2015/09/09

སྐུ་ངོ་ཐུབ་བསྟན་ལུང་རིགས་ཀྱི་ཁ་སྤུ་རྫུན་མ།






བཏགས་ཆོས་སྐུ་ངོ་ཐུབ་བསྟན་ལུང་རིགས་བློ་ཡུལ་དུ་འཆར་བར་གདག་གཞི་ཁ་སྤུ་ཅན་དེ་ཅིས་ཀྱང་བློ་ཡུལ་དུ་འཆར་དགོས་ཤིང་། སྐུ་ངོའི་གདོང་ན་མངོན་གསལ་གྱི་རྟགས་ཤིག་ཡོད་པ་ནི་ཁ་སྤུ་དེ་ཡིན། ཁོང་ནམ་མཇལ་ལ་ཁ་སྤུ་དེའང་མཐོང་འོང་ལ། ཁ་སྤུ་ནག་ནག་པོ་དེས་ཁོང་ཉིད་སྒོམ་ཚུགས་དང་དཀྱེལ་ཡངས། གནའ་མྱི་རུས་རྐང་ཅན་ཞིག་འདུག་སྙམ་གྱི་ཚོར་བ་ཞིག་སུ་ལའང་བསྟེར་གྱི་ཡོད།
འགུལ་གྲགས་མེད་པའི་བར་སྐབས་ཤིག་ནས་སྐུ་ངོའི་གདོང་ཕྱི་ལ་གཅིག་དོན་ཡོང་དུས། སུ་ཞིག་ཡིན་རུང་མི་བདེ་བ་ཞིག་གི་ཚོར་སྣང་འགོག་མེད་ཅིག་བྱུང་བ་ནི། ཁོང་གི་ཁ་སྤུ་དེ་སྔོན་མའི་སྐུ་ངོ་ཐུབ་བསྟན་ལུང་རིགས་ཀྱི་ཁ་སྤུ་དེ་མ་ཡིན་པར། ཤ་ཕྱོགས་ཁུག་རྟའི་བྲང་སྤུ་ནས་བཏོགས་ཏེ་བཟོས་པའི་ཁ་སྤུ་རྫུན་མ་ཞིག་ཡས་མཆུ་ན་ཁྱོན་ནས་མི་འཕྲོད་བཞིན་དུ་བཙུགས་འདུག་པའི་ཐུབ་བསྟན་ལུང་རིགས་ཀྱི་ཁ་སྤུར་གྱུར་འདུག གཅིག་བྱས་ན་ཁོང་གི་དེ་སྔོན་གྱི་ཁ་སྤུ་དེའང་སུ་ཞིག་གི་བྲང་སྤུ་བཏོགས་ནས་བཙུགས་པའི་རྫུན་བཟོའི་ཁ་སྤུ་ཞིག་ཨེ་ཡིན་སྙམ་པའི་ནེམ་ནུར་ཞིག་དབང་མེད་དུ་སྐྱེ་འོང་ལ་ད་དུང་སྐུ་ངོའི་གདོང་ལ་བཅེར་ནས་ཉེ་འཁོར་ཚོས་ཀྱང་མགོ་གཡུག་རེ་གནང་ནས་སྐུ་ངོ་ལ་ཁྱེད་སུ་ཡིན་ཞེས་འདྲི་ཚིག་རེ་འཕེན་བཞིན་འདུག

མདོ་སྨད་པ་ལ་གཅིག་ཏུ་བགྲང་ས་དང་གཉིས་ལ་བརྩི་ས་ཡིན་པའི་གཞོན་སྐྱེས་ཤེས་འཇོན་ཅན་ཉུང་ཉུང་རྙེད་རྒྱུ་མེད་པ་ཞིག་གཏན་ནས་མ་ཡིན་རུང་སྐུ་ངོས་སྤྱན་རས་ལ་མིག་ཤེལ་གསར་པ་ཞིག་གཡོགས་ནས་ཤར་ཕྱོགས་ཁུག་རྟ་མ་གཏོགས་གཟིགས་པར་མ་གནང་ཞིང་གསལ་བར་མ་གྱུར་བའི་གནས་སྟངས་ཡ་མཚན་པ་ཞིག་གསར་དུ་དྲ་ལམ་ན་ཁྱབ་འདུག ལོ་ལྔ་ཚན་ཞིག་གི་ཡར་སྔོན་དུ་གདན་ས་ཆེན་པོ་སེ་ར་ན་སྐུ་ངོ་ཐུབ་བསྟན་ལུང་རིགས་ཀྱི་ཁ་སྤུ་ནག་ནག་ཅན་གྱི་ཞལ་ནས་གསུང་པའི་བཀའ་སློབ་དེ་དག་ཁ་སང་དེ་རིང་ལའང་རྒན་ལགས་རྣམ་པ་ཚོས་ཤར་རེ་བགྲངས་གནངས་ཏེ་ངེད་ཅག་ལ་བཀའ་སློབ་གནང་གི་ཡོད། གསར་བུ་སྣང་མཐོ་ཚོས་ཉན་དེ་ཙམ་མ་འདོད་ནའང་སྐུ་ངོའི་ཞལ་གསུང་དེ་མ་རེད་ཟེར་ས་ཞིག་རག་མེད་ཚོད་ལ། སྐུ་ངོ་ནི་སྒམ་བརླིང་ཅན་ཞིག་འདུག་པས་ཞལ་གསུང་དེའང་བརླིང་པོ་ཞིག་ཡིན་སྙམ་གྱིས་མགོ་སྒུར་སྒུར་གྱིས་ཉན་ཡོད། དེ་དུས་སུ་ལ་ཡང་སྐུ་ངོའི་གཟིགས་རྒྱ་དེ་འདི་ཙམ་ཆུང་གི་རེད་སྙམ་པ་ཞིག་བློ་ཡུལ་དུ་མི་འཁོར་ལ་འཁོར་ཡང་བཤད་ས་ཞིག་མི་རག་ཐག་ཆག་ཡིན།

ཤར་ཕྱོགས་ཁུག་རྟ་ནི་འགྲེལ་བཤད་མི་དགོས་པའི་མི་སྣ་ཞིག་ཡིན་ལ། སྲིད་སྐྱོང་ལ་ཉེས་འཛུགས་གཞི་མེད་རྐྱང་རྐྱང་བྱེད་པའི་མི་སྣ་ཞིག་ཡིན་པ་ཀུན་ལ་གྲགས་ཤིང་གྲུབ་པས་ཨ་མདོ་བ་མང་པོ་ཞིག་གིས<ཤར་ཁུག་ཁྱེད་ངལ་རྒྱུ་ཟིག་མེད་ནོ་ཅི་རེད། ཁྱེད་ངོ་མི་ཚ་ར་ང་ཚོ་ངོ་ཚ་ཡོང་ཀི> <སྒེར་ནད་ཁུར་ནས་ཁ་གྲགས་ཚད་ལ་སྲིད་སྐྱོང་གི་མ་འགྲིག་རབས་རྐྱང་གླེང་ནས་ངོ་མ་སུན་གི> འདི་འདྲ་བའི་སྐད་ཆ་དམར་པོ་རེ་བཤད་ནས་ཁོང་ལ་ཁ་ཏ་སློབ་གསོ་བྱས་རུང་བོང་བུའི་རྣ་བར་གསེར་བླུག་རང་རེད། ཉན་རྒྱུ་བཞག་ནས་འཕག་འཚག་རྒྱག་གི་རེད། ཤར་ཕྱོགས་ཁུག་རྟ་ལབ་དུས་འགྲེལ་བཤད་མི་དགོས་པའི་ཚོད་དུ་སླེབས་པའང་སྲིད་སྐྱོང་ལ་ཉེས་འཛུགས་བྱེད་པའི་དཀའ་དྲིན་ཁོ་ན་ཡིན་ཀྱང་ཁོས་བཀའ་དྲིན་ལ་བསམ་ཤེས་བྱེད་ག་ལ་ཤེས།

སྐུ་ངོ་ཐུབ་བསྟན་ལུང་རིགས་ཀྱིས་ཤར་ཕྱོགས་ཁུག་རྟ་སྤྱི་འཐུས་སུ་ལངས་པའི་རྒྱབ་སྐྱོར་གྱིས་འདི་སྐད་གསུངས་ཏེ་་་་་ཁོ་བ་ནི་༸གོང་ས་ཐམས་ཅད་མཁྱེན་པའི་བཞེད་དགོངས། བོད་དང་བོད་མིའི་ཕུག་ཕན་བཀའི་བླང་དོར་ལམ་སྟོན་ལ། རང་གི་འདི་དང་ཕྱི་མའི་༸སྐྱབས་གནས་ཉག་གཅིག་གི་དད་པ་དག་སྣང་ཙམ་གྱིས་མ་ཡིན་པར། བརྟག་ཅིང་དཔྱད་པས་ཀྱང་བོད་དང་བོད་མིའི་ཕུག་ཕན་དེ་བས་ལྷག་པ་ཞིག་མེད་པར་ངེས་པ་རྙེད་པའི་ཐོག ད་བར་སྤྱི་ཚོགས་ཀྱི་གླེང་སྟེགས་གང་སར། རང་དབང་གིས་འཇིགས་ཞུམ་མེད་པར་མགོན་པོ་གང་གི་བཀའི་ཕེབས་སྒོ་ཁག་ལ་མཐའ་གཅིག་ཏུ་ཉམས་ལེན་གུས་བཀུར་དང་(སྐུ་ངོའི་མ་རྩོམ་ལ་ལྟ་འདོད་ན་འདི་ནོན)གསུང་དུམ་འདིར་བལྟས་ན་ཤར་ཁུག་གིས་༸རྒྱལ་བའི་བཞེད་དགོངས་རྟོགས་ཚུལ་དེ་གཞི་མེད་སར་ཉེས་འཛུགས་དང་། ཁུངས་མེད་སར་རྫུན་བཤད་པ་དེ་ཡིན་ནམ། ཡང་ན་དར་དམར་གནམ་ལ་འཕྱར་ནས་ངོ་རྒོལ་བྱེད་ཚུལ་དེ་བོད་མིའི་ཕུགས་ཕན་ལ་ངེས་པར་རྙེད་སྟངས་ཡིན། གྲོགས་གྲོགས་པོ་ཚུན་ཆད་སུན་དགོས་པའི་གཞི་མེད་སྐྱོན་འཛུགས་དང་ངོ་ཚ་ཞེལ་ཁྲེལ་མེད་པར་ཧམ་བཤད་དང་ངུ་ཟུག་དེ་དག་འཇིགས་ཞིམ་མེད་ཚུལ་དེ་ཡིན་ནམ། སྐུ་ངོའི་ཟབ་ཅིང་བརླིང་བའི་ཚིག་འབྲི་རེ་རེ་ན་ཤར་ཁུག་གི་བྱེད་ངན་བྱེད་ལུགས་ཀྱི་རྣམ་ཐར་བསྡུས་ཏེ་བྲིས་པ་ཡིན་ནམ་སྙམ་ལ། ད་དུང་སྐུ་ངོས་ཅི་ཞིག་གསུང་གྲབས་ཡོད་དམ།

ང་ཚོས་སྐུ་ངོ་ཐུབ་བསྟན་ལུང་རིགས་ངོ་མ་དེ་མཐོང་འདོད་ལ་ཟམ་གདོང་བླ་མའི་དགེ་ཕྲུག་ཡིན་རབས་དེ་ཉན་འདོད། ཟམ་གདོང་བླ་མ་དང་ཁ་ཁོག་གཉིས་ཀ་འདྲ་ཚུལ་དེ་ལྟ་འདོད། འོན་ཀྱང་ང་ཚོས་དེ་རིང་མཐོང་བའི་སྐུ་ངོ་ཐུབ་བསྟན་ལུང་རིགས་ནི་དེ་སྔར་གྱི་སྐུ་ངོ་ཐུབ་བསྟན་ལུང་རིགས་མ་ཡིན་པར། རྡ་སའི་མྱི་གྲལ་ལ་མི་ཚུད་པའི་མི་ཞིག་མདོ་སྨད་སྤྱི་འཐུས་སུ་རྒྱབ་སྐྱོར་བྱེད་པའི་ཐུབ་བསྟན་ལུང་རིགས་རེད། ཁ་སྤུ་རྫུན་མ་ཞིག་དང་ངོ་གདོང་རྫུན་མ་ཁུར་བའི་ཐུབ་བསྟན་ལུང་རིགས་རེད། 
2015-9-9






2015/09/02

རྗེའི་དགུང་ལོ་དང་ཕྱི་ལོ་བརྩིས་ནས་མཛད་པ་གཙོ་བོ་དག་བཀོད་པ།



ཕྱི་ལོ། 1357 མེ་མོ་བྱ དགུང་ལོ་གཅིག
རྗེ་སྐུ་འཁྲུངས།

ཕྱི་ལོ།1359 ས་མོ་ཕག དགུང་ལོ་གསུམ།
ཀརྨ་པའི་མདུན་ནས་དགེ་བསྙེན་བསྒྲུབས།

ཕྱི་ལོ། 1363 ཆུ་མོ་ཡོས། དགུང་ལོ་བདུན། 
ཆོས་རྗེ་དོན་རིན་པའི་མདུན་ནས་དགེ་ཚུལ་བསྒྲུབས།

ཕྱི་ལོ། 1364 ཤིང་ཕོ་འབྲུག དགུང་ལོ་བརྒྱད། 
རྒྱལ་ཚབ་དར་མ་རིན་ཆེན་སྐུ་འཁྲུངས།

ཕྱི་ལོ། 1372 ཆུ་ཕོ་བྱི། དགུད་ལོ་བཅུ་དྲུག
 དབུས་སུ་ཕེབས།

ཕྱི་ལོ། 1373 ཆུ་མོ་གླང་།  དགུང་ལོ་བཅུ་བདུན། 
དབུས་སུ་འབྱོར།

ཕྱི་ལོ། 1375 ཤིང་མོ་ཡོས། དགུང་ལོ་བཅུ་དགུ།
 དབུས་སུ་ཐོག་མའི་གྲྭ་སྐོར་མཛད།

 ཕྱི་ལོ། 1378 ས་ཕོ་རྟ། དགུང་ལོ་ཉེར་གཉིས།
རྗེ་རེད་མདའ་བ་དང་ཐོག་མ་མཇལ། བློ་གསལ་བགྲོད་པའི་ཐེམ་སྐས་མཛད།

ཕྱི་ལོ། 1385 ཤིང་མོ་གླང་།  དགུང་ལོ་ཉེར་དགུ།
མཁས་གྲུབ་རྗེ་སྐུ་འཁྲུངས།

ཕྱི་ལོ། 1387 མེ་མོ་ཡོས། དགུང་ལོ་སོ་གཅིག
 ལེགས་བཤད་གསེར་ཕྲེང་བརྩམས།

ཕྱི་ལོ། 1392 ཆུ་ཕོ་སྤྲེལ། དགུང་ལོ་སོ་དྲུག
འོལ་ཁར་བྱ་བྲལ་ལ་ཕེབས།

ཕྱི་ལོ། 1394 ཤིང་ཕོ་ཁྱི། དགུང་ལོ་སོ་བརྒྱད།
 འོལ་ཁར་རྫིང་ཕྱི་བྱམས་པ་ཞིག་གསོ་མཛད། མཛད་ཆེན-1

ཕྱི་ལོ། 1395 ཤིང་མོ་ཕག དགུང་ལོ་སོ་དགུ།
 ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་མཇལ།

ཕྱི་ལོ། 1396 མེ་ཕོ་བྱི། དགུང་ལོ་བཞི་བཅུ།
 རྒྱབ་ཚབ་ཀྱིས་རྗེ་ཐོག་མ་མཇལ། གཉལ་གྱི་ལུང་ར་ཚུགས། མཛད་ཆེན།-2

ཕྱི་ལོ། 1397 མེ་མོ་གླང་། དགུང་ལོ་ཞེ་གཅིག
 རྟེན་འབྲེལ་བསྟོད་པ་བརྩམས།

ཕྱི་ལོ། 1402 ཆུ་ཕོ་རྟ། དགུང་ལོ་ཞེ་དྲུག
 རྭ་སྒྲེང་དུ་ལམ་རིམ་ཆེན་མོ་དང་། ལམ་མཆོག་སྒོ་འབྱེད། ལམ་རིམ་ཆུང་ངུ་བརྩམས།

ཕྱི་ལོ། 1403 ཆུ་མོ་ལུག དགུང་ལོ་ཞེ་བདུན།
 རྭ་སྒྲེང་དུ་བྱང་སའི་ཚུལ་ཁྲིམས་ལེའུ་དང་། རྩ་ལྟུང་དང་བླ་མ་ལྔ་བཅུ་པའི་རྣམ་བཤད་མཛད།

ཕྱི་ལོ། 1405 ཤིང་མོ་བྱ། དགུང་ལོ་ཞེ་དགུ།
འོལ་ཁ་བྱམས་པ་གླིང་དུ། སྔགས་རིམ་ཆེན་མོ་དང་ཀླུ་བྱང་གི་རྣམ་གཞག་པའི་ཊཱིཀ་མཛད།

ཕྱི་ལོ། 1408 ས་ཕོ་བྱི། དགུང་ལོ་ང་གཉིས
མཁས་གྲུབ་པས་རྗེ་ཐོག་མ་མཇལ། དྲང་ངེས་དང་རྩ་ཤེའི་ཊཱིཀ་ཆེན་མཛད།

ཕྱི་ལོ། 1409 ས་མོ་གླང་། དགུང་ལོ་ང་གསུམ།
དགའ་ལྡན་དགོན་ཕྱག་བཏབ། ལྷ་ལྡན་སྨོན་ལམ་ཆེན་མོ་དབུ་འཛུགས། མཛད་ཆེན།-3

ཕྱི་ལོ། 1410 ལྕགས་ཕོ་སྟག དགུང་ལོ་ང་བཞི།
 དགའ་ལྡན་དུ་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་རྣམ་བཤད། བཤད་རྒྱུད་ལྷ་མོ་བཞིས་ཞུས་པ་མཛད།

ཕྱི་ལོ། 1411 ལྕགས་མོ་ཡོས། དགུང་ལོ་ང་ལྔ།
དགའ་ལྡན་དུ་རིམ་ལྔ་གསལ་སྒྲོན་མཛད་དང་རིམ་ལྔ་གདན་རྫོགས་མཛད།

ཕྱི་ལོ། 1412 ཆུ་ཕོ་འབྲུག དགུང་ལོ་ང་དྲུག
 རྗེ་རེད་མདའ་བ་སྐུ་བཤེགས།

ཕྱི་ལོ། 1414 ཤིང་ཕོ་རྟ།  དགུང་ལོ་ང་བརྒྱད།
 རྗེ་དགེ་འདུན་གྲུབ་མཇལ། འགྲེལ་བ་བཞི་སྦྲགས་མཛད།

ཕྱི་ལོ། 1415 ཤིང་མོ་ལུག དགུང་ལོ་ང་དགུ 
ལམ་རིམ་འབྲིང་པོ་མཛད། དགའ་ལྡན་སྒྲུབ་མཆོད་འཛུགས། མཛད་ཆེན-4

ཕྱི་ལོ། 1416 མེ་ཕོ་སྤྲེལ། དགུང་ལོ་དྲུག་ཅུ།
 འབྲས་སྤུངས་དགོན་ཕྱག་འདེབས།

ཕྱི་ལོ། 1418 ས་ཕོ་ཁྱི། དགུང་ལོ་རེ་གཉིས།
 མཇུག་ཊཱིཀ་དགོངས་པ་རབ་གསལ་མཛད།

ཕྱི་ལོ། 1419 ས་མོ་ཕག དགུང་ལོ་རེ་གསུམ།
བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀ་མཛད།(སྦུས་དོན་ཀུན་གསལ) རྗེ་སྐུ་ཞི་བར་བཤེགས། སེ་ར་དགོན་ཕྱག་འདེབས།
--------
ཕྱི་ལོ་༢༠༡༥ལོའི་རྣམ་ཐར་རྒྱུགས་སྤྲོད་ཆེད་རང་སྦྱོང་སྐབས་ཞིབ་འཇུག་ཚུལ་གྱིས་བསྒྲིགས།

སྐུ་ངོ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་འགའི་ངོ་རིས་གསར་པ།



ཁ་སང་དེ་རིང་མི་རེ་འགའི་ངོ་རིས་ནག་པོ་ཞིག་ལྷང་ལ་བུད་ནས་བོད་ཕྱི་ནང་གང་སར་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་སྤེལ་བཞིན་པ་ནི་མི་གཞི་ལ་ཁྱད་གསོད་དང་མུན་ནག་ནས་ལྐོག་མདའ་འཕངས་ཏེ་སྤྱི་ཚོགས་སུ་མི་སྒེར་གྱི་རང་དབང་ལ་ལྡོག་རོལ་བཞིན་གཏོང་བཞིན་ཡོད།

 སྐུ་ངོ་སྤེན་པ་ཚེ་རིང་གིས་ཁ་ནས་བཤད་པའི་གཏམ་ཞིག་དྲ་ལམ་དུ་སྤེལ་བས་སྐུ་ངོ་ལ་རྒྱབ་སྐྱོར་བ་ཁས་འཆེ་བ་འགས་ངེད་ཀྱི་པར་ཞིག་གི་ཐོག་ཏུ་འདི་འདྲ་ཞིག་བྲིས་ནས་སྤེལ་བཞིན་པ་རེད་<སེར་བྱེས་ཏྲེ་ཧོར་བསོད་རྣམས་སམ་སྲོང་བཙན་ཟེར་བ་གྲྭ་རྒན་འདི་ལུས་ལ་སྟོན་པའི་ན་བཟའ་གོན་ནས་བཀའ་སྤྱི་འོས་བསྡུ་སྐབས་ལ་བསྟུན་ནས་སྤྱི་ཚོགས་སུ་དཀྲུགས་ཤིང་རྒྱག་བཞིན་པ་དེ་སྐོར་སེར་བྱེས་ལས་ཀྱི་སྣེ་མོ་པ་དང་གྲྭ་མང་ཚོས་ཡིད་གཟབ་བྱེད་དགོས། གང་འདོད་ལྟར་བཞག་ན་དེའི་རིགས་གྲྭ་བའི་སྤྱི་དང་ལྷག་པར་དུ་སེར་བྱེས་གྲྭ་ཚང་གི་མཚན་སྙན་ལ་གནོད་པ་ཆེ།> པར་རིས་ཐོག་གི་ཡི་གེ་འདིར་གཟིགས་དང་མཐའ་ན་མིང་གི་དག་ཆ་ཞིག་ཀྱང་ཡག་པོ་འབྲི་མ་ཤེས་པ་ལ་བལྟས་ན་མི་ཅི་འདྲ་ཞིག་ཡིན་འདུག ད་དུང་བཀའ་སྤྱི་འོས་བསྡུ་ཞེས་བཀའ་བློན་ཁྲི་པའི་མཚན་གནས་ཕྱི་བསྡུ་བྱས་ཏེ་ལོ་ཤས་སོང་བའང་ཤེས་མེད་ཚོད་འདུག མི་འདི་རིགས་ཀྱིས་སེམས་ཤུགས་ཡོད་མདོག་དང་ལྷག་བསམ་ལྡན་ཚུལ་འཁྲབ་པ་ནི་དགོད་མོ་རྐུབ་ནས་ཤོར་དགོས་པའི་གནས་སྟངས་རེད།

འདི་ག་དགོན་པའི་ནང་དུ་གྱོང་ངོས་ལ་ཡིག་འཁྱར་སྦྱར། དྲ་ངོས་ན་ངོ་སྤྲོད་རྫུན་བཟོ་དང་མིང་དང་པར་རིས་རྫུན་མ་བཞག་སྟེ་མགོ་མཁན་པོ་དང་དགེ་བསྐོས་སོགས་ལ་སྐྱོན་འཛུགས་དང་ཉེས་གཡོགས་གནམ་ས་མི་ཤོང་བ་དཔག་ཏུ་མེད་པ་བྱས་ཏེ་དམངས་སེམས་དཀྲུགས་ཤིང་དགོན་སྡེའི་ལས་སྣེ་ལ་མཛད་དཀའ་བཟོ་བའི་ལས་ངན་དུ་མ་གསོག་པའི་མི་སྣ་རེ་གཉིས་ཤིག་སྔོན་ནས་ཡོད་ལ་ད་རེས་ཀྱང་དེ་དག་གི་སྐྱོན་ངན་དང་རང་མཚང་ཕྱི་རྡོལ་བ་ཞིག་ཡིན་པར་བཤད་མི་དགོས། མི་འདི་རིགས་ཀྱིས་ནམ་ཡིན་ཡང་གབ་ཡིབ་འབའ་ཞིག་གི་ལམ་ནས་སྤྱི་ཚོགས་དཀྲུགས་པ་ལས་ངོ་རིས་ངོ་མ་བསྟན་ནས་བདེན་པའི་ར་སྤྲོད་དང་ཚུལ་མཐུན་བསམ་ཆ་སྣ་གཅིག་སྟོན་རྒྱུ་མེད།

བདེན་པ་རི་འདྲ་བ་ཡོད་པའི་མི་སྣ་གསེར་འདྲ་དེ་ཚོ་ལ་མ་ཉེས་ཁག་གཡོགས་དང་སྐྱོན་འཛུགས། སྡིག་ར་སྐུལ་བ། འཇིགས་སྐུལ་བྱེད་པ་བཅས་ཀྱི་ལས་ངན་དུ་མ་བྱུང་ཡོད་པས་ན་ནིང་དོ་ཚིགས་དྲ་ལམ་ན་ཡོད་ཚད་རྫུན་མ་བཟོས་པའམ་སུ་ཡིན་གཏན་ནས་ཤེས་ཐབས་མེད་པར་གག་ཡིབ་བྱས་ཏེ་བསམ་ཚུལ་སྤེལ་དགོས་ཐུག་པའི་གནས་བབ་དེ་མི་འདོད་བཞིན་དུ་བྱེད་དགོས་པ་ཞིག་གིས་ཁྱབ་ཡོད་ཅིང་། ངོ་རིས་བསྟན་ནས་བསམ་ཚུལ་དང་ལྟ་ཚུལ་སྟོན་མཁན་ཞིག་ཡིན་ཕྱིན་བློས་གཏོང་དུ་མ་བྱེད་དགོས་པའི་གནས་སྟངས་དང་དཀའ་ངལ་དུ་མ་ཞིག་འབྱུང་བཞིན་ཡོད། འོན་ཀྱང་ཟམ་གདོང་རིན་པོ་ཆེས་རྒྱབ་ལོག་ཡིབས་ནས་སྤྱི་ཚོགས་སུ་བཤད་འདུག་མཁན་དེ་དག་ནི་འགན་ཁུར་མེད་པའི་རིགས་ཤིག་ཡིན། སྤྱི་ཚོགས་ཀྱི་གནས་བབ་གླེང་མཁན་ཡིན་ཕྱིན་གབ་ཡིབ་བྱས་པ་དེ་གཏན་ནས་མི་འགྲིག་ཚུལ་གསུངས་པ་བཞིན་རྒྱབ་ཏུ་ཡིབས་ནས་སེམས་ཤུགས་དང་སྤྱི་སེམས་ཡོད་མདོག་བྱེད་མཁན་རིགས་ནི་ནམ་ཡང་འགན་ཁུར་ལེན་འདོད་མེད་པར་སྤྱི་ཚོགས་དཀྲུགས་རྒྱུ་དེ་ཡིན།

ཁ་རྩང་ཕྱི་ཟླ་8 ཚེས་29 ཞོགས་པའི་ཆུ་ཚོད་8-42ཐོག་ཏུ་གངས་བཙན་པོས་སྐད་འཕྲིན་དུ་ཡི་གེ་འདི་བཏང་འདུག ་<སྡོད་མ་གཏོགས་མང་པོ་ཤིག་གི་ཁྱོད་གཙར་གཅོད་ཀིན་འདུག་ད། ཉོག་དྲ་བཟོས་ནས་ག་རེ་བྱེད་དགོས།>
ཕྱི་ཟླ་8 ཚེས་29 ཞོགས་པའི་ཆུ་ཚོད 9-34 ཐོག་ཏུ་ཨམ་སྐད་ཧ་ཅང་མཁྲེགས་པོ་ཅན་གྱི་མི་དེས་ཁ་པར་སླེབས་སོང་། 
ཕྱི་ཟླ་8 ཚེས་30ངོ་དེབ་ནང་དུ་མཆན་ཡིག་འདི་བཀོད་བྱུང་། <སྡུག་ཁ་དེ་བཙུམ་ན་དགའ། ད་མང་དྲགས་སོང་དཱ། ཉིན་མ་གཅིག་ལ་རག་ཡོང་དཱ། གཟབ་གཟབ་གྱིས། ཧ་གོ་འི་ཡོད་དཱ།>
ཁ་པར་གཏོང་མཁན་དེས་ང་ལ་ཁྱེད་སེ་ར་ན་ཡོད་པས་ཟེར། ཁྱེས་ཨ་མདོ་བ་ལ་གཅིག་གཅིག་གཉིས་གཉིས་མང་པོ་ལབ་འདུག་བ་ཟེར། སྐད་ཆ་འགན་ཁུར་དགོས་རེད། དེ་འདྲ་ཡག་པོ་མ་རེད་ཟེར་ནས་ངར་སོང་། ངས་ཨ་མདོ་བ་ཅི་ཟེར་འདུག་གང་ན་ཟེར་འདུག་ཅེས་ཕར་དྲིས་པས་ངས་མཐོང་མ་སོང་དེ་འདྲ་བཤད་འདུག་ཟེར་ནས་མིས་བཤད་སོང་ཟེར། དང་པོ་ཁྱེད་རང་གིས་ཁ་བརྡ་ནང་སོང་ནས་གཅིག་ལྟོས། དེའི་རྗེས་ག་རེ་འགན་ཁུར་མི་འདུག་ལབ་ཤོག་བཤད་པ་ཡིན། མ་གཞི་ཁ་པར་ཨང་གྲངས་སྤྲོད་མཁན་སུ་ཡིན་དང་ཁ་པར་གཏོང་མཁན་དེའང་སྐད་ངོ་ཆོད་སོང་། འོན་ཀྱང་སུ་ཡིན་ན་ཡིན་དུ་ཆུག ངས་གང་བཤད་པ་དེ་འགན་ཁུར་ཆོག་ལ་སྐུ་ངོའི་གཏམ་བཤད་ཇི་བཞིན་བཀོད་ཡོད། མི་རེས་འགའི་ཁོག་རྒྱ་ཆུང་དྲགས་ནས་ཤིག་ཀྱང་མི་ཆུད་བསམ་བསམ་འདུག དེ་འདྲ་ཡིན་རྒྱུ་རེད། སྤྱི་ཚོགས་ཤིག་ཡིན་ན་མི་སྣ་ཚོགས་པ་རེད། ཡག་སྡུག་གཉིས་ཀ་ཡོད། སྐྱོན་ངན་རེ་ཟུང་གི་བྱ་སྤྱོད་ལ་སུས་ཀྱང་རྣ་བ་གཏོད་མི་སྲིད་པས་ཁོ་ཚོ་ཅི་འཁྲབ་རྒྱུ་ཡོད་ན་འཁྲབ་ཏུ་གཅུག་ཤོག

ཁོ་བོ་སྲོང་བཙན་ལ་སྙིང་དགའ་ཞིང་ཤ་ཉེ་བའི་རིགས་མཐུན་ཚོ་དང་བདེན་གཏམ་ལ་ཡིད་སྤྲོ་ཞིང་འགན་ཁུར་ལ་ཐུགས་དགྱེས་པའི་འཛམ་གླིང་ཁྱོན་ལ་བཞུགས་པའི་ངེད་ཀྱི་དྲ་གྲོགས་དང་ངོ་ཤེས་ཚོས་ཡིད་བདེ་ཞིང་ཐུགས་སྤྲོ་བའི་ལམ་དུ་བཞུགས་ཏེ་ཉིན་རེའི་བྱ་བ་ཁག་ཇི་བཞིན་ལག་ལེན་དུ་བསྟར་བ་ལས་མུན་ནག་དུ་གབ་ཡུབ་བྱས་ཏེ་གདོང་བསྟན་མི་ནུས་པའི་མི་ངན་རེ་ཟུང་གི་བྱ་སྤྱོད་ལ་ནམ་ཡང་ཁྲོ་བ་དང་ཁོན་པ་མ་བྱེད་ཅིག གཏན་ཏུ་རང་ཚུགས་ཐུབ་པའི་ལས་ལ་འཇུག་པ་མ་བརྗེད་རོགས། མི་ངན་གྱི་བྱ་ངན་དེ་དག་ལ་ས་ལག་མཐིལ་ཙམ་དང་གནམ་སྤར་མོ་གང་གི་ཚད་ཙམ་དུ་མ་སྤྲོད་ཅིག དེ་མུར་སྐྱུར་ནས་བློ་བདེ་བག་ཕེབས་ངང་བཞུགས་རོགས། ཁོ་བོ་སྲོང་བཙན་གྱིས་བཤད་པའི་གཏམ་ལ་འགན་ཁུར་དང་དྲངས་པའི་ལུང་ལ་རྒྱབ་རྟེན་ཡོད་པས་ནམ་ཡང་མུན་ནག་ཏུ་འཛུལ་ནས་ཁུངས་མེད་ལུང་མེད་ཀྱི་གཏམ་སྨྲ་བ་མེད་ལ་སླད་ཕྱི་ཡང་གདོང་རིས་གསལ་ལྷང་ངེ་བུད་ནས་བཤད་རྒྱུ་ནས་གཞན་མེད་ན་ཐུགས་བདེ་བར་བཞུགས་པ་འཚལ་ལོ།།
2015-9-2




ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...