སྲིད་སྐྱོང་འོས་མི་གཉིས་ལ་དཀའ་ངལ་གསར་པ་ཞིག་སླེབས་པ།


དུས་དབང་ཕྱིར་འགྱང་སྐོར་དེ་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་ཡིན་རབས་བཤད་ནས་ག་ས་གང་དུ་གླེང་གཞི་ཅན་ཞིག་ཆགས་ཡོད། བློ་སེང་གི་རྒྱབ་སྐྱོར་བ་ཚོས་བྱས་ཉེས་ཚང་མ་སྤེན་ཚེས་གནང་རབས་དང་སྤེན་ཚེའི་རྒྱབ་སྐྱོར་བ་དག་གིས་ལེ་ཁག་ཐམས་ཅད་བློ་སེང་ལ་བཀལ་བའི་ཕན་ཚུན་གདོང་ཐུག་གི་རྩོད་གླེང་རིང་མོ་ཞིག་སྤྱི་ཚོགས་སུ་འགྲོ་བཞིན་ཡོད། དེ་མཚུངས་སྤྱི་འཐུས་གྲོས་ཚོགས་སུ་ཟླ་བ་ཕུན་སྐྱིད་ཀྱིས་དུས་དབང་ཕྱིར་འགྱང་སྐོར་གྱི་གནད་དོན་དེ་བློ་སེང་གི་ཇུས་ངན་ཡིན་མདོག་གི་བཀའ་མོལ་གསུངས་ཡོད་སྟབས་སྤྱི་ཚོགས་སུ་མེ་འབར་བའི་གོང་ལ་སྣུམ་བླུག་པ་བཞིན་རྩོད་གླེང་ཇེ་ཆེར་སོང་ཡོད། ཡང་སྙིང་བློ་སེང་གིས་ཇུས་ངན་ཡིན་མིན་ཐེ་ཚོམ་དང་དོགས་པ་སླེབས་བཞིན་པའི་སྐབས་དེར་༸གོང་ས་མཆོག་གིས་ཨ་རི་ནས་རང་ཉིད་སྨན་བཅོས་ཆེད་དུས་དབང་ཕྱིར་འགྱང་བྱས་ཚུལ་དང་བཀྲ་ཤིས་ལྷུན་པོ་ནས་སླར་ཡང་དེ་བཞིན་བསྐྱར་དུ་གསུངས་ཡོད། འོན་ཀྱང་བཀའ་སློབ་ཐུང་ཐུང་འདིས་གོ་བ་ཁ་གསལ་ཞིག་སྤྲོད་མེད་ཚོད་འདུག་སྟེ། དྲ་ཐོག་ན་ད་རུང་རྩོད་གླེང་འགྲོ་བཞིན་པ་རེད། གཅིག་བྱས་ན་གནད་དོན་འདི་བློ་སེང་གི་མགོ་ལ་གཞུས་ཆོག་པའི་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གྱུར་ཏེ་སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་ད་རུང་བསྐྱར་སྐོར་ཡང་སྐོར་གྱིས་མཚམས་འཇོག་མི་བྱེད་པ་ཡིན་སྲིད།

མ་བསམ་ས་ནས་སྤེན་ཚེས་ནེའུ་ཡོག་ནས་གཏམ་བཤད་སྐབས་དུས་དབང་ཕྱིར་འགྱང་སྐོར་དེ་རང་གིས་ཟླ་ཚེས་དབང་བཅས་པ་ཤེས་ཀྱི་ཡོད། འོན་ཀྱང་༸གོང་ས་མཆོག་གིས་དེའི་སྐོར་གསུངས་ཚར་བ་བརྟེན་གསལ་པོ་བཤད་ཀྱི་མིན་ཞེས་བཀའ་མོལ་ཁ་གསལ་མེད་པ་ཞིག་བཤད་ཡོད། དུས་དབང་ཕྱིར་འགྱང་སྐོར་དེ་བློ་སེང་གིས་བཟོས་པ་ཡིན་ཚུལ་གསུང་ཤུགས་སུ་ཐོན་པ་བརྟེན་བློ་སེང་གི་རྒྱབ་སྐྱོར་བ་ཚོ་ཁོང་ཁྲོ་ལངས་ཐག་ཆད་ནས་ག་ས་གང་དུ་རྩོད་གླེང་བྱེད་རྒྱུ་མཚམས་བཞག་གི་མེད། 

ང་ཚོས་བསམ་བློ་ཞིབ་ཚགས་ཀྱིས་གནད་དོན་འདིར་ལྟ་དགོས་ལ་ཁ་གསལ་པོ་མ་ཆགས་བར་དུ་རྩོད་གླེང་བྱེད་ཆོག འོན་ཀྱང་དུས་དབང་ཕྱིར་འགྱང་སྐོར་དེས་འོས་མི་གཉིས་ཀ་ལ་དཀའ་ངལ་ཞིག་སྤྲོད་རྒྱུ་ཡིན་པ་ཐེ་ཚོམ་མེད། བློ་སེང་གིས་དུས་དབང་ཕྱིར་འགྱང་སྐོར་དེ་ཁ་གསལ་གཏིང་གསལ་ཞིག་ལེན་འདེབས་གནང་དགོས་ཁེལ་རྒྱུ་རེད་ལ་དེ་དུས་གཅིག་བྱས་ན་བློ་སེང་གིས་ཇུས་ངན་སྤེལ་བ་ཡོད་པ་མཐོང་ཐུབ་སྲིད། སྐབས་དེ་དུས་བློ་སེང་གི་འོས་ཤོག་གྲངས་ཚད་ཆག་སྟེ་སྲིད་སྐྱོང་གི་རྐུབ་སྟེགས་དེ་ཤོར་རྒྱུ་ཐེ་ཚོམ་མི་དགོས། གལ་ཏེ་བློ་སེང་གིས་ཇུས་ངན་མིན་པར་ཁ་གསལ་ཆགས་ན་སྤེན་ཚེ་ལ་དཀའ་ངལ་འཕྲད་རྒྱུ་ནི་བཤད་ཅི་དགོས། སྤེན་ཚེས་ཟླ་ཚེས་དང་བཅས་པ་ཤེས་ཀྱི་ཡོད་ཅེས་བཤད་པ་དེ་བརྙན་རིས་ཐོག་ཡོད་པས་ཁོང་གིས་བཤད་མེད་ཟེར་ས་ལྷག་མེད་ལ། དེ་དུས་སྤེན་ཚེས་དགོངས་དག་ཞུ་དགོས་ཁེལ་རྒྱུ་རེད། ད་དུང་༸གོང་ས་མཆོག་གི་ཞལ་གསུང་རྫུན་དུ་བསྒྱུར་བའི་ནག་ཉེས་ཆེན་པོ་ཁུར་དགོས་རྒྱུ་ནི་སྨོས་མེད་རེད། 


ད་རེས་དུས་དབང་ཕྱིར་འགྱང་གི་སྐོར་དེ་ཁ་གསལ་ཆགས་ན་འོས་མི་གཉིས་པོ་འོས་གྲངས་ཀྱི་ཆད་པ་འགྲོ་རྒྱུ་ཙམ་མིན་པར་སྲིད་སྐྱོང་རྐུབ་སྟེགས་ཐོབ་ཤོར་ཡོང་བའི་གནད་དོན་ཆེན་པོ་ཞིག་ཆགས་རྒྱུ་རེད། ཕྱོགས་གཉིས་ཀྱིས་རྒྱབ་སྐྱོར་བ་ཚོས་རང་གི་འོས་མི་དེ་སྲིད་སྐྱོང་གི་འོས་ཤོག་ཐོབ་ཐབས་སུ་ཚ་འདྲི་གཏོང་དགོས་ལ་གསར་ཁང་ཁག་གི་གནད་དོན་འདི་གསལ་པོ་ཡོང་ཐབས་སུ་འོས་མི་གཉིས་པོ་བཙུར་ཏེ་ཁ་གསལ་ཆགས་པར་བྱེད་དགོས། སྐབས་དེ་དུས་སྤྱི་ཚོགས་སུ་སུ་ལ་རྒྱབ་སྐྱོར་དགོས་པའི་བསམ་ཚུལ་གསར་པ་ཞིག་ཡོང་ངེས་ལ་གནད་དོན་འདིས་འོས་མི་གཉིས་པོའི་ཐོབ་ཤོར་གྱི་ལེའུ་གསར་པ་ཞིག་སྒོ་ཕྱེ་རྒྱུ་རེད།
Powered by Blogger.