དགག་སྒྲུབ་ལ་ས་མཚམས་ཡོད་དགོས།

བོད་ཕྱི་ནང་གཉིས་སུ་གྱར་བའི་གནས་སྟངས་སྐྱོ་ལ་སྡུག་པ་འདི་འདྲ་ཞིག་ངེད་ཅག་གི་མགོ་ཐོག་ན་ལྷུང་ནས་ཡོད་དུས་གཅིག་སྒྲིལ་གྱི་ཁུ་ཚུར་དམ་དུ་སྡོམ་དགོས་པ་ནི་ཧ་ཅང་གལ་ཆེ་བས་ཆིག་སྒྲིལ་གྱི་གོང་བུ་གཏོར་བའི་སྟ་རེ་ཁུར་བའི་སྐྱེ་བོ་སུ་ཞིག་ཡིན་རུང་ངེད་ཅག་ལ་གཏན་ནས་མི་དགོས་པའི་ལྷག་མ་ཞིག་ཡིན། སྒོ་ཤེར་སོགས་ཀྱིས་རང་གི་ལྟ་ཚུལ་མི་མཐུན་པ་ཅི་ཞིག་གཏོན་རུང་ས་མཚམས་བཟུང་བ་དང་བཙན་བྱོལ་བོད་མི་ཚོས་ཀྱང་དགག་སྒྲུབ་ཀྱི་ལས་ཅི་ཞིག་བགྱིས་ཀྱང་བཙན་བྱོལ་ཁྱབ་ཁོངས་ནས་རྒལ་ཏེ་གཞིས་བཞུགས་སྤུན་ཟླ་ཚོ་དང་དགག་སྒྲུབ་ཀྱི་ལས་མི་རྩོམ་པ་ནི་ཆེས་གནད་འགག་ཅིག་སྟེ་ཆིག་སྒྲིལ་སྲུང་བའི་བྱ་བ་ཡག་པོ་ཞིག་ཡིན།
ན་ནིང་ད་ལོ་མདའ་སྨྱུག་དང་ཞོགས་དུང་གི་དགག་ལེན་འབྲི་མཁན་བཙན་བྱོལ་བོད་མིའི་ཁྲོད་ནས་འགོ་འབུས་ཡོང་བ་དང་བཙན་བྱོལ་བ་ལ་ཁ་ཕྱོགས་ཏེ་དངོས་སུ་དགག་པ་བྱེད་མཁན་གཞིས་བཞུགས་དགུ་རོང་སྤུན་གྲོལ་སོགས་རེ་ཟུང་ཐོན་ཡོང་བ་ནི་ཆེས་ཉེན་ཁ་ཆེ་བ་དང་དགག་སྒྲུབ་ཀྱི་སྣེ་མོ་ལ་འཇུས་ཏེ་ལམ་ཕྱོགས་ཁ་ཁར་འགྲོ་བའི་མི་སྣ་གང་མང་བྱུང་ན་འུ་ཅག་གི་མཐུན་སྒྲིལ་ལ་ཅི་ཙམ་གནོད་སྐྱེལ་ཡོང་མིན་ནི་གསལ་ལེ་མཐོང་ཐུབ་པ་རེད།  
བོད་ནང་དུ་སྐྱ་སེར་དབར་དང་རྒན་གཞོན་དབར་ལྟ་བ་གསར་རྙིང་གིས་དགག་སྒྲུབ་ཀྱི་ལས་བྱེད་པ་ཙམ་དུ་མ་ཟད་ཕན་ཚུན་ཕྱོགས་གང་ཐད་ནས་ལམ་བུ་གཅིག་ཏུ་སྐྱོད་ཐབས་མེད་པའི་གནས་སྟངས་སྐྱོ་པོ་རེ་ཡོང་དང་འབྱུང་པ་ཡིན་ཞིང་བཙན་བྱོལ་ནའང་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་བར་གདོང་ཐུག་གི་དཀའ་ངལ་ཆེ་པོ་ཞིག་འཕྲད་བཞིན་པ་ནི་དེང་གི་འུ་ཅག་ལ་མུ་གེ་གོང་ལ་ཟླ་ལྷག་ཅིག་ཆགས་ཡོད། ད་དུང་གཞིས་བྱིས་གཉིས་ཀྱི་བར་མི་མཐུན་པའི་སྣེ་མོ་གཉིས་སུ་གྱེར་སོང་ན་དེ་ནི་འུ་ཅག་གི་ཕམ་ཁ་ཆེན་པོ་ཞིག་དང་དགྲ་བོར་མཁོ་བའི་ལེགས་སྐྱེས་བཟང་པོ་ཞིག་ཏུ་གྱུར་ཡོད།
སྤྱི་བཏང་ལྟ་བ་མི་མཐུན་པའི་གདོང་ཐུག་གི་དཀའ་ངལ་འདི་འཛམ་གླིང་ཁྱོན་ཡོང་སུ་ཁྱབ་ཡོད་པ་ནི་དཀྱིལ་ཤར་ཡུལ་གྲུའི་ནང་འཁྲུགས་དང་ན་ནིང་ཨ་མེ་རི་ཀིའི་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པའི་བར་གྱི་དཀའ་རྙོག་དང་། ད་ལོའི་ཐེ་ལན་ཌིའི་སྲིད་དོན་དཀའ་རྙོག་ཁག་ནི་ལྟ་བ་མི་མཐུན་པའི་ལམ་སྣེ་སོ་སོར་གྱེར་བ་དེ་རང་ལ་ཐུག་ཡོད།
 འོན་ཀྱང་དཀའ་ངལ་ཆེ་བའི་སྒང་ལ་དཔུང་པ་མཉམ་གཤིབ་ཀྱིས་དགྲ་བོ་ལ་འཐབ་མོ་བྱེད་དགོས་པ་ནི་ཆབ་སྲིད་རིག་པའི་ཐད་ནས་གལ་ཆེན་དུ་བཟུང་བ་དང་དངོས་ཡོད་ཀྱི་བྱུང་བའི་ཁྲོད་དུའང་ཆེས་ནུས་ཕན་ལྡན་པའི་འཐབ་རྒོལ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།  རང་དབང་རང་ལག་ཏུ་ཡོད་པའི་རྒྱལ་ཁབ་ཚོའི་དགག་སྒྲུབ་ཀྱི་ལས་སྣེ་དེ་ངེད་ཅག་གི་སྤྱི་ཚོགས་ནང་གཏན་ནས་ནང་འདྲེན་བྱེད་མི་རུང་བས་སླད་ནས་གཞིས་བྱེས་གཉིས་ཀྱིས་དགག་སྒྲུབ་ཅི་ཞིག་བགྱིས་རུང་ས་མཚམས་རེ་ངེས་པར་བཟུང་དགོས། 
སྔ་ལོ་ནས་དྲ་ལམ་དུ་གཞིས་བྱེས་གཉིས་མཉམ་འཛོམས་སྔ་ལྷག་ཅིག་བྱུང་ལ་བདག་ལྟ་བུ་ལའང་གཞིས་བཞུགས་སྤུན་ཟླ་བརྒྱ་ཕྲག་འགའ་དྲ་ཐོག་གི་གྲོགས་པོར་གྱུར་ཏེ་ཉིན་རེའི་འཚོ་བ་ཙམ་མ་ཟད་རང་རང་གིས་ཅི་བྱེད་ཅི་བསམ་ཡིག་ངག་གཉིས་ཐོག་ནས་ཕན་ཚུན་བསྐུར་རེས་བྱས་ལ་གཞིས་བྱེས་གཉིས་ཀྱི་དགའ་སྐྱོ་འོས་པའི་གནས་ཚུལ་ཐོན་རེ་བཞིན་ཤེས་རྟོགས་དང་སྐྱོ་བ་ལ་ངུ་རོགས་དང་དགའ་བ་དགོད་རོགས་བྱེད་ཐུབ་པའི་གནས་སྟངས་བཟང་པོ་ཞིག་ཆགས་ཡོད། བདག་དང་གྲོགས་པོ་ཁོང་དག་གི་དབར་མི་མཐུན་པའི་རྩོད་གཞི་མི་ཉུང་བ་རེའང་མཆིས་མོད། འོན་ཀྱང་བདག་གིས་མི་མཐུན་པ་རྩོད་གཞིར་བཟུང་ནས་ང་བདེན་ཁྱེད་རྫུན་གྱི་རྩོད་པ་གཏན་ནས་བྱས་མ་མྱོང་ལ་ཁོང་རྣམ་པས་ཀྱང་དེ་འདྲ་ཞིག་ནམ་ཡང་མི་གླེང་བས་ངེད་ཅག་བར་ཞི་མཐུན་འགྲིག་འཇགས་ཀྱིས་རང་རང་གི་དཀའ་སྡུག་ནས་མགོ་བཙུགས་ཏེ་མི་རིགས་ཤིག་གི་ལས་དབང་ལ་གང་དགའ་ཅི་དྲག་གི་གྲོས་བསྡུར་ཡིད་འགུལ་བ་རེ་བྱུང་དང་འབྱུང་བཞིན་པ་ནི་བདག་གིས་དངོས་མཐོང་དངོས་མྱོང་གི་བྱུང་བ་རེ་ཡིན། འདི་ལྟ་བུའི་བྱུང་བ་ནི་བདག་ཙམ་མ་ཟད་ཁྱེད་ལའང་འཕྲད་མྱོང་ཡོད་སྲིད་པས་ད་དུང་ཡང་བཞུར་ལམ་གཅིག་ཏུ་བསྐྱོད་པའི་ལས་ཀ་འདི་འདྲ་ལ་འཇུས་ཏེ་ཡུན་གནས་རྒྱུན་སྲིང་བྱེད་ཐབས་ལ་སྔ་ལྷག་འབད་དགོས་པ་འདུག།
༢༠༡༤/༥/༧
Powered by Blogger.