སྲིད་སྐྱོང་བློ་བཟང་སེངྒེ་ལ་ས་གནས་ཡོངས་ནས་འོས་ཐོབ་ཐབས་བྱེད་དགོས།


ད་ལན་སྲིད་སྐྱོང་སྔོན་འགྲོའི་འོས་བསྡུའི་སྐབས་ཀྱི་མཁས་དབང་བློ་བཟང་སེངྒེ་ལ་ཐོབ་པའི་རྒྱལ་ཁ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཆགས་ཡོད་ཅིང་ཕྱི་ལོ་2011ལོའི་སྔོན་འགྲོའི་འོས་བསྡུ་དང་བསྡུར་ན་རྒྱ་ཆ་26འཕར་ཡོད།

ཕྱི་ལོ2011ལོའི་སྔོན་འགྲོའི་འོས་གྲངས་ལས་མཁས་དབང་བློ་བཟང་སེངྒེ་ལ་འོས་ཤོག་22489དང་སྐུ་ངོ་བཀྲས་མཐོང་ལ་འོས་ཤོག་12319ཐོབ་ཡོད་པས་འདི་དང་ལ་ལན་གྱི་འོས་གྲངས་བསྡུར་ན་མཁས་དབང་བློ་བཟང་སེངྒེ་ལ་བརྒྱ་ཆ26དང་འོས་གྲངས་8019འཕར་ཡོད། སྐུ་ངོ་སྤེན་པ་ཚེ་རིང་ལ་སྐུ་ངོ་བཀྲས་མཐོང་གི་སྔོན་འོས་འགྲོའི་འོས་ཐོབ་དང་བསྡུར་ན་བརྒྱ་ཆ་13མར་ཆགས་ཡོད་ཅིང་འོས་གྲངས་1586ཉུང་བ་ཆགས་ཡོད།

བློ་བཟང་དབང་རྒྱལ་གྱིས་གཉེར་བའི་Www.tibetsun.comདྲ་གནས་ཐོག་ཏུ་འཁོད་པ་གཞི་བཟུང་བྱེད་ན། འོས་འཕེན་ས་གནས་71ལས་མཁས་དབང་བློ་བཟང་སེངྒེ་ལ་ས་གནས་67ནས་འོས་ཐོབ། སྐུ་ངོ་སྤེན་པ་ཚེ་རིང་ལ་ས་གནས་3དང་བཀྲ་ཤིས་དབང་འདུས་ལ་ས་གནས1གཅིག་ནས་འོས་ཐོབ་ཡོད། 

ཨེ་ཤེ་ཡ་རྒྱལ་ཁབ་4དང་ཡུ་རོབ་ཀྱི་རྒྱལ་ཁབ་7བྱང་ཨ་མི་རི་ཀ་ནས་རྒྱལ་ཁབ་2་ཁྱོན་འཛམ་གླིང་གི་རྒྱལ་ཁབ་13ནས་མཁས་དབང་བློ་བཟང་སེངྒེ་ལ་གྲངས་མང་གི་འོས་ཤོག་ཐོབ་ཡོད། འོན་ཀྱང་ས་གནས་ཁག་བཞི་ནས་མཁས་དབང་བློ་བཟང་སེངྒེ་ལ་འོས་ཤོག་ཐོབ་མེད། ས་གནས་བཞི་པོ་དེ་ནི། ཨ་རི་རྒྱལ་ས་ཝ་ཤིང་ཊོན་ནས་སྐུ་ངོ་སྤེན་པ་ཚེ་རིང་ལ་འོས་ཤོག་3དང་། རྒྱ་གར་གྱི་ས་གནས་ཏཱ་ར་ན་གྷ་Tara nagarནས་འོས་ཤོག10 གངས་ཅན་སྐྱིད་གཤོངས་ནས་19་མཐོ་བ་ཡོད། བཀྲ་ཤིས་དབང་འདུས་ལ་རྒྱ་གར་གྱི་ས་གནས་དྷོ་ལ་ཇིDholaji ནས་འོས་གྲངས་60མཐོ་བ་ཆགས་ཡོད། གྲངས་ཚད་འདི་ཚོ་ཧ་ཅང་ཉུང་ཉུང་ཡིན་རུང་ཆབ་སྲིད་ཐད་ནས་བཤད་ན་ས་གནས་དེ་ཚོ་ནས་འོས་ཤོག་ཤོར་བ་རང་དུ་བརྩི་དགོས་སྟབས་མཁས་དབང་བློ་བཟང་སེངྒེའི་རྒྱབ་སྐྱོར་བ་ཚོས་ཆེས་དོ་སྣང་བྱེད་དགོས་ས་ཞིག་ཡིན།

འབྱུང་འགྱུར་ས་གནས་བཞི་པོ་ནས་ངེས་པར་མཁས་དབང་བློ་བཟང་སེངྒེ་ལ་འོས་ཤོག་ཐོབ་ཐབས་དང་དེ་མིན་གྱི་ས་གནས་གཞན་ཁག་ནས་འོས་འཕར་ཐབས་ཇི་དགོས་ཐབས་བརྒྱ་ཇུས་སྟོང་གིས་ལས་དོན་སྒྲུབ་དགོས། འོས་ཤོར་ས་གནས་བཞི་པོ་ནས་འོས་ཤོག་ཤོར་བའི་གནད་དོན་ལ་ཞིབ་འཇུག་དང་འབྲེལ་ཐབས་ཇུས་གསར་པ་བཀོལ་ཏེ་འོས་ཤོག་ཐོབ་པར་བྱེད་དགོས། འོན་ཀྱང་བྱེད་ཐབས་ངན་པ་དང་ཚུལ་མཐུན་མིན་པའི་གཡོ་ཐབས་ཀྱི་ལས་འགུལ་ཕྲ་མོ་ཙམ་ཡང་མི་སྤེལ་བར་ཁྲིམས་མཐུན་ལུགས་མཐུན་དང་ཡ་རབས་བཟང་སྤྱོད་དང་གཏན་ནས་མི་འགལ་བའི་ལས་དོན་སྣ་ཚོགས་སྤེལ་རྒྱུར་ཤུགས་སྣོན་བརྒྱག་དགོས། 

ལས་འགུལ་སྤེལ་སྟངས་ཐད་རྩ་བའི་དོན་ཚན་གསུམ་ཚང་དགོས་པ་ནི་ཁྲིམས་མཐུན་ཡིན་པ། ཀུན་སྤྱོད་དང་མཐུན་པ། དྲང་བཞག་ཡིན་པ་བཅས་ངེས་པར་དགོས་ལ། ལག་བསྟར་བྱེད་དུས་སྤྱི་ཚོགས་སུ་བག་ཆགས་ངན་པ་ཐེབས་ཉན་དང་སྤྱི་ཚོགས་འགལ་ཟླ་བཟོ་ཉན། མཁས་དབང་བློ་བཟང་སེངྒེ་ལ་དོན་མེད་ཀྱི་རྙོག་གླེང་འབབ་རྒྱུ་རིགས་ལ་གཟབ་གཟབ་ངེས་པར་བྱེད་དགོས་ཤིང་། སྐད་འཕྲིན་ཚོགས་པ་སོགས་འཛུགས་ནའང་འོས་མི་གཞན་ལ་སྐྱོན་འཛུགས་དང་དམའ་འབེབས། ཧ་ཅང་ཐ་ཤལ་ཅན་གྱི་སྐད་ཆ་རིགས་གཏན་ནས་གསུང་མི་རུང་། མ་གཞི་མི་སུ་ཡིན་རུང་དབུ་ཁྲིད་ཀྱི་སྐྱོན་ཚང་ཐེར་འདོན་ནི་བྱེད་ཆོག་ཆོག་ཅིག་ཡིན་རུང་མཁས་དབང་བློ་བཟང་སེངྒེའི་རྒྱབ་སྐྱོར་ཚོགས་པའི་མིང་ཐོག་ནས་གཞན་ལ་ལས་ངན་རིགས་གནང་ན་འོས་མི་ལ་གནོད་ཚབས་འབྱུང་སྲིད་པ་ཡིན། ཉེ་སྔོན་ཨ་རི་ནས་སྲིད་སྐྱོང་རྒྱབ་སྐྱོར་ཆེད་སྐད་འཕྲིན་ཚོགས་པ་འཛུགས་ཏེ་ཁྱེད་མཁས་དབང་བློ་བཟང་སེངྒེ་ལ་དགའ་གུས་ཡོད་ན་དངོས་གཞི་སྐབས་ཁོང་ལ་འོས་འཕེན། འོས་འཕེན་ཆེད་རང་དབང་ལག་དེབ་ཀྱི་དཔྱ་དངུལ་སྤྲོད་པ་སོང་ཞེས་འབོད་སྐུལ་འདི་རིགས་ནི་ཧ་ཅང་ཡག་པོ་ཞིག་མཐོང་སོང་། གཅིག་ནས་འོས་འཕེན་གྱི་ཆ་ཤས་ལེན་མཁན་མང་དུ་འགྲོ་རྒྱུ་དང་གཉིས་སུ་དཔྱ་དངུལ་འབུལ་མཁན་ཇེ་མང་དུ་སོང་ནས་ནུབ་ཕྱོགས་རྒྱབ་ཁབ་ཁག་ཏུ་དཔྱ་དངུལ་མི་སྤྲོད་མཁན་ཡོད་འདུག་པ་དག་ལ་ཤུགས་རྐྱེན་བཟོ་ཐུབ་པའི་དགེ་མཚན་ཆེ།

ད་སྐབས་དྲ་ལམ་དུ་འགྲོ་བཞིན་པའི་སྲིད་སྐྱོང་གི་ཐུག་འཕྲད་ཆེན་མོ་བཅུ་གསུམ་དང་། ཆེ་མཐོང་ཆེ་མོ་བཅུ་གསུམ། བྱ་དགའ་ཆེན་མོ་བཅུ་གསུམ་ཟེར་བ་དེ་དག་འདྲ་བར་ལེགས་ཆ་དག་ཡིག་ཐོག་ཙམ་མིན་པར་བརྙན་རིས་སྤུས་ལེགས་སྒྲིག་སྦྱོར། བརྙན་ཐུང་སྟབས་བདེ་བཟོས་ཏེ་བརྒྱུད་འགོད་ལས་སླ་པོའི་ཐོག་ནས་ངོ་དེབ་དང་སྐད་འཕྲིན་དུ་སྤེལ་བ། ལག་རྩལ་ཚད་ལྡན་གྱིས་པར་རིས་སྒྲིག་སྦྱོར་གྱིས་གཞོན་སྐྱེས་ཚོའི་ཡིད་དབང་འགུག་ཐུབ་པའི་འཕྲེད་དར་དང་པར་རིས་ཇུས་འགོད་སྣ་མང་སྤེལ་ཐུབ་དགོས། གླུ་གཞས་གཏོང་མཁན་སོགས་སྒྱུ་རྩལ་བའི་རིགས་ཀྱི་མི་སྣ་བསྡུས་ཏེ་སྲིད་སྐྱོང་རྒྱབ་སྐྱོར་ཚོགས་པའི་གླུ་གཞས་དགོང་ཚོགས་འཚོགས་པ་དང་། དགོང་ཚོགས་སུ་སྲིད་སྐྱོང་གི་ཆེ་བ་དང་གྲུབ་འབྲས་བརྗོད་ཐུབ་པའི་གཏམ་བཤད་སྤེལ་མཁས་མི་སྣ་ཆེད་འགུག་གིས་མང་ཚོགས་ལ་ཁྱབ་བསྒྲགས་འགྲོ་ངེས་དང་ཐབས་མཁས་པོའི་ལམ་ནས་རྒྱབ་སྐྱོར་ཐོབ་ཐབས་བྱེད་དགོས་པ་ཡིན།

ལྷག་པར་དུ་གཞིས་བཞུགས་བོད་མི་ཚོས་མཁས་དབང་བློ་སེངྒེ་ལ་དགའ་ཞེན་དང་ཡིད་ཆེས། རེ་བ་མཚོན་པའི་གླུ་གཞས། གློག་བརྙན། རྩོམ་ཡིག ཁྱིམ་དང་མཛད་སྒོ་སྤེལ་ཡུལ་རིགས་སུ་སྲིད་སྐྱོང་སྐུ་པར་བཤམ་སྟོན་དང་། བྱ་དགའ་དང་ལག་རྟགས་སོགས་སུ་སྲིད་སྐྱོང་སྐུ་པར་སྤྲོད་པ། ཡང་ན་སྲིད་སྐྱོང་སྐུ་པར་ཁ་པར་རིགས་སུ་ཉར་ཚགས་བྱེད་པ་སོགས་ཕྱོགས་བསྡུས་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ། འོན་ཀྱང་འདི་དག་གིས་གཞིས་བཞུགས་མི་སྣ་སྒེར་ལ་གནོད་འཚེ་དང་ནག་ཉེས་རིགས་མི་ཕོག་པར་བྱེད་དགོས་པའང་བརྗེད་མི་ཉན།

སྲིད་སྐྱོང་སྐུ་ཉིད་ནས་ཀྱང་སྔ་བཞིན་བདེན་པ་བདེ་བཏུགས་དང་བློ་ཐག་ཆོད་པོ། སྤོབས་པ་དང་ཁོངས་རྒྱ་ཆེན་པོས་སྐྱོན་བརྗོད་ཉན་ཐུབ་པ་དང་དེ་མཚུངས་ལན་འདེབས་ནན་པོ་གནང་ཐུབ་པ་དགོས། དེ་བཞིན་མི་མང་ཚོས་ཧ་ཅང་ཡིད་སྨོན་དང་དགའ་པོ་ཡང་ཡང་བྱེད་གཞི་ནི་སྐུ་ཉིད་ཀྱིས་ནམ་ཡང་དེ་སྔ་དང་ད་ལོའི་འོས་བསྡུ་སྐབས་འོས་མི་གཞན་ལ་ཟུར་ཟ་དང་སྐྱོན་འཛུགས། ཉེས་ཁག་དཀྲི་བ། མི་འདོད་པའི་ཁོང་ཁྲོའི་གཏམ་སྨྲ་བ་སོགས་མི་ཐབས་སྡུག་དེ་ཚོའི་བྱེད་སྟངས་ཟུར་ཙམ་ཡང་བསྟན་མྱོང་མེད་པ་འདི་ཡིན་ལ། ང་དང་འདྲ་བའི་གཞོན་སྐྱེས་མང་པོས་སྐུ་ཉིད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་རྒྱུ་མཚན་ཡང་འདི་དག་ལ་ཐུག་ཡོད། སྐུ་ཉིད་ལ་དེ་བཞིན་རྒྱ་གར་གསར་འགོད་པ་ཞིག་གིས་སྲིད་སྐྱོང་གི་འོས་མི་གཞན་གསུམ་ལ་ལྟ་ཚུལ་གང་འདྲ་ཡོད་མེད་དྲིས་དུས། སྐུ་ཉིད་ཀྱིས་སྲིད་སྐྱོང་ལ་འགན་ཤིན་ཏུ་ཆེན་པོ་ཡོད་པས། སུ་ཞིག་སྲིད་སྐྱོང་གི་འོས་མིར་ལངས་འདོད་ཡོད་ན་དེ་དག་ལ་འགན་ཤིན་ཏུ་ཆེན་པོ་ཡོད་པས། བོད་མི་ཚང་མས་ཁོང་ཚོར་གུས་པ་དང་རྗེས་སུ་ཡི་རངས་བྱེད་དགོས་ངེས་དང། ང་རང་གིས་ཀྱང་དེ་ལྟར་བྱེད་ཀྱི་ཡོད་པ་མ་ཟད། ཁོང་གསུམ་ལ་འོས་བསྡུའི་གྲུབ་འབྲས་ཡག་པོ་དང་གཟུགས་གཞི་བདེ་པོ་ཡོང་བའི་སྨོན་འདུན་ཡོད་ཅེས་ལན་འདེབས་གནང་བ་མཐོང་དུས་མིག་ཆུ་འཆོར་བའང་རང་དབང་མི་འདུག་ཅེས་སློབ་ཆེན་སློབ་མ་ཞིག་གིས་ཉེ་ཆར་སྐད་འཕྲིན་ཚོགས་པ་ཞིག་ལ་བཤད་སོང་། ང་རང་ཚུད་པའི་མི་མང་པོས་སྐུ་ཉིད་ལ་གུ་ཡངས་དང་ཡ་རབས་བཟང་སྤྱོད་ཀྱི་མི་གཞི་ཅི་འདྲའི་ཡག་པོ་རེ་འདུག་ཨང་བསམས་ནས་དགའ་བ་རེ་སྐྱེ་བཞིན་ཡོད་ལ། དབུ་ཁྲིད་ཅིག་ལ་དགོས་ངེས་ཀྱི་ཆ་རྐྱེན་ཡོངས་སུ་འཛོམས་འདུག་བསམས་ནས་རང་གི་འོས་ཤོག་གཅིག་པོ་དེ་སྐུ་ཉིད་ལ་འཕེན་རྒྱུ་གྲ་སྒྲིག་ཨང་གསར་ཡིན།