ཆེན་དང་ཆེ་ཇི་ལྟར་འབྲི་དགོས།
བོད་སྐད་ཡིག་གི་མིང་ཚིག་འབྲི་ལུགས་རེ་འགའ་ཅུང་མགོ་རྙོག་པོ་དང་། སྟབས་བདེ་མིན་པར་ཡོད་ཅིང་དེ་དག་ཇི་ལྟར་འབྲི་དགོས་པའི་དཔྱད་རྩོམ་རེ་ད་བར་མ་མཐོང་ལ་འོན་ཀྱང་རང་ཉིད་ཐེ་བའི་མི་མང་པོ་ལ་ཉིན་རྒྱུན་དཀའ་ངལ་འཕྲད་ས་ཞིག་ཡིན་སྟབས་ཁོ་བོོས་འདིའི་ཐད་དཔྱད་ཞིབ་མི་ཉུང་བ་ཞིག་ལ་ཞིབ་འཇུག་བྱས་ཏེ་ལས་སླ་པོའི་ཐོག་ནས་འབྲི་ཐབས་ཤིག་སྟོན་ཁུལ་བྱས་ཡོད།
ཚིག་མཛོད་ཁག་ཏུ་ཆེན་པོའི་དོན་བཤད་དུས། ཆུང་བའི་ལྡོག་ཕྱོགས་སྤྱིར་བཏང་ཞེས་བྲིས་ཡོད་ཅིང་། རིགས་མཐུན་གཞན་ལས་ཆེ་བ། བོངས་ཚོད་དང་རྒྱ་ཁྱོན་སོགས་གཞན་ལས་ཆེ་བའི་དོན་ཡང་བྲིས་འདུག མཚན་གཞི་ལ། ལམ་ཆེན་པོ། ཆུ་ཆེན། ལམ་ཆེན། སོགས་དང་། ཡང་ལོ་ཚོད་མཐོ་བ་ལ་འཇུག་པ། དགུང་ལོ་ཆེན་པོ་དང་། ལོ་ཆེན་པོ། ངའི་ཨ་མ་ལོ་ཆེན་པོ་ཡིན། ལྟ་བུ། གོ་གནས་དང་དབང་ཆ་ཆེ་བའི་དོན་ལ་འཇུག་པ། བླ་མ་ཆེན་པོ། དཔོན་པོ་ཆེན་པོ། ལྟ་བུ་ཡིན།
ཆེན་པོ་ཟེར་དུས་ཆེ་ཆུང་གཉིས་གཤིབ་ནས་གང་ཞིག་ཆེ་བ་དེ་ངོས་འཛིན་པ་ཞིག་མིན་པར་སྤྱིར་བཏང་ནས་ཆེ་བའི་རིགས་ལ་གོ་དགོས་པ་འདུག དཔེར་ན། ས་ཆ་ཞིག་ལ་ཤིང་སྡོང་ཆེན་པོ་གཅིག་བུ་ཞིག་ཡོད་ཚེ་དེ་ལ་ཤིང་སྡོང་ཆེན་པོ་ཞེས་ལབ་ཆོག་པ་ཡིན། དེ་ནི་སྤྱིར་ཆེན་པོའི་རིགས་སུ་བཏོགས་པའི་རྒྱུ་མཚན་གྱིས་ཡིན། འོན་ཀྱང་དེ་ལ་ཤིང་སྡོང་ཆེ་བ་ཞེས་ནི་མི་ཟེར་ཏེ། གལ་སྲིད་དེ་བཞིན་ལབ་ན་ས་ཆ་དེར་ཤིང་སྡོང་ཆེ་ཆུང་གཉིས་སམ་དུ་མ་ཡོད་པའི་གྲས་ནས་ཆེ་བ་ངོས་འཛིན་པ་ཞིག་ཆགས་འགྲོ་བ་ཡིན། དེ་བཞིན་བུ་ཆེ་བ་དེ། ཁང་པ་ཆེ་བ། ལམ་ཆེ་བ། སོགས་ནི་ཆེ་ཆུང་གཉིས་བསྡུར་ནས་ཆེ་བ་ངོས་འཛིན་པ་ཞིག་དང་། གལ་སྲིད་བུ་གཅིག་ལས་མེད་པ་ཞིག་ཡིིན་ན་བུ་ཆེ་བ་ཞེས་མི་ཟེར། དེ་མཚུངས་ཆེ་ཤོས་ཞེས་པའང་ན་ཡིག་མེད་པ་དེ་འབྲི་དགོས།
ཆེན་པོ་ཚིག་བསྡུ་བྱེད་པ། དཔེར་ན། ལམ་ཆེན།-ལམ་ཆེན་པོ། གལ་ཆེན།-གལ་ཆེན་པོ། འགངས་ཆེན།-འགངས་ཆེན་པོ། རླབས་ཆེན།-རླབས་ཆེན་པོ། པཎ་ཆེན།-པཎ་གྲུབ་ཏ་ཆེན་པོ། སྒྲ་ཆེན།-སྒྲ་ཆེན་པོ། བསྐལ་ཆེན།-བསྐལ་བ་ཆེན་པོ། མཁས་ཆེན།-མཁས་པ་ཆེན་པོ། ས་ཆ་ཧ་ཅང་རྒྱ་ཆེན་པོ་འདུག་ཅེས་པ་ཚིག་བསྡུ་བྱེད་དགོས་ཚེ། ས་ཆ་ཧ་ཅང་རྒྱ་ཆེན་འདུག་ཅེས་འབྲི་ཆོག་པ་ཡིན།
ཆེ་བའི་ཚིག་བསྡུ། ལམ་ཆེ།-ལམ་ཆེ་བ། གལ་ཆེ།-གལ་ཆེ་བ། འགངས་ཆེ།-འགངས་ཆེ་བ། རླབས་ཆེ།-རླབས་ཆེ་བ། སྒྲ་ཆེ།-སྒྲ་ཆེ་བ། བསྐལ་ཆེ།-བསྐལ་པ་ཆེ་བ། རྒྱ་ཆེ།-རྒྱ་ཆེ་བ། གནད་དོན་འདི་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཞེས་པ་ཚིག་བསྡུ་བྱེད་ན། གནད་དོན་འདི་ནི་ཧ་ཅང་གལ་ཆེ་ཡིན་ཞེས་འབྲི་དགོས། རང་གིས་འབྲི་བ་ཙམ་མིན་པར་གཞན་གྱིས་བྲིས་པ་གོ་བ་ལེན་དུས་ཀྱང་གཅིག་མཚུངས་ཡིན། གལ་ཏེ་ཁྱེད་ཀྱིས་ཚིག་བསྡུ་འདི་དག་ཤེས་པར་བྱོས་དང་དུས་རྒྱུན་ཆེན་དང་ཆེ་གཉིས་ཇི་ལྟར་བེད་སྤྱོད་བྱེད་དགོས་མིན་ལེགས་པར་ཁོང་དུ་ཆུད་ཐུབ།
འདི་ནས་བཤད་དགོས་པ་ཞིག་ལ་ཆེན་མོ་ཞེས་པ་འདི་ཇི་ལྟར་འབྲི་དགོས་པའི་སྐོར་གྱི་དཔྱད་གཞི་ཞིག་མ་རྙེད་ལ། ཚིག་མཛོད་དུ། ཆེན་པོ་དང་དོན་འདྲ་ཞིང་གཙོ་བོར་ཆེད་དུ་བཏགས་པའི་མིང་མཐར་སྦྱོར་བ་ཞེས་འཁོད་འདུག། ལམ་རིམ་ཆེན་མོ། སློབ་གྲྭ་ཆེན་མོ། ནང་བསྟན་སློབ་གཉེར་ཁང་ཆེན་མོ། རྒྱུགས་སྤྲོད་ཆེན་མོ། ཚིག་མཛོད་ཆེན་མོ། སོགས་བེད་སྤྱོད་དང་ལག་ལེན་བྱེད་མུས་ཡིན། ངས་བསམ་ན་ནང་དོན་རྒྱ་ཆེ་ཆུང་སོགས་ཀྱི་དབང་ལས་ཆེན་མོ་ཞིག་བཏགས་ཀྱི་འདུག་སྙམ་སྟེ། སློབ་གྲྭ་ཆེན་པོ་ལབ་དུས་ཕྱིའི་བཀོད་པ་སོགས་རྒྱ་ཆེ་ཆུང་བཤད་པ་དང་། སློབ་གྲྭ་ཆེན་མོ་ཟེར་དུས་ཕྱིའི་བཀོད་པ་སོགས་མིན་པར་ནང་གི་སློབ་ཚན་དང་གནས་རིམ་སོགས་སློབ་ཆུང་དང་སློབ་འབྲིང་དག་ལས་ཆེ་བའི་རྒྱུ་མཚན་གྱིས་ཡིན། དེ་བཞིན་མདུན་རེ་རྒྱུགས་སྤྲོད་རེ་བཏང་བ་ལ་རྒྱུགས་སྤྲོད་དང་ལོ་འཁོར་རྒྱུགས་སྤྲོད་ལ་རྒྱུགས་སྤྲོད་ཆེན་མོ་ལྟ་བུ་ནང་དོན་གྱི་ཆ་ནས་ཆེན་མོ་འབྲི་མིན་ཐད་ལག་ལེན་དང་བེད་སྤྱོད་གཏོང་བཞིན་འདུག་སྙམ་པའོ།།
ཕྱི་ལོ་2016ལོ་འགོ་བྲིས་ཤིང་ཟླ་6-29ལ་བསྐྱར་བཅོས་དང་ཁ་གསབ་བྱས།