Skip to main content

དེ་རིང་ངའི་སྐྱེས་སྐར་རེད་འདུག།


2016-11-10

དྲ་གྲོགས་ཚོས་དྲན་གསོ་གནང་དུས་མ་གཏོགས་དེ་རིང་རང་ཉིད་ཀྱི་སྐྱེས་སྐར་ཡིན་པའང་བརྗེད་འདུག ཁག་ཅི་ཡོད་དེ། ད་བར་རང་ཉིད་ཀྱི་སྐྱེས་སྐར་ལ་རོལ་མྱོང་མེད་པ་མ་ཟད་ཕ་མ་ཚོས་ཀྱང་ཁྱེད་ཀྱི་སྐྱེས་སྐར་ལ་འཚམས་འདྲི་ཡོད་ཅེས་པ་ཞིག་ད་བར་གོ་མྱོང་མེད། འོན་ཀྱང་ངོ་དེབ་བཟོས་པའི་དུས་ཡུན་ནང་དུ་དྲ་གྲོགས་ཚོས་ལོ་རྟག་པར་སྐྱེས་སྐར་བཀྲ་ཤིས་བདེ་ལེགས་ཞེས་འཚམས་འདྲི་གནང་ཡོང་གི་འདུག སྐབས་རེར་དེ་རིང་དང་འདྲ་བར་མིས་དྲན་གསོ་གནང་དུས་མ་གཏོགས་རང་ཉིད་ཀྱི་སྐྱེས་སྐར་ཡིན་པའང་བརྗེད་འགྲོ་ཡི་འདུག སྐྱེས་སྐར་བཏང་མྱོང་ཡོད་མེད་ལ་མ་བལྟས་པར་དྲ་གྲོགས་སྟོང་ཕྲག་ལྷག་གིས་འཚམས་འདྲི་སྐུར་ཡོང་སྐབས་དུས་སེམས་སུ་དགའ་སྣང་དང་གྲོགས་པའི་བར་དུ་མི་མངོན་པའི་མཛའ་བརྩེ་རེའང་ཡོད་པའི་ཚོར་སྣང་ཞིག་ངང་གིས་སླེབས་ཏེ་དྲ་གྲོགས་ཞེས་པ་ཉེ་ཁོར་གྲོགས་པོ་དག་དང་གཅིག་མཚུངས་བཞིན་རང་ཉིད་ལ་དགོས་མཁོ་ཅན་ཞིག་འདུག་ཨང་སྙམ་པའི་དྲན་གསོ་ཐེབས་ཀྱི་འདུག

རང་ཉིད་ནས་ཀྱང་དྲ་གྲོགས་ཚོའི་སྐྱེས་སྐར་ལ་འཚམས་འདྲི་གང་ཐུབ་བྱེད་ཀྱི་ཡོད། ངོ་དེབ་ནང་གི་སྐྱེས་སྐར་དེ་ཚོ་དངོས་ཡོད་ཡིན་མིན་ལ་བལྟས་པར་གྲོགས་པའི་མཛའ་བརྩེ་མཚོན་སླད་'སྐྱེས་སྐར་བཀྲ་ཤིས་བདེ་ལེགས་'ཞེས་མི་མང་པོར་བཏང་མྱོང་། མི་ཕན་ཚུན་དབར་མཛའ་བརྩེ་དང་། འཚམས་འདྲི། དགའ་སྐྱོ་སྡུག་གསུམ་གང་འཕྲད་ལ་སེམས་ཁུར་དང་སྨོན་ལམ་འདེབས་རྒྱུ་ནི་དངོས་སུ་རོགས་རམ་བྱེད་པའི་ཆ་རྐྱེན་མ་འཛོམས་རུང་གནང་ཐུབ་པ་ཞིག་ཡིན་པས་ང་དང་ཁྱེད། ཁོ་དང་ཁོ་མོ་སུ་ཞིག་ཡིན་རུང་བསྐྱུར་འཇོག་བྱེད་མི་རུང་སྙམ།

____སྲོང་བཙན་གྱིས་དྲ་གྲོགས་ཀུན་ལ་སྟབས་གཅིག་ཏུ་ཕུལ།