སྐུ་ངོ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་འགའི་ངོ་རིས་གསར་པ།
ཁ་སང་དེ་རིང་མི་རེ་འགའི་ངོ་རིས་ནག་པོ་ཞིག་ལྷང་ལ་བུད་ནས་བོད་ཕྱི་ནང་གང་སར་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་སྤེལ་བཞིན་པ་ནི་མི་གཞི་ལ་ཁྱད་གསོད་དང་མུན་ནག་ནས་ལྐོག་མདའ་འཕངས་ཏེ་སྤྱི་ཚོགས་སུ་མི་སྒེར་གྱི་རང་དབང་ལ་ལྡོག་རོལ་བཞིན་གཏོང་བཞིན་ཡོད།
སྐུ་ངོ་སྤེན་པ་ཚེ་རིང་གིས་ཁ་ནས་བཤད་པའི་གཏམ་ཞིག་དྲ་ལམ་དུ་སྤེལ་བས་སྐུ་ངོ་ལ་རྒྱབ་སྐྱོར་བ་ཁས་འཆེ་བ་འགས་ངེད་ཀྱི་པར་ཞིག་གི་ཐོག་ཏུ་འདི་འདྲ་ཞིག་བྲིས་ནས་སྤེལ་བཞིན་པ་རེད་<སེར་བྱེས་ཏྲེ་ཧོར་བསོད་རྣམས་སམ་སྲོང་བཙན་ཟེར་བ་གྲྭ་རྒན་འདི་ལུས་ལ་སྟོན་པའི་ན་བཟའ་གོན་ནས་བཀའ་སྤྱི་འོས་བསྡུ་སྐབས་ལ་བསྟུན་ནས་སྤྱི་ཚོགས་སུ་དཀྲུགས་ཤིང་རྒྱག་བཞིན་པ་དེ་སྐོར་སེར་བྱེས་ལས་ཀྱི་སྣེ་མོ་པ་དང་གྲྭ་མང་ཚོས་ཡིད་གཟབ་བྱེད་དགོས། གང་འདོད་ལྟར་བཞག་ན་དེའི་རིགས་གྲྭ་བའི་སྤྱི་དང་ལྷག་པར་དུ་སེར་བྱེས་གྲྭ་ཚང་གི་མཚན་སྙན་ལ་གནོད་པ་ཆེ།> པར་རིས་ཐོག་གི་ཡི་གེ་འདིར་གཟིགས་དང་མཐའ་ན་མིང་གི་དག་ཆ་ཞིག་ཀྱང་ཡག་པོ་འབྲི་མ་ཤེས་པ་ལ་བལྟས་ན་མི་ཅི་འདྲ་ཞིག་ཡིན་འདུག ད་དུང་བཀའ་སྤྱི་འོས་བསྡུ་ཞེས་བཀའ་བློན་ཁྲི་པའི་མཚན་གནས་ཕྱི་བསྡུ་བྱས་ཏེ་ལོ་ཤས་སོང་བའང་ཤེས་མེད་ཚོད་འདུག མི་འདི་རིགས་ཀྱིས་སེམས་ཤུགས་ཡོད་མདོག་དང་ལྷག་བསམ་ལྡན་ཚུལ་འཁྲབ་པ་ནི་དགོད་མོ་རྐུབ་ནས་ཤོར་དགོས་པའི་གནས་སྟངས་རེད།
འདི་ག་དགོན་པའི་ནང་དུ་གྱོང་ངོས་ལ་ཡིག་འཁྱར་སྦྱར། དྲ་ངོས་ན་ངོ་སྤྲོད་རྫུན་བཟོ་དང་མིང་དང་པར་རིས་རྫུན་མ་བཞག་སྟེ་མགོ་མཁན་པོ་དང་དགེ་བསྐོས་སོགས་ལ་སྐྱོན་འཛུགས་དང་ཉེས་གཡོགས་གནམ་ས་མི་ཤོང་བ་དཔག་ཏུ་མེད་པ་བྱས་ཏེ་དམངས་སེམས་དཀྲུགས་ཤིང་དགོན་སྡེའི་ལས་སྣེ་ལ་མཛད་དཀའ་བཟོ་བའི་ལས་ངན་དུ་མ་གསོག་པའི་མི་སྣ་རེ་གཉིས་ཤིག་སྔོན་ནས་ཡོད་ལ་ད་རེས་ཀྱང་དེ་དག་གི་སྐྱོན་ངན་དང་རང་མཚང་ཕྱི་རྡོལ་བ་ཞིག་ཡིན་པར་བཤད་མི་དགོས། མི་འདི་རིགས་ཀྱིས་ནམ་ཡིན་ཡང་གབ་ཡིབ་འབའ་ཞིག་གི་ལམ་ནས་སྤྱི་ཚོགས་དཀྲུགས་པ་ལས་ངོ་རིས་ངོ་མ་བསྟན་ནས་བདེན་པའི་ར་སྤྲོད་དང་ཚུལ་མཐུན་བསམ་ཆ་སྣ་གཅིག་སྟོན་རྒྱུ་མེད།
བདེན་པ་རི་འདྲ་བ་ཡོད་པའི་མི་སྣ་གསེར་འདྲ་དེ་ཚོ་ལ་མ་ཉེས་ཁག་གཡོགས་དང་སྐྱོན་འཛུགས། སྡིག་ར་སྐུལ་བ། འཇིགས་སྐུལ་བྱེད་པ་བཅས་ཀྱི་ལས་ངན་དུ་མ་བྱུང་ཡོད་པས་ན་ནིང་དོ་ཚིགས་དྲ་ལམ་ན་ཡོད་ཚད་རྫུན་མ་བཟོས་པའམ་སུ་ཡིན་གཏན་ནས་ཤེས་ཐབས་མེད་པར་གག་ཡིབ་བྱས་ཏེ་བསམ་ཚུལ་སྤེལ་དགོས་ཐུག་པའི་གནས་བབ་དེ་མི་འདོད་བཞིན་དུ་བྱེད་དགོས་པ་ཞིག་གིས་ཁྱབ་ཡོད་ཅིང་། ངོ་རིས་བསྟན་ནས་བསམ་ཚུལ་དང་ལྟ་ཚུལ་སྟོན་མཁན་ཞིག་ཡིན་ཕྱིན་བློས་གཏོང་དུ་མ་བྱེད་དགོས་པའི་གནས་སྟངས་དང་དཀའ་ངལ་དུ་མ་ཞིག་འབྱུང་བཞིན་ཡོད། འོན་ཀྱང་ཟམ་གདོང་རིན་པོ་ཆེས་རྒྱབ་ལོག་ཡིབས་ནས་སྤྱི་ཚོགས་སུ་བཤད་འདུག་མཁན་དེ་དག་ནི་འགན་ཁུར་མེད་པའི་རིགས་ཤིག་ཡིན། སྤྱི་ཚོགས་ཀྱི་གནས་བབ་གླེང་མཁན་ཡིན་ཕྱིན་གབ་ཡིབ་བྱས་པ་དེ་གཏན་ནས་མི་འགྲིག་ཚུལ་གསུངས་པ་བཞིན་རྒྱབ་ཏུ་ཡིབས་ནས་སེམས་ཤུགས་དང་སྤྱི་སེམས་ཡོད་མདོག་བྱེད་མཁན་རིགས་ནི་ནམ་ཡང་འགན་ཁུར་ལེན་འདོད་མེད་པར་སྤྱི་ཚོགས་དཀྲུགས་རྒྱུ་དེ་ཡིན།
ཁ་རྩང་ཕྱི་ཟླ་8 ཚེས་29 ཞོགས་པའི་ཆུ་ཚོད་8-42ཐོག་ཏུ་གངས་བཙན་པོས་སྐད་འཕྲིན་དུ་ཡི་གེ་འདི་བཏང་འདུག ་<སྡོད་མ་གཏོགས་མང་པོ་ཤིག་གི་ཁྱོད་གཙར་གཅོད་ཀིན་འདུག་ད། ཉོག་དྲ་བཟོས་ནས་ག་རེ་བྱེད་དགོས།>
ཕྱི་ཟླ་8 ཚེས་29 ཞོགས་པའི་ཆུ་ཚོད 9-34 ཐོག་ཏུ་ཨམ་སྐད་ཧ་ཅང་མཁྲེགས་པོ་ཅན་གྱི་མི་དེས་ཁ་པར་སླེབས་སོང་།
ཕྱི་ཟླ་8 ཚེས་30ངོ་དེབ་ནང་དུ་མཆན་ཡིག་འདི་བཀོད་བྱུང་། <སྡུག་ཁ་དེ་བཙུམ་ན་དགའ། ད་མང་དྲགས་སོང་དཱ། ཉིན་མ་གཅིག་ལ་རག་ཡོང་དཱ། གཟབ་གཟབ་གྱིས། ཧ་གོ་འི་ཡོད་དཱ།>
ཁ་པར་གཏོང་མཁན་དེས་ང་ལ་ཁྱེད་སེ་ར་ན་ཡོད་པས་ཟེར། ཁྱེས་ཨ་མདོ་བ་ལ་གཅིག་གཅིག་གཉིས་གཉིས་མང་པོ་ལབ་འདུག་བ་ཟེར། སྐད་ཆ་འགན་ཁུར་དགོས་རེད། དེ་འདྲ་ཡག་པོ་མ་རེད་ཟེར་ནས་ངར་སོང་། ངས་ཨ་མདོ་བ་ཅི་ཟེར་འདུག་གང་ན་ཟེར་འདུག་ཅེས་ཕར་དྲིས་པས་ངས་མཐོང་མ་སོང་དེ་འདྲ་བཤད་འདུག་ཟེར་ནས་མིས་བཤད་སོང་ཟེར། དང་པོ་ཁྱེད་རང་གིས་ཁ་བརྡ་ནང་སོང་ནས་གཅིག་ལྟོས། དེའི་རྗེས་ག་རེ་འགན་ཁུར་མི་འདུག་ལབ་ཤོག་བཤད་པ་ཡིན། མ་གཞི་ཁ་པར་ཨང་གྲངས་སྤྲོད་མཁན་སུ་ཡིན་དང་ཁ་པར་གཏོང་མཁན་དེའང་སྐད་ངོ་ཆོད་སོང་། འོན་ཀྱང་སུ་ཡིན་ན་ཡིན་དུ་ཆུག ངས་གང་བཤད་པ་དེ་འགན་ཁུར་ཆོག་ལ་སྐུ་ངོའི་གཏམ་བཤད་ཇི་བཞིན་བཀོད་ཡོད། མི་རེས་འགའི་ཁོག་རྒྱ་ཆུང་དྲགས་ནས་ཤིག་ཀྱང་མི་ཆུད་བསམ་བསམ་འདུག དེ་འདྲ་ཡིན་རྒྱུ་རེད། སྤྱི་ཚོགས་ཤིག་ཡིན་ན་མི་སྣ་ཚོགས་པ་རེད། ཡག་སྡུག་གཉིས་ཀ་ཡོད། སྐྱོན་ངན་རེ་ཟུང་གི་བྱ་སྤྱོད་ལ་སུས་ཀྱང་རྣ་བ་གཏོད་མི་སྲིད་པས་ཁོ་ཚོ་ཅི་འཁྲབ་རྒྱུ་ཡོད་ན་འཁྲབ་ཏུ་གཅུག་ཤོག
ཁོ་བོ་སྲོང་བཙན་ལ་སྙིང་དགའ་ཞིང་ཤ་ཉེ་བའི་རིགས་མཐུན་ཚོ་དང་བདེན་གཏམ་ལ་ཡིད་སྤྲོ་ཞིང་འགན་ཁུར་ལ་ཐུགས་དགྱེས་པའི་འཛམ་གླིང་ཁྱོན་ལ་བཞུགས་པའི་ངེད་ཀྱི་དྲ་གྲོགས་དང་ངོ་ཤེས་ཚོས་ཡིད་བདེ་ཞིང་ཐུགས་སྤྲོ་བའི་ལམ་དུ་བཞུགས་ཏེ་ཉིན་རེའི་བྱ་བ་ཁག་ཇི་བཞིན་ལག་ལེན་དུ་བསྟར་བ་ལས་མུན་ནག་དུ་གབ་ཡུབ་བྱས་ཏེ་གདོང་བསྟན་མི་ནུས་པའི་མི་ངན་རེ་ཟུང་གི་བྱ་སྤྱོད་ལ་ནམ་ཡང་ཁྲོ་བ་དང་ཁོན་པ་མ་བྱེད་ཅིག གཏན་ཏུ་རང་ཚུགས་ཐུབ་པའི་ལས་ལ་འཇུག་པ་མ་བརྗེད་རོགས། མི་ངན་གྱི་བྱ་ངན་དེ་དག་ལ་ས་ལག་མཐིལ་ཙམ་དང་གནམ་སྤར་མོ་གང་གི་ཚད་ཙམ་དུ་མ་སྤྲོད་ཅིག དེ་མུར་སྐྱུར་ནས་བློ་བདེ་བག་ཕེབས་ངང་བཞུགས་རོགས། ཁོ་བོ་སྲོང་བཙན་གྱིས་བཤད་པའི་གཏམ་ལ་འགན་ཁུར་དང་དྲངས་པའི་ལུང་ལ་རྒྱབ་རྟེན་ཡོད་པས་ནམ་ཡང་མུན་ནག་ཏུ་འཛུལ་ནས་ཁུངས་མེད་ལུང་མེད་ཀྱི་གཏམ་སྨྲ་བ་མེད་ལ་སླད་ཕྱི་ཡང་གདོང་རིས་གསལ་ལྷང་ངེ་བུད་ནས་བཤད་རྒྱུ་ནས་གཞན་མེད་ན་ཐུགས་བདེ་བར་བཞུགས་པ་འཚལ་ལོ།།
2015-9-2
Comments
Post a Comment