2014/07/08

ཁ་ཚ་དགོས་གཏུགས་ཀྱི་ལས་ཀ།


  —སྤྱི་སྐད་ཡོང་ཐབས་སྐོར་ཐབས་ལམ་གླེང་བ།
    དྲ་བའི་འཇིག་རྟེན་ན་འཁོར་དང་སྐྱོད་བཞིན་པའི་ངེད་ཅག་བོད་པ་ཚོར་དྲ་བ་དང་ཤ་རུས་བཞིན་ཁ་ཁར་གཏོང་ཐབས་མེད་པའི་དེ་རིང་གི་དུས་སུ། དྲ་བ་སྤྱད་དེ་ཉིན་རེའི་ཆེས་དགོས་མཁོ་དང་ནམ་ཡང་མ་ཤེས་ཐབས་མེད་ཀྱི་འཚོ་བའི་རྒྱུན་ཤེས་སོགས་སྣ་སྒོ་དུ་མ་ནས་སྤེལ་དང་འགྲེམས་བཞིན་པ་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན་ལ། མི་མང་པོས་ཞར་ཞོལ་དུ་ལུས་ཀྱི་འཕྲོད་བརྟེན་དང་འཁོར་ཡུག་བདག་བཅེས། སྐད་ཡིག་བཀོལ་སྤྱོད། རིག་གཞུང་རྒྱུན་འཛིན་སོགས་རང་རང་གིས་ཐུབ་ཚད་འཇོན་ཚད་གང་ཡོད་བསྒྲུབས་ཏེ་རང་རེའི་གངས་ཅན་པ་ཚོའང་དེང་རབས་ཀྱི་དཔལ་ཡོན་སྣ་ཚོགས་པ་ལ་གོམ་པ་མདུན་སྐྱོད་བྱེད་བཞིན་པའང་སྤྲོ་སྣང་སྐྱེ་དགོས་པ་ཞིག་རེད། 
ད་རེས་བདག་གིས་ཆེས་བཤད་འདོད་པ་ནི་གཅིག་གྱུར་གྱི་སྐད་བརྡ་མེད་པའི་ཁོར་ཡུག་དང་དེས་སྤྲོད་པའི་དཀའ་ཁག་དང་སྐྱོ་གནས་དེ་ཡིན། རང་རེའི་དང་ས་འདྲེས་ཡིན་པའི་འབྲུག་རྒྱལ་ཁབ། དེ་བཞིན་ཧི་མ་ལ་ཡ་མི་རིགས་མོན་དང་ལ་དྭགས་སོགས་བོད་ཡིག་བཀོལ་སྤྱོད་བྱེད་བཞིན་པའི་རང་དབང་ཅན་གྱི་ཡུལ་གྲུབ་དེ་དག་དང་བསྡུར་ན་རང་རེ་གངས་ཅན་པ་གཞིས་བྱེས་གཉིས་སུ་སྐད་ཡིག་སྲུང་སྐྱོབ་དང་སྐད་ཡིག་དང་འབྲེལ་བའི་བརྡ་འཕྲིན་གསར་གཏོད་དྲ་ཚིགས་དང་ཚགས་པ། དུས་དེབ་དང་རྩོམ་དེབ་འགྲེམས་སྤེལ་བྱེད་པ་ནི་ཧ་ཅང་མཚོན་མཐོ་ཞིང་སྤུས་ཀ་བཟང་བ་ནི་དོན་དངོས་ཤིག་ཡིན། འོན་ཀྱང་ཆེས་སྐྱོ་གནས་དང་ཆེས་དཀའ་ཁག་དེ་ནི་སྐད་བརྡ་གཅིག་འགྱུར་མེད་པ་འདི་ཡིན་ཞིང་གཅིག་འགྱུར་གྱི་སྐད་བརྡ་མེད་སྟབས་སྡིངས་ཆ་གཅིག་གི་སྟེང་ནས་མདོ་དབུས་ཁམས་གསུམ་གྱི་མི་སྣ་མཉམ་འཛོམས་ཐོག་བགྲོ་གླེང་དང་གྲོས་བསྡུ་བྱེད་ཐབས་བྲལ་ཞིང་གལ་ཏེ་མཉམ་འཛོམས་བྱུང་རུང་སྐད་རིགས་གཞན་ཞིག་བཀོལ་ནས་ཁ་བརྡ་བྱེད་དགོས་པ་ནི་ངས་བལྟས་ན་རང་རེའི་མདུན་སྐྱོད་ཀྱི་བཀག་རྡོ་ཆེ་ཤོས་དེ་རེད་འདུག་སྙམ། སྐད་ཡིག་གཅིག་འགྱུར་སྐོར་གྱི་ཆེད་རྩོམ་དང་མཁས་པའི་ཚོགས་འདུ་སོགས་ཀྱི་མཐའ་ཐུག་གི་གྲུབ་དོན་ནི་སྐད་བརྡ་གཅིག་འགྱུར་གྱི་གཞི་འཛིན་ས་ནི་དབུས་སྐད་ཡིན་ལ་དབུས་སྐད་ལའང་སྙིང་དོར་གཅུད་ལེན་བྱས་ཏེ་ཆེས་ཕུན་སུམ་ཚོགས་པའི་སྤྱི་སྐད་ཅིག་འགྲུབ་ཐབས་བྱེད་དགོས་ཞེས་ཤོག་དཀར་ཐོག་ཏུ་ཡིག་ནག་བྲིས་འདུག་ནའང་ད་བར་འུ་ཅག་གི་སྤྱི་ཚོགས་ནང་དུ་ཕན་འབྲས་དང་འགུལ་སྤྱོད་ཅིག་གཏན་ནས་ཡོང་མི་འདུག
 ད་སྐབས་དྲ་ལམ་ཐོག་ནས་ཨེ་ཙི་སྔོན་འགོག་གི་བྱ་བ་སྤེལ་ཞིང་ཉིན་རེའི་འཚོ་བའི་རྒྱུན་ཤེས་དང་ལྷག་པར་དུ་ཨིན་སྐད་ཆེད་ཁྲིད་ཀྱི་བྱ་བ་བཟང་པོ་རེ་མཛད་མཁན་སྤྱི་ཕན་མི་སྣ་མི་ཉུང་བ་ཞིག་གིས་དཀའ་ངལ་མང་པོ་ཁྱད་གསོད་བགྱིས་ཏེ་ཉིན་མཚན་སྦྲེལ་ནས་ཐུགས་ཁུར་སྐྱོད་བཞིན་པ་ནི་སངས་རྒྱས་སྟོང་སྐུ་བཞེས་པ་ལས་ཀྱང་དགོས་གལ་དང་ཕན་ཡོན་ཆེན་བ་ནི་མིག་བཙུམས་ཏེ་བཤད་ཐུབ་པ་ཞིག་རེད། རེད་དེ་སྤྱི་སྐད་མེད་པའི་དཀའ་ངལ་འཕྲད་དང་འཕྲད་བཞིན་པའི་དེ་རིང་གི་དུས་སུ་སྤྱི་སྐད་ཅིག་ཡོང་ཐབས་སུ་ལག་འགུལ་མཁན་ཞིག་གཏན་ནས་མེད་པ་འདི་ཅི་ཡིན་ད་རུང་བདག་གིས་མ་ཤེས། དཔེར་མཚོན་ཞིག་བཀོད་ན་ས་ཐག་རིང་པོ་ནས་དཔལ་འབྱོར་མང་པོ་བཏང་སྟེ་རྒྱ་གར་རྡ་རམ་ས་ལ་༸གོང་ས་མཆོག་གི་གསེར་ཞལ་འཇལ་བ་དང་གསུང་ཆོས་ཞུ་བ་སླེབས་པའི་ཁམས་དང་ཨ་མདོ་བ་ཧ་ཅང་མང་པོ་འདུག འོན་ཀྱང་༸མགོན་པོ་མཆོག་གི་གསེར་ཞལ་མཇལ་བ་ལས་ལས་ཁོང་གི་ཆེས་ཕུལ་ཏུ་བྱུང་བའི་ལེགས་བཤད་དང་འཛམ་གླིང་གི་སྐྱེ་བོ་གྲངས་མེད་ཅིག་དགའ་འགུལ་ཚད་མེད་སྐྱེ་སའི་འཇིག་རྟེན་བདེ་ཐབས་ཀྱི་གསུང་བཤད་ཟབ་ཅིང་རླིངས་བ་དེ་དག་གཏན་ནས་མ་གོ་བར་ཕྱི་རང་ཡུལ་དུ་ལོགས་དགོས་བྱུང་བའི་སྐྱོ་གནས་རང་བཞིན་འདི་སྤྱི་སྐད་མེད་པ་ལས་བྱུང་ཞིང་གཅིག་འགྱུར་གྱི་སྐད་བརྡ་ཡོང་ཐབས་ལ་འབད་པ་མ་བྱེད་པའི་ཉེར་ལེན་ལས་གྲུབ་པ་རེད། འདི་དང་འདི་འདྲ་ཞིང་འདི་ལས་ལྷག་པའི་སྐྱོ་གནས་རང་བཞིན་གྱི་བྱ་བ་མང་པོ་ཞིག་འུ་ཅག་གི་མགོ་ཐོག་ན་ལྷུང་བཞིན་ཡོད་ནའང་ད་རུང་འགུལ་སྐྱོད་ཅིག་མེད་དོན་ཅི་ཡིན་ནམ། ངས་རེ་བ་ནན་གྱིས་ཞུ་དོན་ནི་ཁམས་དང་ཨ་མདོ་བ་ཚོས་དབུས་སྐད་བཤད་ཉན་ལ་དང་དོད་དང་མི་མང་གི་གྲལ་མགོར་འཁོད་པ་དག་གིས་སྣེ་ཁྲིད་རེ་བྱེད་རོགས་ཞེས་སྐུལ་མ་གཏོང་རྒྱུ་དེ་ཡིན། མཚོ་སྔོན་བརྙན་འཕྲིན་ཁང་དང་ཁམས་པའི་བརྙན་འཕྲིན་ཁང་གིས་མཚོན་པའི་འབྲེལ་ཡོད་ཚོས་ཨིན་སྐད་དང་རྒྱ་སྐད་བཤད་ཐུབ་པའི་མདོ་འཛིན་པ་རེ་ཡོང་ཐབས་བྱེད་པ་ལས་མ་མཐའ་ཡང་དབུས་སྐད་ཚད་ལྡན་རེ་བཤད་ཐུབ་པའི་མདོ་འཛིན་པ་དང་གསར་འགྱུར་སྙན་སྒྲོན་པ་རེ་ཨེ་ཡོང་གི་ལས་ཀ་ཞིག་འཕྲལ་མ་ཉིད་དུ་མགོ་འཛུགས་དགོས་པ་ནི་ཁ་ཚ་དགོས་གཏུགས་རེད་འདུག་སྙམ

2014/07/05

ཀྲུང་དབྱང་ལ་ཁ་གཡང་བསྒྲགས་ཏེ་བོད་ཀྱི་གནད་དོན་སེལ་ཐབས་བྱེད་དགོས།


ཞིང་ཅིན་ཕིང་གིས་མགོ་ཁྲིད་པའི་ཀྲུང་གོའི་མི་རབས་གསར་པའི་མགོ་ཁྲིད་ཚོས་མི་ངན་ཆམ་ལ་ཕབ་པའི་གཡུལ་གཤམ་བཞིན་ཡོད།
དོན་དམ་གྱི་གཙང་བཤེར་དང་ཁྲིམས་མཐུན་གྱི་ཞིབ་བཤེར་ཡིན་མིན་ལ་མ་བལྟོས་པར་ང་ཚོས་ཞིན་ཅིང་པིང་གིས་ལས་དོན་དེར་ཚད་མཐོའི་རྒྱབ་སྐྱོར་དང་ཀྲུང་དབྱངས་ཀྱི་བྱེད་ཐབས་གསར་པ་དེ་ལ་དགའ་མོས་ཀྱི་ཁ་གཡང་སྒྲོགས་དགོས། གཞིས་ཀྱི་བོད་མི་ཚོས་བདེན་དཔང་དང་ཁྲིམས་ལུགས་ཀྱི་ཡིག་ཆ་ལ་བརྟེན་ནས་ཞིང་ཆེན་དང་རྫོང་རིམ་པའི་དཔོན་པོ་བོད་ལ་སྡང་ཟུག་བྱེད་མཁན་ཚོ་ཞིང་ཅིན་ཕིང་གི་བྱེད་ཐབས་དང་མཐུན་པར་ཁྲིམས་བཏུགས་བྱེད་ཐུབ་དགོས།
འདས་པའི་ལོ་རྒྱུས་ནང་ཀྲུང་གོའི་ནོར་འཁྲུལ་མི་བཞི་ཤོག་ཁག་ལ་བཀལ་ནས་མི་བཞི་ཤོག་ཁག་རྩ་མེད་གཏོང་བའི་བྱེད་ཐབས་ཀྱང་ཀྲུང་གོས་ནག་ཉེས་ཁས་ལེན་བྱེད་མི་འདོད་པར་ནག་ཉེས་ཡོད་ཚད་མི་བཞི་ཤོག་ལ་གཡོགས་ཏེ་ཀྲུང་ངབྱངས་ཀྱི་ཆབ་སྲིད་བཅོས་བསྒྱུར་དང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ཐབས་ཇུས་ཞིག་སྤེལ་ཡོད་ཅིང་། མི་སྣ་བྱེ་བྲག་པ་ཁྲིམས་ལ་སྦྱར་བའི་ཆབ་སྲིད་ཀྱི་ཟློས་གར་དེས་ཀྲུང་དབྱང་གི་གཟུགས་བརྙན་བསྐྱར་གསོ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པར་ཕན་ཐོག་ཧ་ཅང་བྱུང་ཡོད།
 བོད་མི་ཚོས་ཀྱང་ཟློས་གར་འདི་འཁྲབས་ཏེ་མི་བཞི་ཤོག་ཁག་ལ་སྡང་ཟུག་བྱེད་པར་ཀྲུང་གོས་དགའ་བསུ་ཞུ་བ་ལས་ཆབ་སྲིད་ནག་ཉེས་གཏན་ནས་བཀལ་མེད་པའི་བྱུང་བ་འདི་ནས་བསླབ་བྱ་ལེགས་པོ་ཞིག་རག་ཡོད།
ད་ཆ་མི་རིགས་བར་གྱི་མཐུན་སྒྲིལ་གཏོར་བརླག་དང་ཁོར་ཡུག་ཉམས་ཆགས་སྤྱི་རྒྱུ་སྒེར་ཟ་སོགས་ཀྱི་བདེན་དཔང་གི་ཐོག་ནས་བོད་ལ་སྡང་ཟུག་བྱེད་མཁན་མི་སྣ་ཚོ་ཁྲིམས་ལ་སྦྱར་དགོས། བྱེད་ཐབས་འདི་ནས་རང་རེའི་སྙིང་ནད་དེ་མི་སྣ་བྱེ་བྲག་པ་གང་མང་ཐོག་ནས་སེལ་ཐུབ་ལ། ད་དུང་གོ་སྐབས་དང་ཆབ་སྲིད་འགྱུར་ལྡོག་ལ་བསྟུན་ནས་བོད་མི་རྒྱ་དགའ་མ་བྱམས་པ་ཕུན་ཚོགས་སོགས་བོད་མི་མགོ་ཁྲིད་དག་ཁྲིམས་ལ་སྦྱར་ཐུབ་དགོས།  འདི་ལྟར་བྱེད་ཐུབ་ན་ཕྱི་དགྲ་དང་ནང་དགྲ་གཉིས་ཀ་བརླག་གཏོར་གཏོང་ཐུབ་པའི་དགེ་མཚན་ཧ་ཅང་ལྡན།
 འོན་ཀྱང་ཀྲུང་དབྱང་ལ་ངོ་རྒོལ་དང་མི་སྙབ་ས་ལག་པ་ནམ་ཡང་འཆང་མི་རུང་ལ་བོད་རང་བཙན་དང་༸གོང་ས་མཆོག་གི་གི་གནད་དོན་ཡང་ནམ་ཡང་གླེང་རྒྱུ་མེད།
 མདོ་ན་ད་ལྟའི་ཀྲུང་གོའི་བྱེད་ཐབས་དེ་རང་གི་འོག་ནས་ལས་དོན་སྤེལ་ཐུབ་ན་འུ་ཚོ་ལ་རྒྱལ་ཁ་ཆེན་པོར་ལེན་ཐུབ་པའི་རེ་བ་ཆེ།
བྱེས་ཀྱི་བོད་མི་དང་ཚོགས་པ་ཡང་ན་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཀྲུང་གོ་ལ་ཁ་གཡང་དང་ཀྲུང་གོ་དང་ཕྱི་སྡོད་བོད་མི་བར་གཡན་སྦྱོར་དཀྲུགས་གཤིག་བྱེད་གཏེར་ཡིན་པའི་འབོད་སྒྲ་འོག་ནས་མི་སྣ་བྱེ་བྲག་པ་དེ་དག་ཀྲུང་དབྱང་གིས་ཁྲིམས་ལ་སྦྱར་དགོས་པས་འབོད་སྐུལ་བྱེད་ཐུབ་དགོས།
འདིས་ཀྲུང་གོས་བོད་ཀྱི་གནད་དོན་ལ་ལག་པ་འཆང་མི་ཐུབ་རྒྱུ་རྐྱེན་དེ་མི་སྣ་བྱེ་བྲག་པའི་ནག་ཉེས་ཤིག་ལ་བརྩིས་ཏེ་ཀྲུང་དབྱང་གིས་བོད་ལ་ཁྲིམས་མཐུན་ཀྱི་བདག་སྐྱོང་དང་ཕྱི་སྡོད་བོད་མིའི་དཀའ་ངལ་སེལ་འདོད་ཡོད་པའི་རྣམ་འགྱུར་བསྟན་སྲིད་ལ་༸ཏཱ་ལའི་བླ་མས་བཏོན་པའི་མི་རིགས་རང་སྐྱོང་གི་གནད་དོན་ལའང་དོན་དམ་གྱི་གྲོས་མོལ་བྱེད་སྲིད། 
 ད་ལྟ་བོད་ཀྱི་དཀའ་ངལ་སེལ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཀྲུང་དབྱང་གིས་ནོར་ཁྲུལ་གྱི་སྲིད་ཇུས་དང་ཏང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ནོར་འཁྲུལ་ཡོད་པ་ངེས་ལེན་བྱེད་མི་ཐུབ་པར་ཐུག་ཡོད།
ང་ཚོས་གོང་བཞིན་ལག་བསྟར་བྱེད་ན་ཏང་དང་ཀྲུང་དབྱང་གིས་བོད་ལ་འཛིན་པའི་སྲིད་ཇུས་བཟང་པོ་དེར་མི་ངན་གང་མང་ཞིག་གིས་ཏང་དང་ཀྲུང་དབྱང་བར་མི་མཐུན་པའི་འགལ་ཟླ་བཟོས་ཡོད་པས་མི་ངན་དེ་དག་ཚར་བཅད་ནས་དོན་དམ་དུ་མི་རིགས་ཁག་གི་དཀའ་ངལ་བསལ་ཏེ་མེས་རྒྱལ་གྱི་ཁྱིམ་ཚང་དུ་མི་རིགས་ཁག་འདྲ་མཉམ་གྱི་ཐོག་ནས་གཏན་དུ་གནས་ཐབས་བྱེད་པའི་སྲིད་ཇུས་བཟང་པོ་དེ་ཚུལ་མཐུན་ལག་བསྟར་བྱེད་དགོས་པའི་ལམ་བསྟན་གསར་པ་ཞིག་ཡོང་ཐུབ། དུས་སྐབས་དེར་འུ་ཚོའི་འབོད་སྒྲ་གང་ཡོད་ཁྲིམས་འགལ་ཞིག་མིན་པར་མི་རིགས་ཤིག་གི་བསམ་ཆ་དང་དཀའ་ངལ་ལ་བརྩིས་ཏེ་ཐག་གཅོད་བྱེད་པའི་ལམ་བུ་གསར་པ་ཞིག་རྙེད་ཡོད་སྟབས་ཧ་ཅང་སྟབས་བདེའི་ཐོག་ནས་དཀལ་ངལ་གང་མང་ཞིག་སེལ་ཐུབ་སྲིད།

དགག་སྒྲུབ་ལ་ས་མཚམས་ཡོད་དགོས།

བོད་ཕྱི་ནང་གཉིས་སུ་གྱར་བའི་གནས་སྟངས་སྐྱོ་ལ་སྡུག་པ་འདི་འདྲ་ཞིག་ངེད་ཅག་གི་མགོ་ཐོག་ན་ལྷུང་ནས་ཡོད་དུས་གཅིག་སྒྲིལ་གྱི་ཁུ་ཚུར་དམ་དུ་སྡོམ་དགོས་པ་ནི་ཧ་ཅང་གལ་ཆེ་བས་ཆིག་སྒྲིལ་གྱི་གོང་བུ་གཏོར་བའི་སྟ་རེ་ཁུར་བའི་སྐྱེ་བོ་སུ་ཞིག་ཡིན་རུང་ངེད་ཅག་ལ་གཏན་ནས་མི་དགོས་པའི་ལྷག་མ་ཞིག་ཡིན། སྒོ་ཤེར་སོགས་ཀྱིས་རང་གི་ལྟ་ཚུལ་མི་མཐུན་པ་ཅི་ཞིག་གཏོན་རུང་ས་མཚམས་བཟུང་བ་དང་བཙན་བྱོལ་བོད་མི་ཚོས་ཀྱང་དགག་སྒྲུབ་ཀྱི་ལས་ཅི་ཞིག་བགྱིས་ཀྱང་བཙན་བྱོལ་ཁྱབ་ཁོངས་ནས་རྒལ་ཏེ་གཞིས་བཞུགས་སྤུན་ཟླ་ཚོ་དང་དགག་སྒྲུབ་ཀྱི་ལས་མི་རྩོམ་པ་ནི་ཆེས་གནད་འགག་ཅིག་སྟེ་ཆིག་སྒྲིལ་སྲུང་བའི་བྱ་བ་ཡག་པོ་ཞིག་ཡིན།
ན་ནིང་ད་ལོ་མདའ་སྨྱུག་དང་ཞོགས་དུང་གི་དགག་ལེན་འབྲི་མཁན་བཙན་བྱོལ་བོད་མིའི་ཁྲོད་ནས་འགོ་འབུས་ཡོང་བ་དང་བཙན་བྱོལ་བ་ལ་ཁ་ཕྱོགས་ཏེ་དངོས་སུ་དགག་པ་བྱེད་མཁན་གཞིས་བཞུགས་དགུ་རོང་སྤུན་གྲོལ་སོགས་རེ་ཟུང་ཐོན་ཡོང་བ་ནི་ཆེས་ཉེན་ཁ་ཆེ་བ་དང་དགག་སྒྲུབ་ཀྱི་སྣེ་མོ་ལ་འཇུས་ཏེ་ལམ་ཕྱོགས་ཁ་ཁར་འགྲོ་བའི་མི་སྣ་གང་མང་བྱུང་ན་འུ་ཅག་གི་མཐུན་སྒྲིལ་ལ་ཅི་ཙམ་གནོད་སྐྱེལ་ཡོང་མིན་ནི་གསལ་ལེ་མཐོང་ཐུབ་པ་རེད།  
བོད་ནང་དུ་སྐྱ་སེར་དབར་དང་རྒན་གཞོན་དབར་ལྟ་བ་གསར་རྙིང་གིས་དགག་སྒྲུབ་ཀྱི་ལས་བྱེད་པ་ཙམ་དུ་མ་ཟད་ཕན་ཚུན་ཕྱོགས་གང་ཐད་ནས་ལམ་བུ་གཅིག་ཏུ་སྐྱོད་ཐབས་མེད་པའི་གནས་སྟངས་སྐྱོ་པོ་རེ་ཡོང་དང་འབྱུང་པ་ཡིན་ཞིང་བཙན་བྱོལ་ནའང་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་བར་གདོང་ཐུག་གི་དཀའ་ངལ་ཆེ་པོ་ཞིག་འཕྲད་བཞིན་པ་ནི་དེང་གི་འུ་ཅག་ལ་མུ་གེ་གོང་ལ་ཟླ་ལྷག་ཅིག་ཆགས་ཡོད། ད་དུང་གཞིས་བྱིས་གཉིས་ཀྱི་བར་མི་མཐུན་པའི་སྣེ་མོ་གཉིས་སུ་གྱེར་སོང་ན་དེ་ནི་འུ་ཅག་གི་ཕམ་ཁ་ཆེན་པོ་ཞིག་དང་དགྲ་བོར་མཁོ་བའི་ལེགས་སྐྱེས་བཟང་པོ་ཞིག་ཏུ་གྱུར་ཡོད།
སྤྱི་བཏང་ལྟ་བ་མི་མཐུན་པའི་གདོང་ཐུག་གི་དཀའ་ངལ་འདི་འཛམ་གླིང་ཁྱོན་ཡོང་སུ་ཁྱབ་ཡོད་པ་ནི་དཀྱིལ་ཤར་ཡུལ་གྲུའི་ནང་འཁྲུགས་དང་ན་ནིང་ཨ་མེ་རི་ཀིའི་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པའི་བར་གྱི་དཀའ་རྙོག་དང་། ད་ལོའི་ཐེ་ལན་ཌིའི་སྲིད་དོན་དཀའ་རྙོག་ཁག་ནི་ལྟ་བ་མི་མཐུན་པའི་ལམ་སྣེ་སོ་སོར་གྱེར་བ་དེ་རང་ལ་ཐུག་ཡོད།
 འོན་ཀྱང་དཀའ་ངལ་ཆེ་བའི་སྒང་ལ་དཔུང་པ་མཉམ་གཤིབ་ཀྱིས་དགྲ་བོ་ལ་འཐབ་མོ་བྱེད་དགོས་པ་ནི་ཆབ་སྲིད་རིག་པའི་ཐད་ནས་གལ་ཆེན་དུ་བཟུང་བ་དང་དངོས་ཡོད་ཀྱི་བྱུང་བའི་ཁྲོད་དུའང་ཆེས་ནུས་ཕན་ལྡན་པའི་འཐབ་རྒོལ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།  རང་དབང་རང་ལག་ཏུ་ཡོད་པའི་རྒྱལ་ཁབ་ཚོའི་དགག་སྒྲུབ་ཀྱི་ལས་སྣེ་དེ་ངེད་ཅག་གི་སྤྱི་ཚོགས་ནང་གཏན་ནས་ནང་འདྲེན་བྱེད་མི་རུང་བས་སླད་ནས་གཞིས་བྱེས་གཉིས་ཀྱིས་དགག་སྒྲུབ་ཅི་ཞིག་བགྱིས་རུང་ས་མཚམས་རེ་ངེས་པར་བཟུང་དགོས། 
སྔ་ལོ་ནས་དྲ་ལམ་དུ་གཞིས་བྱེས་གཉིས་མཉམ་འཛོམས་སྔ་ལྷག་ཅིག་བྱུང་ལ་བདག་ལྟ་བུ་ལའང་གཞིས་བཞུགས་སྤུན་ཟླ་བརྒྱ་ཕྲག་འགའ་དྲ་ཐོག་གི་གྲོགས་པོར་གྱུར་ཏེ་ཉིན་རེའི་འཚོ་བ་ཙམ་མ་ཟད་རང་རང་གིས་ཅི་བྱེད་ཅི་བསམ་ཡིག་ངག་གཉིས་ཐོག་ནས་ཕན་ཚུན་བསྐུར་རེས་བྱས་ལ་གཞིས་བྱེས་གཉིས་ཀྱི་དགའ་སྐྱོ་འོས་པའི་གནས་ཚུལ་ཐོན་རེ་བཞིན་ཤེས་རྟོགས་དང་སྐྱོ་བ་ལ་ངུ་རོགས་དང་དགའ་བ་དགོད་རོགས་བྱེད་ཐུབ་པའི་གནས་སྟངས་བཟང་པོ་ཞིག་ཆགས་ཡོད། བདག་དང་གྲོགས་པོ་ཁོང་དག་གི་དབར་མི་མཐུན་པའི་རྩོད་གཞི་མི་ཉུང་བ་རེའང་མཆིས་མོད། འོན་ཀྱང་བདག་གིས་མི་མཐུན་པ་རྩོད་གཞིར་བཟུང་ནས་ང་བདེན་ཁྱེད་རྫུན་གྱི་རྩོད་པ་གཏན་ནས་བྱས་མ་མྱོང་ལ་ཁོང་རྣམ་པས་ཀྱང་དེ་འདྲ་ཞིག་ནམ་ཡང་མི་གླེང་བས་ངེད་ཅག་བར་ཞི་མཐུན་འགྲིག་འཇགས་ཀྱིས་རང་རང་གི་དཀའ་སྡུག་ནས་མགོ་བཙུགས་ཏེ་མི་རིགས་ཤིག་གི་ལས་དབང་ལ་གང་དགའ་ཅི་དྲག་གི་གྲོས་བསྡུར་ཡིད་འགུལ་བ་རེ་བྱུང་དང་འབྱུང་བཞིན་པ་ནི་བདག་གིས་དངོས་མཐོང་དངོས་མྱོང་གི་བྱུང་བ་རེ་ཡིན། འདི་ལྟ་བུའི་བྱུང་བ་ནི་བདག་ཙམ་མ་ཟད་ཁྱེད་ལའང་འཕྲད་མྱོང་ཡོད་སྲིད་པས་ད་དུང་ཡང་བཞུར་ལམ་གཅིག་ཏུ་བསྐྱོད་པའི་ལས་ཀ་འདི་འདྲ་ལ་འཇུས་ཏེ་ཡུན་གནས་རྒྱུན་སྲིང་བྱེད་ཐབས་ལ་སྔ་ལྷག་འབད་དགོས་པ་འདུག།
༢༠༡༤/༥/༧

འཕྲིན་ཕྲན་ནང་དུ་ཀྲུང་གོའི་འདྲེ་དམག་སླེབ་ལ་ཉེ།


ཆེས་བཀོལ་སྤྱོད་བདེ་ཞིང་ཁྱབ་ཆེེ་བའི་འཕྲིན་ཕྲན་ནི་ཀྲུང་གོའི་སྤྱི་དམངས་ཙམ་དུ་མ་ཟད་ངེད་ཅག་བོད་མི་དག་གི་མཉམ་འཛོམས་ཀྱི་རྭ་བ་ཆེན་པོ་ཞིག་ཡིན་ལ། འདིའི་ནང་དུ་རིག་གནས་ཀྱི་ཁྱབ་ཁོངས་སོ་སོར་མཉམ་འདུས་ཀྱིས་བགྲོ་གླེང་དང་དཔྱད་ཞིབ་ཀྱིས་ཞིབ་བརྡར་ཤུགས་ཆེན་བྱས་མྱོང་བས་སྤྱི་སྒེར་གང་ལའང་ཕན་ཐོགས་ཧ་ཅང་བྱུང་ཡོད། གཞིས་བྱེས་གཉིས་ཀྱི་ས་ཐག་དང་སེམས་ཐག་གིས་བསྐལ་བའི་དུས་ཡུན་ལ་སྒོ་ལྕགས་རྒྱག་སྟེ་ཧ་ཅང་བར་ཐག་ཉེ་བའི་སྣང་བ་ཞིག་སྐྲུན་ཡོད་ཅིང་ཉིན་རེའི་སྤྱི་སྒེར་གྱི་དགའ་འོས་རང་བཞིན་གྱི་བྱ་བ་དང་སྤྱི་ཕན་མི་སྣ། ཁྱད་ལས་པ། ལག་རྩལ་བ་སོགས་ཀྱི་ཉིན་རེའི་ལས་དོན་གང་ཡིན་མཐོང་ཐོས་སུ་གྱུར་དང་འགྱུར་ཡོད་པ་ནི་ཆིག་སྒྲིལ་གྱི་ནུས་པ་གཅིག་ཏུ་སྤུངས་པར་བྱེད་པའི་ཐབས་བླ་མེད་ཅིག་ཡིན། 

དེ་ལྟ་ནའང་ཉིན་ཤས་གོང་ནས་ཀྲུང་གོའི་སྲིད་གཞུང་གིས་འཕྲིན་ཕྲན་ནང་དུ་ཞིབ་བཤེར་གྱི་རྒོལ་རྡུང་ཚ་ནན་ཟེར་བའི་ལས་འགུལ་སྤེལ་རྩིས་ཡིན་པའི་གསལ་བསྒྲགས་ཙམ་མ་ཟད། Tencent འཕྲིན་ཕྲན་བཟོ་ཚང་ཁང་གིས་ཀྱང་སྲིད་གཞུང་ལ་གཞོགས་འདེགས་ཞུས་ཏེ་མི་ངན་ཚ་གཅོད་བྱེད་པའི་ལས་དོན་སྔ་ལྷག་སྒྲུབ་རྒྱུ་ཡིན་ཚུལ་བཤད་ཡོད།

རྒྱ་ནག་མཉམ་འབྲེལ་དྲ་བའི་བརྡ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་མཁན་ཁུར་མི་སྣས་བརྗོད་པ་ལྟར་ན། ལག་ཁྱེར་ཁ་པར་གྱི་མྱུར་འཕྲིན་ལེགས་བཅོས་ཁྲོད་རྒོལ་རྡུང་ཚ་ནན་གཏོང་རྒྱུའི་དམངས་སྤྱོད་བརྡ་འཕྲིན་ཁྱབ་ཁོངས་སུ་དཀྲོག་གཏམ་ཁྱབ་བསྒྲགས་དང་། དྲག་སྤྱོད། འཇིགས་སྐུལ། སླུ་བྲིད། ཆགས་སྤྱོད་ཀྱི་གནས་ཚུལ་སྤེལ་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དང་། རྒྱལ་ཕྱི་ནང་གཉིས་སུ་ཡོད་པའི་དགྲར་འཛིན་སྟོབས་ཤུགས་ཀྱིས་རྒྱལ་ནང་དུ་སིམ་འཛུལ་གཏོར་བཤིག་གི་བྱེད་སྒོ་ལ་རྒོལ་རྡུང་ཚ་ནན་གཏོང་རྒྱུ་ཡིན་པ་མ་ཟད། ནན་ཏན་གྱིས་སྟངས་འཛིན་གྱི་འགན་མ་ཁུར་བའི་ཁེ་ལས་ཚན་པ་ཡིན་ནའང་ཁྲིམས་ལུགས་ལྟར་འགན་ཁུར་རྩད་གཅོད་བྱ་རྒྱུ་ཡིན་པ་རེད།

དེ་བཞིན་ད་ལོའི་ཕྱི་ཟླ་༣ པའི་ནང་དུའང་སྐད་འཕྲིན་གཙོས་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་ལག་ཁྱེར་ཁ་པར་གྱི་མྱུར་འཕྲིན་སོགས་ལ་“ལེགས་བཅོས་”ཞེས་འབོད་པའི་ལས་འགུལ་ཞིག་སྤེལ་ཡོད་ཀྱང་། དེ་ནི་སྐད་འཕྲིན་གྱི་སྤྱི་དམངས་གླེང་སྟེགས་ཁོ་ནར་དམིགས་པ་ཞིག་ཡིན་པ་དང་། ད་ཐེངས་དེ་དང་མི་མཚུངས་པར་མི་བཞི་བཅུ་ལྷག་ཡོད་པའི་སྐད་འཕྲིན་གྱི་ཚོགས་པ་ཆུང་ངུ་ཞིག་གི་ནང་དུའང་། རྒྱ་ནག་གཞུང་ལ་ཚོར་ཤུགས་རྣོ་བའི་སྐད་ཆ་བཤད་པ་ཡིན་ན་ལྟ་རྟོག་དང་སྟངས་འཛིན་སྔར་ལྷག་བྱེད་རྒྱུ་ཡིན་པ་རེད།

ད་ལོའི་ཕྱི་ཟླ་༣ པའི་ཚེས་༡༨ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་<> སྟེང་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། སྐད་འཕྲིན་ཐོག་ནོར་འཁྲུལ་ཅན་གྱི་གཏམ་བརྗོད་དང་དཀྲོག་གཏམ་གྱིས་གང་སྟེ། ལྟ་ཀློག་བྱེད་མཁན་གྱིས་བདེན་རྫུན་དབྱེ་འབྱེད་དཀའ་བ་ཙམ་མ་ཟད། སྐད་འཕྲིན་ནི་པོད་འཕྲིན་དང་མི་འདྲ་བར་བརྒྱུད་འགོད་བྱེད་པའི་གྲངས་ཀ་ཐད་ཀར་བལྟ་མི་ཐུབ་པས། དཀྲོག་གཏམ་ཐེངས་གཅིག་ཁྱབ་བདལ་དུ་སོང་ན་བཀག་འགོག་བྱེད་ཁག་པོ་རེད་ཅེས་བཀོད་ཡོད་པ་དང་། ཕྱི་ཟླ་༥ པའི་ཟླ་དཀྱིལ་ཙམ་ལ་རྒྱ་ནག་དབུས་བརྙན་འཕྲིན་ཁང་CCTV ཡི་<>ཅེས་པའི་ལེ་ཚན་ནང་། སྐད་འཕྲིན་ཐོག་གི་ཡོངས་ཁྱབ་བཀོལ་སྤྱོད་ཁ་བྱང་ནི་“རྫུན་གཏམ་དང་རྫུན་མ་ཁྱབ་བསྒྲགས་བྱེད་སའི་ཞིང་ས་ལྟ་བུ་ཞིག་རེད་ཅེས་དང་། སྐད་འཕྲིན་ནང་གད་སྙིགས་ཀྱི་གནས་ཚུལ་གཙང་བཟོའི་ཕྱོགས་ལ་འབད་བརྩོན་གྱི་འདང་གི་མི་འདུག་”ཅེས་བརྗོད་ཡོད་པ་རེད།།

སླད་ནས་བོད་བཞུགས་གྲོགས་པོ་ཚོས་ཡིད་གཟབ་ནན་ཏན་བྱེད་དགོས་ལ། རང་རང་གིས་རང་ཉིད་ཀྱི་ཁ་པར་གཙང་བཟོ་དང་དོགས་གཟབ་བྱེད་དགོས། ད་ལྟ་ཞིབ་བཤེར་དེ་ཇི་ལྟར་བྱེད་རྩིས་དང་ཐབས་ལམ་གང་འདྲ་ཞིིག་སྤྱོད་ནས་ཞིབ་བཤེར་བྱེད་མིན་ཁ་གསལ་པོ་མེད་རུང་། གཙོ་བོ་ལག་ཁྱེར་ཁ་པར་བསྔོགས་བཤེར་དང་འཕྲུལ་ཆས་དམིགས་བསལ་ཅན་བཀོལ་ཏེ་ཞིབ་བཤེར་བྱེད་ངེས་པས་ཁྱེད་ཀྱིས་གཤམ་གྱི་གནད་དོན་དག་ལག་བསྟར་བྱོས། 

༡-ཁ་པར་ནང་དུ་ཉེན་ཁ་ཅན་གྱི་པར་རིས་དང་གློག་བརྙན་ཟིན་ཐོ་རྩོམ་ཡིག་སོགས་གཙང་སེལ་བྱོས།

༢-འཕྲིན་ཕྲན་དང་དེ་མིན་གྱི་སྐད་འཕྲིན་རིགས་གཙང་སེལ་བྱས་ཏེ་འཕྲིན་ཡིག་རིགས་གཏན་ནས་ཉར་མི་རུང་། 

༣-འཕྲིན་ཕྲན་ནང་དུ་ཕྱི་སྡོད་བོད་མི་གྲོགས་པོ་ཡོད་ཚེ་ཕྱི་ཕུད་བྱེད་པའམ་ཉེན་ཁ་ཅན་གྱི་རྩོམ་ཡིག་སྤེལ་བའི་གྲོགས་པོ་དག་ཕྱི་ཕུད་བྱོས།

༤-ཨན་ཌོ་ཁ་པར་ཡིན་ཚེ་འཕྲིན་ཕྲན་བསུབ་ནས་བསྐྱར་ལེན་ཙམ་མ་ཟད་ཡིག་སྣོད་(file)ནང་གི་(Tencent)ཡིག་སྒམ་འདི་ངེས་པར་བསུབ་དགོས། ཆེས་ཡག་ཤོས་ནི་ཁ་པར་བསྐྱར་གསོ་(Reset)བྱེད་རྒྱུ་དེ་ཡིན།

༥-ཀུ་ཤུ་ཁ་པར་རིགས་ཡིན་ན་འཕྲིན་ཕྲན་བསུབ་ཏེ་བསྐྱར་ལེན་བྱེད་ན་གཙང་བྱེད་ཆགས་ཐུབ།

ཁྱེད་ཀྱིས་ཐོ་འགོད་བྱས་ཟིན་པའི་ཨང་གྲངས་ཐོག་ན་འཕྲིན་ཕྲན་དང་དེ་མིན་སྐད་འཕྲིན་རིགས་ཅི་ཞིག་བཀོལ་ཡོད་མེད་ཤེས་རྟོགས་བྱེད་སླ་བས་སྐད་འཕྲིན་སོ་སོའི་ནང་དུ་གཙང་སེལ་བྱེད་མ་ཐུབ་ན་སྐད་འཕྲིན་རིགས་བསུབ་ཏེ་རང་གི་ཁ་པར་ནང་དུ་ཕབ་ལེན་མ་བྱེད་རུང་ཕན་པ་དེ་ཙམ་མི་ཡོང་། ཁོ་ཚོས་ཁྱེད་ཀྱི་ཨང་གྲངས་ཐོག་ནས་ཁྱེད་ཀྱིས་དེ་སྔར་བཀོལ་ཟིན་པའི་སྐད་འཕྲིན་དེ་ཁ་ཕྱེས་ཏེ་ཁྲིམས་འགལ་གྱི་རིགས་ཡོད་མེད་ཞིབ་བཤེར་བྱེད་ཚེ་ཁྱེད་ལ་ཉེན་ཁ་ཡོང་རྒྱུ་ཡིན་པ་ནི་བཤད་མི་དགོས་པ་ཤིག་ཆགས་ཡོད། དེར་བརྟེན་དམག་འཁྲུགས་ཞི་འཇམ་མ་སོང་བར་དུ་ཡིད་གཟབ་བྱེད་རོགས། ལྷག་པར་དུ་གྲོང་གསེང་ཁག་དང་ཁ་པར་རིགས་བེད་སྤྱོད་དེ་ཙམ་གཏོང་མི་ཤེས་པ་ཚོ་དོན་མེད་ཁྲིམས་ལ་ལྷུང་ཉེན་ཤིན་ཏུ་ཆེ་བས་ཁྱེད་ཚོས་གང་མགྱོག་རོགས་རམ་བྱས་ཏེ་རང་གི་སྤུན་ཟླ་ཚོ་དགྲ་བའི་བཙོན་ལ་ཁྲིད་མ་བཅུག་རོགས།

༸གོང་ས་མཆོག་ལ་ཕྱག་དེབ་དུ་ཙམ་ཡོད།



དབུས་སྐད་བདེ་པོར་རྒྱག་པོས་ཕོ་གསར་དེ་ཕ་ཡུལ་གང་ནས་ཡིན་མ་ཤེས་ནའང་ཁོང་གིས་དབུས་སྐད་ཀྱི་སྒྲ་གདངས་ལ་འཚམས་རེ་ཨ་མདོའི་སྒྲ་གདངས་རེ་འདྲེས་ཡོང་བར་ལྟོས་ན་ཨ་མདོ་བ་ཞིག་ཡིན་པ་ཤེས་ཐུབ་ཀྱི་འདུག ། ཁོང་སྒེར་ངོས་ནས་ལོ་དུ་མའི་རིང་དུ་༸གོང་ས་མཆོག་གི་གསུང་རྩོམ་འགྲེམས་སྟོན་བྱས་ནས་ད་ལོ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་༸གོང་ས་མཆོག་གི་གསུང་ཆོས་དང་བསྟུན་ཏེ་འགྲེམས་སྟོན་བྱས་འདུག་ཅིང་འགྲེམས་སྟོན་འདི་མཐའ་མ་ཞིག་ཆགས་ཡོད་ཟེར། རྗེས་ལོ་ནས་རྡ་རམ་ས་ལ་གཏན་ཆགས་ཀྱི་གསུང་རྩོམ་འགྲེམས་སྟོན་ཁང་གཉེར་རྒྱུ་ཡིན་ཞེས་འགྲེལ་བཤད་གནང་སོང་།
ད་བར་སུ་གཅིག་གིས་༸གོང་ས་མཆོག་གི་གསུང་རྩོམ་ཕྱག་དེབ་དུ་ཡོད་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་ཕོ་གསར་ཁོས་ཚད་དཔགས་བྱེད་ན་ཕྱག་དེབ་350 ལྷག་ཅིག་ཡོད་པར་བཤད། ཁོང་གི་འགྲེམས་སྟོན་འདིར་ཕྱག་དེབ་བརྒྱ་ཆ་ 90 ཙམ་འདུས་ཡོད་རུང་ད་དུང་ཕྱག་དེབ་མང་པོ་ཞིག་རག་མ་སོང་ཟེར།
༸གོང་ས་མཆོག་གི་ཕྱག་དེབ་གང་མང་ཞིག་སྐད་རིགས་བདུན་ཅུ་རྒལ་བའི་ཐོག་ཡོད་འདུག་པ་དང་། ཨིན་ཡིག་ནང་ཕྱག་དེབ་70་ལྷག་འདུག་ཅིང་རྒྱ་ཡིག་ཐོག་ཏུའང་དེ་མཚུངས་ཕབ་བསྒྱུར་བྱས་ཡོད་འདུག  
ད་དུང་བོད་ཡིག་ཐོག་ཡོད་པའི་ཕྱག་དེབ་གང་མང་ཞིག་ཨིན་ཡིག་ནང་འགྱུར་མེད་པ་དང་ཨིན་ཡིག་ནང་གི་ཕྱག་དེབ་70ལྷག་ནས་འགའ་ཤས་མ་གཏོགས་བོད་ཡིག་ནང་བསྒྱུར་ཐུབ་མེད།
༸གོང་ས་མཆོག་གི་ཕྱག་དེབ་མི་ཉུང་བ་ཞིག་གིས་འཛམ་གླིང་ཡོམ་སྐྱོམ་གཏོང་མྱོང་བ་དང་ལོ་རེའི་ཆེས་གྲིན་ཤོས་ཀྱི་དཔེ་དེབ་ནང་ཚུད་པ་དང་སློབ་ཆེན་མི་ཉུང་བ་ཞིག་གི་བསླབ་གཞིའི་སློབ་ཚན་དུའང་བཞག་གནང་ཡོད།
ཆེས་སྐད་གྲགས་ཅན་གྱི་ཕྱག་དཔེ་ནི།  「སྟོང་ལོ་གསར་པའི་བཟང་སྤྱོད།」 「ཆོས་ལུགས་ཀྱི་འཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨོན་གྱི་བཟང་སྤྱོད།」 「རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།」 「ཕྱི་ཡུལ་དུ་རང་དབང་།」 「བྱམས་བརྩེ་ནུས་སྟོབས།」སོགས་ཡིན། 
༸གོང་ས་མཆོག་གི་གསུང་རྩོམ་འགྲེམས་སྟོན་དུ་སོང་ནས་གནས་ཚུལ་ཉུང་ངུ་ཞིག་སྲོང་བཙན་གྱིས་ཟིན་ཐོ་བཏབ།

གསུང་ཆོས། སྲུང་སྐྱོབས། ལུས་བཤེར།


བོད་བཞུགས་གྲོགས་པོ་ཚོས་༸གོང་ས་མཆོག་གི་གསུང་ཆོས་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་ཤེས་ཀྱི་མེད་ཚད་རེད། དེར་བརྟེན་གུས་པས་གལ་ཆེན་གནས་ཚུལ་ཁག་ཅིག་ཤེས་རྟོགས་ཆེད་འབྲི་འདོད་བྱུང་སོང་།  འདི་ལོའི་ལོ་རིམ་གསུང་ཆོས་ཆེད་དུ་རྒྱལ་ཁབ60ནས་མི་མང་ཕོན་ཆེ་འཛོམས་ཡོད་པས་གསུང་ཆོས་ཀྱང་སྐད་རིགས་བཅུའི་ཐོག་ཕབ་བསྒྱུར་བྱས་ཡོད། ཆེད་བཅའ་ཞུ་མ་ཐུབ་པ་ཚོར་དྲ་ཐོག་ནས་ཐད་ཀ་ལྟ་ཉན་བྱེད་པའི་མཐུན་རྐྱེན་ཡང་བསྐྲུན་ཡོད།  
གསུང་ཆོས་སྐབས་སུ་ས་གནས་ཉེན་རྟོག་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་མི་སྣ། སྦྱོང་བརྡར་ཡོད་པའི་སྐུ་སྲུང་བ། ས་གནས་བོད་མི་སྲུང་སྐྱོབ་མི་སྣ་སྐྱ་སེར་གཉིས་ཀ་མི་གྲངས་200་ལྷག་ཅིག་གིས་ཉིན་མཚན་གཉིས་ཀ་སྲུང་སྐྱོབ་ནན་ཏན་དང་མི་མང་གི་བདེ་འཇགས་འགན་ལེན་གཙང་མར་བྱས་ཡོད།  ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་ལེགས་སྨན་ཁང་གི་འཕྲལ་སེལ་རྒྱ་སྨན་ཁང་ཞིག་སྒོ་ཕྱེས་ནས་རིན་མེད་ཐོག་ནད་གཞི་ཆེ་ཆུང་གང་མང་ལ་སྨན་བཅོས་དང་། སྨན་རྩིས་ཁང་གི་ཡན་ལག་ཁང་ཞིག་ཀྱང་ཆེད་དུ་སྒོ་ཕྱེས་ནས་བོད་ལུགས་ཀྱི་སྨན་བཅོས་རིན་མེད་དང་རིལ་བུ་ཆེད་བཙོང་སོགས་ཞབས་འདེབས་ཞུས་ཡོད། ད་དུང་ཁོར་ཡུག་སྲུང་སྐྱོབས་ཚོགས་པས་ཁོར་ཡུག་གཙང་བཟོ་དང་གསར་བསྒྲགས་ཁང་གིས་ཅ་དངོས་བག་བརླག་དང་མི་སྣ་འཚོལ་བའི་གསར་བརྡ་སོགས་ཞོགས་པ་ནས་དགུང་མོ་བར་གསལ་བསྒྲགས་ཞུས་མུས་རེད། 
འགྲེམས་སྟོན་དང་ཁྱབ་བསྒྲགས། ཚོང་པ་དང་སློང་མོ་བ་སོགས་ཀྱིས་ལམ་ཁ་ཁེངས་ཏེ་ཆོས་ཀྱི་གྲོང་ཁྱེར་ཆེན་པོ་འདི་འུར་ཟིང་གི་ཉིན་མཚན་སྦྲན་འདུག 
ཁྱེད་ཚོས་ངེད་ཅག་ཡུལ་གྱར་བ་ཚོས་༸གོང་ས་མཆོག་ནམ་མཇལ་མཇལ་རེད་བསམ་བཞིན་ཡོད་ངེས་ཀྱང་འདི་ལོའི་གསུང་ཆོས་སྐབས་རླངས་འཁོར་ནང་ཆུབ་བསྒྱུར་སྐྱོང་སྐབས་ལམ་ཟུར་ནས་མཇལ་རྒྱུ་དེ་ལས་ཧ་ཅང་དཀའ་བ་རེད། གསུང་ཆོས་རྭ་བ་ན་ང་དང་བཞུགས་ཁྲི་རིན་པོ་ཆེའི་བར་གཞུ་འདོ་མ་སུམ་བརྒྱ་ལྷག་ཅིག་འདུག་པས་བརྙན་འཕྲིན་ལ་ལྟ་རྒྱུ་ལས་སྐུ་དངོས་གསལ་པོ་ཞིག་མཇལ་ཐབས་བྲལ་འདུག །
གསུང་ཆོས་མ་ཚོགས་པའི་དུས་ཡུན་ཟླ་ངོ་འགའ་ཤས་གོང་ནས་གསུང་ཆོས་འགྲོ་ཆོག་པའི་ལག་ཁྱེར་བཟོ་དགོས་ལ་ཁྱེད་ལ་ལག་ཁྱེར་འདི་མེད་ཚེ་རྭ་བའི་ཕྱི་རོལ་ནས་གསུང་ཆོས་ཉན་རྒྱུ་ལས་ཐབས་མེད།
གསུང་ཆོས་མ་ཚོགས་སྔོན་གྱི་དུས་ཡུན་ཆུ་ཚོད་2ཙམ་གོང་ནས་བང་གྲལ་བསྟར་རིང་པོ་སྒྲིག་ཡོད་པར་མཐོང་ཐུབ། སྐྱ་སེར་དང་ཕོ་མོ་སོ་སོ་འགྲོ་ཡུལ་མི་འདྲ་བར་བཟོས་ཡོད་ལ་སྒོ་འགྲམ་ནས་འཕྲུལ་ཆོས་ཀྱིས་ཞིབ་བཤེར་བྱས་ཟིན་འཚམས་ལུས་བཤེར་མི་སྣ་ཚོས་ལུས་པོ་ཡོངས་ལ་ཞིབ་བཤེར་དང་ཅ་དངོས་ལ་ཞིབ་བཤེར་བྱས་ཚར་ན་ནང་དུ་འགྲོ་ཆོག ། ཁ་པར་དང་མཚན་ཆ་རིགས་ཁུར་ས་མེད་ལ་ཉེར་སྔོན་རྡ་རམ་ས་ལར་རླུང་འཕྲིན་ཉན་ཆོས་ཁག་ཀྱང་བཀག་འགོག་གནང་འདུག 
ལོ་རེ་བཞིན་གསུང་ཆོས་སྐབས་དམ་ནན་ཇེ་ཆེར་སོང་དང་འགྲོ་བཞིན་པ་ཁག་མེད་དེ། དོ་རྒྱལ་ཚོགས་པའི་མི་སྣ་ཚོས་མི་གསོད་ཁྲག་སྦྱོར་ལ་འཛེམ་ཟོན་མི་བྱེད་པར་དེ་སྔར༸གོང་ས་མཆོག་ལ་ཉེན་བརྡའི་ཚུལ་དུ་༸གོང་ས་མཆོག་གི་ཕོ་བྲང་དང་ཉེ་སར་མི་གསོད་ཁྲག་སྦྱོར་བྱས་ཡོད་ལ་ཉེ་ཆ་ལའང་ཨ་རི་དང་རྒྱ་གར་སོགས་ཀྱི་གསང་བའི་ལས་ཁུངས་ནས་དོལ་རྒྱ་ཚོགས་པ་ནས་ཉེན་ཁ་ཡོང་ཉེ་འདུག་ཅེས་ཉེན་བརྡ་བཏང་ཡོད།  
ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༦ ནང་དུ་བོད་ནང་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་བོད་མི་ལས་བྱེད་ཞིག་གིས་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན་རྒྱ་མིའི་གསང་བའི་ལས་ཁུངས་ཀྱིས་བུད་མེད་ཁག་གཅིག་ལ་དམིགས་བསལ་གྱི་སྦྱོང་བརྡར་འོག་སྐྲ་དང་མཇལ་དར་ལ་དུག་རྫས་བསྲེས་ཏེ་གསར་མཇལ་ཡིན་ཁུལ་གྱིས་༸གོང་ས་མཆོག་གི་སྐུ་ལ་ཟློ་བའི་ངན་བྱུས་ཤོམ་བཞིན་ཡོད་པ་ཟད། སྐུ་སྲུང་བའི་འཕྲུལ་ཆས་ཀྱིས་ཞིབ་གཤེར་བྱེད་སྐབས་ཤེས་ཚོར་དཀའ་བའི་མྱོས་རྫས་དུག་རིགས་ཀྱི་རྫས་སྦྱོར་ཧ་ཅང་ཡར་ཐོན་ཅན་དེ་འདྲ་བརྒྱུད་༸གོང་ས་མཆོག་གི་སྐུ་ལ་གནོད་འཚེ་བྱ་རྒྱུའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ནང་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གསང་བའི་ལས་ཁུངས་ནས་གཡོ་ཐབས་ཀྱིས་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་རྒྱུས་ལོན་བྱེད་ཐབས་བྱས་པ་ཙམ་མ་ཟད། མགོན་པོ་གང་ཉིད་མཆོག་གི་སྐུའི་གཟུང་ཁྲག་དང་ཆབ་གཅིན། དེ་བཞིན་དབུ་སྐྲ་སོགས་རག་ཐབས་ཆེད་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཁག་གཅིག་ལ་ཆེད་མངགས་རྒྱུད་སྐུལ་བྱས་ཏེ་རྒྱ་གར་དུ་༸གོང་ས་མཆོག་མཇལ་བཅར་ཡིན་ཁུལ་གྱིས་གཏོང་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད།
ཞེད་སྣང་ཅན་གྱི་གནས་ཚུལ་འདི་འདྲ་ཡོད་པས་གསུང་ཆོས་སྐབས་དམ་དྲགས་དང་གསར་མཇལ་ཚོ་ལའང་སྔ་ལས་དམ་དྲགས་ཇེ་ཆེར་མ་གཏོང་ཐབས་མེད་ཆགས་ཡོད།

2014/07/04

ཉེན་ཁ་གཏན་ནས་མེད་པའི་འབྲེལ་ལམ་ཞིག་མི་རྙེད།





(འཕྲིན་ཕྲན་བེད་སྤྱོད་མཚམས་འཇོག་བྱེད་དགོས་ཟེར་བའི་ངོ་གདོང་ལ་བལྟས་པ།)
བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཡིག་ངག་གཉིས་ཀྱི་ཐོག་ནས་འཕྲན་ཕྲན་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ནན་པོ་བྱས་དང་བྱེད་མུས་ལ་ཉེ་ཆར་རྡ་སར་འདིའི་སྐོར་གཏམ་བཤད་ཅིག་ཀྱང་བྱས་འདུག ། བསྟི་གནས་ཁང་གིས་ལྷག་བསམ་དང་སེམས་ཤུགས་ཀྱིས་འདི་ལྟར་བཤད་བཞིན་ཡོད་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད། འོན་ཀྱང་ཁོ་ཚོས་ཞིབ་ཚགས་པོའི་བསམ་གཞིགས་དང་མདུན་རྒྱབ་གཉིས་ཀ་མཐོང་མེད་པའི་གནས་ཚུལ་ཞིག་འདུག་པ་ནི་ཧ་ཅང་གསལ་པོ་རེད།   
འཕྲིན་ཕྲན་མ་དར་གོང་བོད་ཕྱི་ནང་གཉིས་སུ་ཡོངས་ཁྱབ་ཀྱི་འབྲེལ་ལམ་བྱེད་ས་ཅིག་གཏན་ནས་མེད་ལ་བོད་ནང་དུ་QQདང་Weiboདྲ་ཚིགས་སྤྱོད་མཁན་མི་ཉུང་བ་ཞིག་ཡོད་རུང་ཕྱི་ཕྱོགས་སུ་རྒྱ་ཡིག་ཤེས་མཁན་ཉུང་བའི་རྐྱེན་གྱིས་བོད་ཕྱི་ནང་གཉིས་སུ་དྲ་ཚིགས་འདི་གཉིས་ཡོངས་ཁྱབ་ཀྱི་འབྲེལ་ལམ་ཞིག་ཆགས་ཐུབ་མེད། ཕྱི་ལོ་2011ཙམ་ནས་འཕྲིན་ཕྲན་འདི་ངེད་ཅག་བོད་མིའི་སྤྱི་ཚོགས་ཁྲོད་དར་ཁྱབ་བྱུང་བ་ནས་བཟུང་ད་བར་ཧ་ཅང་འཕེལ་རྒྱས་སོང་སྟེ་ཕལ་ཆེར་འཕྲིན་ཕྲན་བེད་སྤྱོད་མི་གཏོང་མཁན་ཞིག་ཨེ་ཡོད་སྙམ་པར་གྱུར་ཡོད། འཕྲིན་ཕྲན་འདི་དར་ཁྱབ་སོང་བའི་རྒྱུ་རྐྱེན་གང་མང་ལས་གཅིག་ནི་ད་སྐབས་ཡོད་བཞིན་པའི་Lineདང་kakaoསོགས་ལས་མཐུན་རྐྱེན་སྣ་འཛོམས་ལ་བེད་སྤྱོད་སྟབས་བདེ་བ་སོགས་དགེ་མཚན་དུ་མ་ཡོད། ཕྱོགས་གཞན་ཞིག་ནས་བོད་ནང་བེད་སྤྱོད་གཏོང་མཁན་མང་པོ་ཡོད་པའི་རྐྱེན་གྱིས་ཕྱི་ཕྱོགས་བོད་མིའི་ཁྲོད་ནའང་དར་བའི་མགོ་ཚུགས་ཏེ་ཧ་ཅང་འཕེལ་རྒྱས་སོང་ཡོད།
འཕྲིན་ཕྲན་འདིས་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་དག་ཉིན་རེ་བཞིན་མིག་རྣ་ལམ་དུ་བསྟན་ཅིང་བཤད་ཡོང་བས་བོད་ཕྱི་ནང་གཉིས་སུ་ས་ཐག་རིང་ཡང་སྐར་ཆ་འགའ་ཤས་ནང་མཉམ་འཛོམས་ཀྱིས་སྐྱིད་སྡུག་གླེང་ཐུབ་པའི་དགེ་མཚན་བླ་མེད་ཅིག་བསྐྲུན་དང་སྐྲུན་མུས་ཡིན།
ཉེ་ཆར་༸གོང་ས་མཆོག་གི་གསུང་ཆོས་སྐབས་ཉིན་རེའི་གལ་ཆེན་བཀའ་སློབ་ཁག་ཟིན་བྲིས་བཏགས་ནས་དགུང་མོར་འཕྲིན་ཕྲན་ཐོག་ཏུ་བཞག་ཡོད་པས་བོད་ནང་ནས་གྲོགས་པོ་མང་པོས་རང་ཉིད་ཀྱིས་ཉིན་རེའི་གསུང་ཆོས་ཉན་བཞིན་པའི་ཚོར་སྣང་འདུག་ཅེས་དགའ་བསུ་ཚད་མེད་ཞུས་སོང་། གཟའ་སྤེན་པའི་ཕྱི་དྲོར་བདུན་རེའི་གསར་འགྱུར་ཞེས་པ་བདུན་ཕྲག་རེའི་གལ་ཆེན་གནས་ཚུལ་དང་རྩོམ་ཡིག་བརྒྱུད་འགོད་བྱེད་བཞིན་ཡོད་པས་ཁོ་ཚོས་དེ་སྔ་ཡིན་ན་བོད་ཕྱོགས་ཀྱི་གནས་ཚུལ་དེ་ཙམ་མི་གོ་ལ་དོ་སྣང་ཡང་དེ་ཙམ་བྱས་མེད། ད་སྐབས་ཁྱེད་ཚོས་གསར་འགྱུར་དང་རྩོམ་ཡིག་ཁག་ལས་ཕྱི་ལོགས་བོད་མིའི་གནས་སྟངས་སོགས་དགའ་འོས་པའི་གནས་ཚུལ་ཧ་ཅང་ཤེས་ཀྱི་འདུག་ཁྱེད་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ཞེས་ཡིག་ངག་གཉིས་ཐོག་ནས་འབྱོར་སོང་། འཕྲིན་ཕྲན་འཚམས་འཇོག་བྱེད་པའི་ཉིན་མོ་ནས་ངེད་ཅག་བར་འབྲེལ་ལམ་ཆད་དེ་སྔ་བཞིན་གཏམ་བདེན་ལ་མི་བདེན་ལ་གང་མང་ཞིག་མི་ཁ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡོང་རྒྱུ་ལས་ཐབས་ལམ་གཞན་མེད། གལ་ཏེ་བོད་མི་ཚང་མས་འཕྲིན་ཕྲན་བེད་སྤྱོད་འཚམས་འཇོག་གིས་Lineསོགས་འཕྲིན་ལམ་གཞན་བེད་སྤྱོད་བྱེད་རུང་ངོ་དེབ་དང་འདྲ་བར་འདི་དག་བཀག་འགོག་བྱེད་རྒྱུ་ནི་ཤུན་ཏུ་ལས་སླ་པོ་ཡིན་པས་འཕྲིན་ཕྲན་སྤྱོད་རྒྱུ་ལས་གདམ་ཁ་མེད།
འཕྲིན་ཕྲན་བེད་སྤྱོད་བཏང་བའི་རྐྱེན་གྱིས་མི་སྣ་འཇུ་བཟུང་བྱས་ཡོད་པ་དངོས་ཡོད་ཡིན་རུང་འདི་ནི་ཁ་པར་མངོགས་བཤེར་བྱས་ཏེ་འཇུ་བཟུང་བྱས་ཡོད་པ་ལས་འཕྲུལ་ཆས་ཀྱིས་ཞིབ་བཤེར་དང་འཕྲིན་ལམ་ལྐོག་ཉན་བྱས་ནས་འཇུ་བཟུང་བྱེད་པ་ཡོངས་གྲགས་ཤིག་གཏན་ནས་བྱུང་མེད། ཁ་པར་མངོགས་བཤེར་བྱས་ཏེ་འཇུ་བཟུང་བྱེད་པ་ནི་དེ་སྔ་ནས་ཡོང་དང་ཡོང་བཞིན་པ་ཞིག་ལས་འཕྲིན་ཕྲན་དར་ནས་གསར་དུ་བྱུང་བ་ཞིག་མ་རེད། སྤྱི་བཏང་འཕྲིན་ཕྲན་ནི་གསང་རྒྱ་དམ་པོ་མེད་པ་དང་གལ་ཆེན་མི་སྣ་རྗེས་འདེད་བྱེད་བཞིན་པ་དངོས་ཡོད་ཡིན་རུང་མི་ཡོད་ཚད་ཀྱིས་ཅི་བཤད་ཅི་གཏོང་ལ་ལྟ་ཉན་མི་ཐུབ་ལ། ལྷག་པར་བོད་སྐད་ཀྱི་ཁ་བརྡ་དང་པར་རིས་ཁག་འཕྲུལ་ཆས་ཀྱིས་ངོས་འཛིན་ཐུབ་དཀའ་བས་རྗེས་ཕྱོགས་ནས་གལ་ཆེའི་ཁ་བྱང་དང་ཡི་གེ་ཁ་པར་ཨང་གྲངས་སོགས་པར་རིས་བཟོས་ཏེ་སྐུར་ཐུབ་ན་ཉེན་ཁ་ཆུང་ཞིང་ངག་ཐོག་ནས་བཤད་ནའང་ཉེན་ཁ་ཆུང་། ང་ཚོས་དགྲ་བོས་བཟོས་པའི་མེ་མདའ་ཚུར་བླངས་ཏེ་དགྲ་བོ་ལ་ཕར་རྒོལ་བྱེད་པའི་ཐབས་ཇུས་བཟང་པོ་དེ་སྤྱོད་དགོས། ཁྱེད་ལ་འདི་ལས་ཡག་པའི་ཐབས་ཇུས་ཤིག་ཨེ་ཡོད།

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...