་ལ་བསྟུན་མི་ཉན་པར། ཁྱད་པར་རྫོགས་པར་སྟོན་པ་དང་ཁྱད་པར་ཙམ་སྟོན་པ་ཞེས་པའི་ཞིབ་ཆ་འབྱེད་དགོས་པ་ནི་སི་ཏུ་པཎ་ཆེན་གྱི་ལྟ་བ་གསར་བ་ཞིག་གནད་དུ་བཏོན་འདུག གང་ལྟར་སི་ཏུ་པཎ་ཆེན་དང་པྲ་ཏི་རིན་ཆེན་དོན་གྲུབ་རྣམ་པ་གཉིས་ཀས་སུམ་ཅུ་བའི་གཞུང་འདི་འགྲེལ་བའི་སྐབས་སུ་འགྲེལ་ཚིག་དེ་ལྟ་བུའི་ཐ་དད་པ་ཅུང་ཟད་ཡོད་པ་རེད། ཡིན་ན་ཡང་། སྤྱིར་སུམ་ཅུ་བའི་གཞུང་འདིས་བོད་སྐད་ཀྱི་སྐད་ཆའི་སྦྱོར་བ་ལ་ཐོན་པའི་ཕན་ནུས་དང་། སྐད་ཆའི་སྦྱོར་ཚུལ་གྱི་ཆ་ནས་ཁོང་རྣམ་པ་གཉིས་ཀྱི་ལྟ་བ་སྤྱི་ཁོག་ནས་བོད་སྐད་ཀྱི་ཁྱད་ཆོས་དངོས་ལ་ཕན་ནུས་ཅི་ལྟ་བུ་ཞིག་ཐོན་ཡོད་པ་ཕྱོགས་བསྡོམས་བྱས་པའི་དབང་གིས། ཁོང་གཉིས་ཀྱི་ལྟ་བ་དེ་བོད་སྐད་ཀྱི་ཁྱད་ཆོས་གོང་དུ་འཕེལ་བ་ལ་ཕན་ནུས་ཆེན་པོ་ཞིག་ཐོན་བྱུང་། ཁྱད་པར་དུ་ང་ཚོས་ཤེས་གསལ་ལྟར་དུས་རབས་བདུན་པའི་ནང་དུ་སུམ་ཅུ་བ་དང་རྟགས་འཇུག་ལ་སོགས་པ་བྱུང་བ་ནས་བཟུང་སྤྱིར་མཁས་པ་རྣམས་ཀྱིས་འགྲེལ་བ་འགྲེལ་བཤད། བསྡུས་དོན། མཆན་འགྲེལ་ལ་སོགས་པ་སྣ་ཚོགས་པ་མཛད་པའི་དབང་གིས་སུམ་ཅུ་བ་དང་རྟགས་འཇུག་གི་འཕྲིན་ལས་ལ་བརྟེན་ནས་བོད་སྐད་ཀྱི་མིང་བརྡ་ལ་འགྱུར་བ་ཆེན་པོ་བྱུང་ཡང་། སྐད་ཆའི་སྦྱོར་རིམ་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་སྤྱི་ལ་འགྱུར་བ་མ་བྱུང་བ་དེ་སུམ་ཅུ་བ་དང་རྟགས་འཇུག་གི་བཀའ་དྲིན་དང་འཕྲིན་ལས་རེད། ལྷག་པར་དུ་པྲ་ཏི་རིན་ཆེན་དོན་གྲུབ་དང་སི་ཏུ་པཎ་ཆེན་རྣམ་པ་གཉིས་ཀྱི་བརྡ་སྤྲོད་ཀྱི་འགྲེལ་བ་འདི་བོད་ཁུལ་གྱི་དགོན་སྡེ་སོ་སོ་དང་ཡུལ་གྲུ་སོ་སོ་ལ་དར་ཁྱབ་ཆེན་པོ་བྱུང་བ་དང་། ཁོང་རྣམ་པས་རང་རང་གི་གདན་ས་དག་ནས་འདིའི་འཆད་ཁྲིད་རྒྱ་ཆེན་པོ་སྤེལ་བའི་དབང་གིས་གངས་ཅན་བོད་ཀྱི་ལྗོངས་འདི་ལ། བརྡ་སྤྲོད་ཀྱི་འཕྲིན་ལས་ཆེན་པོ་འཕེལ་བ་དང་བོད་སྐད་ཀྱི་སྐད་ཆའི་ཁྱད་ཆོས་མི་ཉམས་པ་འདི་ལ་ཁོང་རྣམ་པ་གཉིས་ཀྱིས་བྱས་རྗེས་ཆེན་པོ་བཞག་འདུག ཡིན་ན་ཡང་། ང་ཚོས་འདི་ལ་བསམ་གཞིག་ཅིག་གཏོང་རྒྱུ་ཡོད་པ་ནི། པྲ་ཏི་རིན་ཆེན་དོན་གྲུབ་མཆོག་ཡིན་ན་འདྲ་སི་ཏུ་པཎ་ཆེན་མཆོག་ཡིན་ན་ཡང་འདྲ། ཚིག་ཕྲད་ལ་ལ་ཞིག་སུམ་ཅུ་བའི་ཤུགས་བསྟན་ཡིན་ཞེས་བསྟན་འདུག དཔེར་ན།ལ་དོན་གྱི་སྐབས་སུ་ཏུ་དང་འབྲེལ་སྒྲའི་སྐབས་སུ་ཡི། བྱེད་སྒྲའི་སྐབས་སུ་ཡིས། རྒྱན་སྡུད་ཀྱི་སྐབས་སུ་ཡང་། དེ་དང་འདྲ་བར་སླར་སྡུད་དང་འབྱེད་སྡུད་ལ་སོགས་པའི་སྐབས་ཀྱི་མིང་གཞི་ད་ཏའི་ཏ་ཐོབ་པའི་སྐབས་འདི་ཤུགས་བསྟན་ཡིན་ཟེར་གི་ཡོད། དེ་སྤྱིར་ཤུགས་བསྟན་བྱས་ན་གནོད་པ་བྱུང་གི་ཡོད་པ་མ་རེད། འོན་ཀྱང་སུམ་ཅུ་བའི་གཞུང་བཤད་པའི་སྐབས་དེར་ད་དུང་རང་རེས་བོད་སྐད་ཀྱི་སྦྱོར་བའི་ནང་ལོག་ན་ཏུ་དང་ཏོ། ཏམ་ཞེས་པའི་ཚིག་ཕྲད་འདི་བྱུང་ཡོད་པ་མ་རེད། དེ་ཡིན་ན། སུམ་ཅུ་བ་ནི་དུས་རབས་བདུན་པའི་སྐད་ཆའི་ཁྱད་ཆོས་སྤྱི་སྡོམ་བྱས་པ་ཞིག་ཡིན་པའི་དབང་གིས། ཤུགས་བསྟན་བྱས་ན་སྤྱིར་མི་འཕྲོད་པ་མེད་ཀྱང་སུམ་ཅུ་བའི་གཞུང་དོན་དངོས་མ་རེད། ཡིན་རྒྱུ་ནི་གང་རེད་ཟེར་ན། ཞོལ་རྡོ་རིང་ཕྱི་མའི་ནང་དུ་ཏེ་འདི་ཚིག་ཕྲད་ལ་སབྱར་ཡོད་པ་རེད། ཡིན་ན་ཡང་། དེ་ལ་བལྟས་ན་ཏེ་འདི་ད་ལྟ་དང་འདྲ་བར་རྗེས་འཇུག་ན་ར་ལ་སའི་རྗེས་སུ་སྦྱར་བའི་ཐོབ་ཐང་དེ་གྲལ་དག་པོ་མ་ཡིན་པར།སྐབས་ལ་ལར་ན་ར་ལ་སའི་རྗེས་སུ་སྟེ་སྦྱར་ཡོད་ལ། སྐབས་ལ་ལར་རྗེས་འཇུག་ན་ར་ལ་སའི་རྗེས་སུ་ཏེ་སྦྱར་ཡོད་པ། ཡིན་རྒྱུ་ནི་སྐབས་ཐོག་དེ་ལ་ཏེ་ཞེས་པ་རང་རེས་བོད་སྐད་ཀྱི་ཚིག་ཕྲད་ཀྱི་ནང་ལ་རིམ་གྱིས་བྱུང་གི་ཡོད་པ་ལས། ད་རུང་སྦྱོར་ཚུལ་དེ་གཏན་ཆགས་མ་ཡིན་པའི་རྟགས་རེད། དེ་ཡིན་ན། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་གསུངས་པ་ཡིན་པས། སྲོང་བཙན་སྒམ་པོའི་སྐབས་ལ་དེ་ལྟ་བུ་མེད་པ་རྗེས་སུ་དཔག་ཐུབ་པ་རེད། དེས་ན་སྤྱིར་སུམ་ཅུ་བའི་གཞུང་ནས་དངོས་སུ་མ་བསྟན་པའི་ཚིག་ཕྲད་དག་ཤུགས་བསྟན་བྱས་པ་དེ་སུམ་ཅུ་བའི་གཞུང་གི་བསྟན་དོན་དང་མི་མཐུན་པའི་ཆ་ཞིག་ཡོད་པ་རེད། དེ་མ་གཏོགས་སྤྱིར་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་འདི་ལ་འགྲེལ་བ་མཛད་པའི་ནང་ནས་འགྲེལ་བ་ལེགས་ཤོས་དང་རྒྱས་ཤོས། གཞུང་དོན་དང་མཐུན་པ་དེ་ཁོང་རྣམ་པ་གཉིས་ཀྱི་འགྲེལ་བ་འདི་ཡིན་པའི་དབང་གིས་ཁོང་རྣམ་པ་གཉིས་ཀས་འཕྲིན་ལས་འདི་མ་ཉམས་པར་ད་ལྟ་ཡང་བོད་པ་རྣམས་ཀྱིས་འཆད་ཉན་བྱེད་བཞིན་པ་དང་། དེའི་རང་རེས་བོད་ཀྱི་སྐད་ཆ་འདི་གཅིག་གྱུར་བྱེད་པ་ལ་ཕན་ཐོགས་ཆེན་པོ་ཞིག་བྱུང་གི་ཡོད་པ་དེ་ཡང་ང་ཚོས་ཤེས་དགོས་ལ། སྤྱིར་མདོ་དབུས་ཁམས་གསུམ་གྱི་བོད་པ་སུ་དང་གང་ཞིག་ཡིན་རུང་སྐད་ཆ་ཅི་ཞིག་བཤད་རུང་བརྡ་སྤྲོད་སྤྱིའི་ལུགས་སྦྱོར་ཚུལ་གྱི་ཆ་ནས་སུམ་ཅུ་བ་དང་རྟགས་འཇུག་གི་དགོངས་པ་ལྟར་དུ་སྦྱོར་དགོས་པ་དེ་ང་ཚོ་བོད་པའི་སྐད་ཆ་གཅིག་གྱུར་ཡོང་བའི་རྨང་གཞི་ཤིན་ཏུ་གལ་ཆེན་པོ་ཞིག་རེད།

2020/06/30

སྐད་འཕྲིན་བཀག་སྡོམ་དང་དེ་ལས་ཐར་ཐབས་ཡོད་དམ།



                                                                                                          སྲོང་བཙན།

མདང་དགོང་མཚན་དཀྱིལ་ནས་མགོ་བཙུགས་ཏེ་རྒྱ་གར་གཞུང་གིས་རྒྱ་ནག་གིས་བཟོས་པའི་མཉེན་ཆས་མི་འདྲ་བར་59བཀག་སྡོམ་བྱེད་པའི་གསལ་བསྒྲགས་སྤེལ་ཡོད། ཉེ་སྔོན་ས་མཚམས་སུ་དོན་རྐྱེན་བྱུང་བས་ལ་དྭགས་པ་བསོད་ནམས་དབང་ཕྱུག་གིས་རྒྱ་ནག་ལ་དམག་འཁྲུག་གཅིག་བུས་ཁ་གཏད་བཅག་པ་ལས་མཉེན་ཆས་སྤྱོད་མཚམས་འཇོག་པ་དང་ཚོང་འབྲེལ་མཚམས་འཇོག་བྱེད་པ་དེ་ནུས་པ་ཆེ་བ་ཡོད་པས་རྒྱ་གར་མི་མང་ཚོས་རང་རང་གིས་རྒྱ་ནག་ལ་ནུས་ལྡན་གྱི་དམག་འཁྲུག་འདི་རྒྱག་དགོས་པས་འབོད་སྐུལ་བྱས་ཡོད་པ་དང་རྐྱེན་དེས་རྒྱ་ནག་གི་མཉེན་ཆས་བསུབ་བྱེད་ཀྱི་Remove China App ཞེས་པའི་མཉེན་ཆོས་བཟོས་ཏེ་རྒྱ་ནག་གི་མཉེན་ཆས་བསུབ་པའི་ལས་འགུལ་ཡང་འབྱུང་མུས་རེད།

གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་གདོང་བྱུང་སྟེ་ཕན་ཚུན་གསོད་རེས་དང་ཤི་རྨིས་དེས་སླར་ཡང་རྒྱ་གར་གཞུང་མང་གཉིས་ཀ་ཁོང་ཁྲོ་ཆེན་པོ་ལངས་པའི་རྐྱེན་རྩ་བཟོས་ཏེ་རྒྱ་གར་གཞུང་གིས་རྒྱ་ནག་མཉམ་དུ་འཇོག་པའི་ཚོང་འབྲེལ་གན་རྒྱ་དུ་མ་ཞིག་རྩིས་མེད་དང་གྲུ་ཁ་ནས་ཅ་དངོས་བཀག་འགོག་གིས་རྒྱ་ནག་གི་ཅ་དངོས་འགག་སྒོ་ནས་ཡོང་མ་བཅུག་སོགས་དཔལ་འབྱོར་གྱི་དམག་འཁྲུག་མགོ་བཙུགས་ཡོད་མོད། རྒྱ་གར་གཞུང་འཛིན་ཚོགས་པས་ནུས་ལྡན་གྱི་བྱ་ཐབས་སྤེལ་མིན་དོགས་སློང་དང་སྲིད་བློན་མོ་དྷིས་རྒྱ་ནག་ལ་བསྟུན་ཐབས་ཀྱི་ཐབས་ཇུས་བཟུང་སྟེ་དམག་འཁྲུག་ཆེན་པོ་ཞིག་རྒྱག་མི་ཐུབ་ཅེས་རྩོད་གླེང་འབྱུང་གི་ཡོད། འོན་ཀྱང་མདང་ནུབ་མཚན་དཀྱིལ་གྱི་མཉེན་ཆས་བཀག་སྡོམ་དེས་གཞུང་འཛིན་ཚོགས་པས་འཇམ་ཐབས་དང་བསྟུན་མཁས་རང་བཞིན་གྱི་རྣམ་འགྱུར་མི་འཛིན་པར་ཕྱོགས་ཡོངས་ནས་རྒྱ་ནག་དང་དམག་འཁྲུག་ཅིག་རྒྱག་རྒྱུ་ཡིན་པའི་རྣམ་པ་གསལ་པོར་བསྟན་ཡོད།

སྐད་འཕྲིན་བཀག་སྡོམ་དེས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་གྱི་ཐག་པ་གཅིག་བུ་དེ་གཅོད་དོགས་ཀྱིས་ང་རང་འཚུད་པའི་བོད་ནང་དུ་འབྲེལ་བ་ཡོད་པ་དག་སླར་ཡང་༩༠གོ་གྲངས་ཀྱི་གནས་སྟངས་དེ་ལྟ་བུ་འབྱུང་སྲིད་སྙམ་པའི་སེམས་འཚབ་སླེབས་པ་དང་མི་སྒེར་པ་ཙམ་མིན་པར་གཞུང་དང་ཚོགས་པ་ཁག་ལའང་བོད་ནང་གི་གནས་ཚུལ་འབྱོར་བའི་རྒྱུ་ལམ་ཆད་པ་ལྟ་བུར་ངོས་འཛིན་ཆོག་པ་ཞིག་ཡིན་པས་སེམས་འཚབ་བྱེད་རིན་ཡོད་པ་ཞིག་ཀྱང་རེད་སྙམ།

སྐད་འཕྲིན་བཀག་སྡོམ་ཇི་ལྟར་བྱེད་ཀྱི་ཡིན་མིན་གསལ་པོར་མི་ཤེས་ནའང་ད་བར་རྒྱ་སྤྱིའི་ནང་དུ་མཉེན་ཆས་བཀག་སྡོམ་བྱེད་ཐབས་ཀྱི་ཐབས་ལམ་ཡོངས་ཁྱབ་སྤྱོད་བཞིན་པ་ནི་Android དང་iOS གཉིས་ཀྱི་མཉེན་ཆས་ཕབ་ཡུལ་ནས་མཉེན་ཆས་ཁག་ཕྱིར་འཕེན་བྱས་ཏེ་ཕབ་ལེན་མི་ཐུབ་པ་བཟོ་གི་ཡོད་པས་ཐབས་ལམ་འདི་ཉིད་སྤྱོད་སྲིད། དེ་ལྟར་ཡིན་དབང་དུ་གཏོང་ན་ད་ཡོད་མཉེན་ཆས་མུ་མཐུད་བསྐྱར་གསོupdate བྱ་ཐབས་མེད་ནའང་ཡོད་པ་དེ་མུ་མཐུད་བེད་སྤྱོད་གཏོང་ཐུབ། Android ཁ་པར་རིགས་ལ་Apps Store དེ་ཁོ་ན་ལས་ཕབ་ལེན་བྱ་མི་དགོས་པར་ཕབ་ལེན་བྱ་ས་མང་པོ་ནས་ལེན་ཐུབ་ཀྱི་ཡོད་སྟབས་ཕབ་ལེན་བྱེད་རྒྱུ་མི་རག་པའི་དཀའ་ངལ་ཡོང་མི་ཐུབ། འོན་ཀྱང་iOSཁ་པར་རིགས་ལ་App Storeགཅིག་བུའི་ལམ་ཁ་བརྒྱུད་ནས་མཉེན་ཆས་ལེན་དགོས་སྟབས་ཅུང་དཀའ་ངལ་འབྱུང་སྲིད་མོད། ཐབས་ལམ་གཏན་ནས་མེད་པའང་མིན་སྟེ་ཀུ་ཤུ་ཁ་པར་གྱི་country/region ནས་ས་གནས་རྒྱལ་ཁབ་གཞན་ཞིག་ལ་ཁ་སྒྱུར་བྱས་ན་ཕབ་ལེན་བྱ་རྒྱུ་མི་རག་པའི་དཀའ་ངལ་དེ་སེལ་ཐུབ།  འདི་ནི་ཕབ་ལེན་བྱ་ཡུལ་ནས་མཉེན་ཆས་བཀག་སྡོམ་བྱེད་པ་གཞི་བཞག་གིས་བཤད་བཞིན་ཡོད་པས་བཀག་སྡོམ་གྱི་བྱ་ཐབས་གཞན་བྱུང་ན་འདིས་ཕན་ཐོགས་པ་ཞིག་མིན།

རྒྱ་ནག་སོགས་དམག་ཕྱོགས་རྒྱལ་ཁབ་རེ་གཉིས་ཕུད་དེ་མིན་རྒྱལ་ཁབ་ནས་VPNམཉེན་ཆས་རག་རྒྱུ་དཀའ་ངལ་མེད་པས་དྲ་རྒྱའི་ལྕགས་རི་འཛུགས་ནའང་དེ་ལས་གཡོལ་ཐུབ་པའི་ཐབས་ལམ་དེ་དཀའ་ངལ་ཅན་ཞིག་མིན། བཀག་སྡོམ་ཇི་ལྟར་བྱས་རུང་དེ་ལས་ཐར་ཐབས་ཀྱི་ཐབས་ཤེས་ཀྱང་སྣ་ཚོགས་ཤིག་ཡོང་གི་ཡོད་པས་བོད་ཕྱི་ནང་གཉིས་སུ་དྲ་འབྲེལ་ཆད་ནས་མི་ནག་གི་མཚན་མོ་ལྟ་བུ་ཞིག་འཆར་མི་སྲིད་པས་སེམས་འཚབ་དེ་ཙམ་སྐྱེ་དགོས་པ་མི་འདུག་སྙམ། མདང་ནུབ་དང་ད་ནངས་གཉིས་ཀར་སྐད་འཕྲིན་གྱི་འབྲེལ་ལམ་ཆད་དོགས་ཀྱིས་བོད་ནང་གི་འབྲེལ་ཡོད་ཚོར་ལན་བཞག་པའི་ཆ་འཕྲིན་གྱིས་ཁེངས་འདུག་པས་སེམས་འཚབ་ཞུ་ཐབས་ཀྱི་གནས་ཚུལ་རེ་གཉིས་འབྲི་འདུན་སྐྱེས་ཏེ་ཤར་མར་བྲིས།
2020/6/30

2020/02/20

ཉི་མ་ནུབ་ཁ་ན།


ནུབ་ཀྱིས་ཉི་མ་འཐེན་ནས་བྲོས་ལ་ཁད།།
མུན་ནག་འདོམ་གྱིས་ས་ཆེན་གཞལ་བ་ན།།
སྣང་བའི་བར་སྣང་དེ་ནི་ལག་མཐིལ་ཙམ།།
སེམས་དང་བར་སྣང་འདྲེས་པས་རབ་རིབ་གྱུར།། 

སྙིང་གི་རྩིབས་རུས་དགུན་གྱི་ཚད་པས་བཙིར།
ཟུང་ཁྲག་འཁོལ་བའི་ལྷང་ལྷང་སྐད་ཀྱིས་དཀྲོགས།།
གཉིད་ཀྱི་རྒྱ་མཚོ་སྐེམ་པའི་འདམ་མྱགས་ན།།
སེམས་པ་ཁེར་སྐྱེས་མེ་ཏོག་ཟོལ་གྱིས་འཕུར།།

སྐྱིད་ན་སྐད་འགོ་མི་མཐོ་འཇམ་གྱིས་སྡོད།།
སྡུག་དུས་སྐྱོ་ལྭ་མི་གོན་འཛུམ་ནས་འགྲོ།། 
སེམས་པ་ལག་པས་སྐྱོར་བཞིན་ག་ལེར་ཉལ།།
རང་གི་ལག་ན་རང་ཉིད་བདེ་བར་སྒོམ།།

དགའ་དང་བདེ་བ་འཆར་དང་ནུབ་ཀྱིས་ཡོང་། 
སྐྱོ་དང་རྒུད་པ་དྲག་ཏུ་འཁྱུག་ཅིང་འབབ།། 
སྐྱིད་ལ་སྡུག་པའི་མི་ཚེ་འཛད་པ་ན།།
འཁོར་བའི་མུན་ན་མུན་པ་དེ་ཙམ་མཐུག། 
2019/2/23

2020/02/17

མཚོ་ཁ་གཡེང་པ།


ཉི་མ་དམར་པོ་དེ་མཚོ་མོའི་ཞབས་ལ་ནུབ།།
རླབས་རིས་གྱ་གྱུ་དེ་མཐའ་ནས་མཐའ་ལ་དེད།།
བསིལ་རླུང་འཇམ་པོ་ནི་གདོང་ལ་གཏོད་བཞིན་སྤུར།།
དབུགས་རིང་གཏོང་གཏོང་ལ་མཚོ་ཁ་གཡེངས་ནས་ལུས།།

དྲན་གདུང་འགོག་མེད་ཅིག་ནུབ་ཁས་འདྲེན་ནས་བྱུང་།།
ཡིད་ཀྱི་རྒྱ་མཚོ་དེ་འཇགས་མེད་རླུང་གིས་གཡོས།།
མངར་སྐྱུར་ཚོར་བ་ཞིག་གཏིང་ནས་གཏིང་དུ་འཁོལ།།
སེམས་པ་ཐོགས་མེད་འདི་བྲང་གིས་ག་ལ་ཁོག།

དགའ་སྐྱོ་ཆགས་སྡང་གིས་རི་བོ་བརྩིགས་པ་ལ།།
རྣམ་རྟོག་འགོག་མེད་ཀྱི་རླུང་ལྷག་བྲེལ་མ་འཚུབ།།
བཙན་ས་མ་ཟིན་པའི་སེམས་པ་གཤོག་ཐོགས་འདིས།།
ཚོར་བའི་རླབས་རིས་ལ་འཚོ་བའི་རི་མོ་བྲིས།།

ཅི་དང་གང་ལ་ཡང་ཞེ་ཐོགས་མེད་གྱུར་ན།།
མ་དག་ས་ལ་ནི་འཚོ་སྟངས་མི་ཤེས་པས།།
དག་པ་རབ་འབྱམས་ཤིག་མ་རྙེད་ཚུན་ལ་ནི།།
ཞེ་བློ་སྲབ་མེད་འདིས་གར་ཁྲིད་མི་རྒྱུགས་ཅི།།

རྫུན་གྱི་བྲིན་ཁ་དེ་ཇེ་མཐོ་ཆེ་མང་ན།།
བདེན་པ་སྲུང་རྒྱུ་ནི་སྲོག་དང་ཐུག་པའི་ལས།།
སྐེ་དེ་མ་ཆད་ནའང་མགོ་དེ་ལྷུང་ངེས་པས།།
རང་ཁ་སྲུང་རྒྱུ་ནི་རང་ཉིད་འཚོ་ཐབས་ཡིན།།

ཁ་ཁོག་གཉིས་པོ་ན་རྣམ་འགྱུར་མངར་སྐྱུར་རེ།།
ཚུལ་འཆོས་རྒྱབ་ཏུ་ནི་མ་ལྐུངས་ཐབས་མེད་རེད།།
འཇིག་རྟེན་འཁོར་བ་ན་སྐྱིད་ཉལ་བྱ་བསམ་ན།།
ཟ་རེ་ཟུ་རེ་དེ་ཐབས་ཀྱི་མཆོག་ཡིན་ཚོད།།

2020/2/14

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...