སེར་བྱེས་མཁན་རབས་དོན་དྲུག་པ་རྗེ་བཙུན་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་རགས་བསྡུས།
སེར་བྱེས་མཁན་རབས་དོན་དྲུག་པ་རྗེ་བཙུན་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་རགས་བསྡུས།
སེར་བྱེས་ཏྲེ་ཧོར་རྗེ་བཙུན་དགེ་འདུན་ཆོས་འཕེལ་མཆོག་ནི་ཕྱི་ལོ་1941ལོར་ཏྲེ་ཧོར་དཀར་མཛེས་གྲོང་ཁྱེར་གྱི་ཉེ་འདབས་སུ་ཆགས་པའི་སུ་ངོ་ཞེས་པའི་གྲོོང་ཚོ་ཞིག་ཏུ་ཡབ་ཨ་དགའ་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་ལོན་པ་ན་དཀར་མཛེས་དགོན་དུ་ཆོས་བཞུགས་གནང་ཞིང་དགོན་དུ་ལོ་ཤས་བཞུགས་རྗེས་གྲྭ་སར་ཕེབས། ཕྱི་ལོ་1955ལོར་གདན་ས་ཆེན་པོ་སེ་ར་དགོན་དུ་ཕེབས་གནང་གིས་བྱེས་མཁས་སྙན་གྲྭ་ཚང་དུ་གསར་ཞུགས་བྱས་ཏེ་རྒན་བསྟན་པ་ཉིི་མ་ཁག་ཐེག་དགེ་རྒན་དུ་བསྟེན་པར་གནང་། སྦས་པའི་རྣམ་འབྱོར་པ་ཆེན་པོ་རྒན་བློ་དགའ་མཆོག་དང་བྱེས་མཁས་སྙན་གྲྭ་ཚང་གི་མཁས་པའི་གཙུག་རྒྱན་རྒན་རིན་པོ་ཆེ་དགེ་བཤེས་བློ་བཟང་དབང་ཕྱུག་(སེར་བྱེས་མཁན་རབས་རེ་དྲུག་པ)ཅེས་གྲགས་པའི་སྙན་པ་ས་སྟེང་དུ་ཁྱབ་པའི་དམ་པ་གང་དེའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་འགོ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་ཁག་ལེགས་གཟིགས་གནང། དུས་འགྱུར་སྐབས་སྦག་ས་ཆོས་སྒ་དང་བྱེས་ཀྱི་སེ་ར་དགོན་དུ་རིམ་བཞིན་སློབ་གཉེར་འཕྲོ་སྐྱོང་གནང་།
ང་རང་གསར་བཞུགས་བྱས་ཏེ་ཐོག་མའི་དཔེ་ཁྲིད་ཞུས་པ་ནས་ད་བར་རྒན་ཁོང་གི་མདུན་དུ་དཔེ་ཁྲིད་དང་འཆད་ཁྲིད་དབང་གནང་ལུང་མན་ངག་སོགས་ཞུ་སྐལ་ཐོབ་ཅིང་། རྒན་ཁོང་གི་སྐུ་ཡོན་དང་དགོངས་པ་བཞེས་ཕྱོགས་སོགས་མི་ཉུང་བ་ཞིག་མཐོང་ཐོས་བྱུང་་ཡོད། དུས་རྒྱུན་གདན་སའི་གསར་བུ་བ་ཚོ་ལ་དཔེ་ཁྲིད་གནང་དུས་ཉིན་ཡ་ལ་དཔེ་ཁྲིད་དང་ཉིན་ཡར་བསླབ་བྱ་གནང་གི་ཡོད་ཅིང་། དཔེ་ཆ་ཁྲིད་དུས་ཀྱང་བཤད་པ་གཅིག་པོ་མིན་པར་རྟག་ཏུ་བསླབ་བྱ་དང་འབྲེལ་ནས་གསུངས་གནང་གི་ཡོད།
རྒན་ཁོང་ཉིད་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། དམ་པ་ཚོའི་རྣམ་ཐར་སོགས་ཀློག་རྒྱུར་མཉེས་པོར་ཡོད་སྟབས་སྐབས་རེ་འདས་པའི་ལོ་རྒྱུས་ཀྱི་ཆགས་འཇིག་དང་སླད་མ་འོངས་བྱེད་འཆར་ཅི་དགོས་ཀྱང་ཁ་གསལ་གནད་ལ་ཁེལ་བའི་བཀའ་སློབ་ཡང་ཡང་གནང་གི་ཡོད། བཀའ་སློབ་དང་གསུང་བཤད་ཅི་འདྲ་ཞིག་གནང་རུང་རྙིང་ཞེན་དང་ཨུ་ཚུགས་མི་གནང་བར་ཐུགས་བབ་ཡངས་པོ་དང་གཟིགས་རྒྱ་ཆེན་པོས་དོན་དངོས་དང་མཐུན་པ་ཞེ་ཅིག་གནང་གིན་ཡོད་པས་གདན་སའི་བགྲེས་སོང་ཚོའི་གྲས་ན་དུས་དང་མཐུན་པ། གུ་ཡངས་དང་གཟིགས་རྒྱ་ཆེ་བ་དེ་ལྟ་བུ་རེ་ཨེ་ཡོད་སྙམ་པ་དྲན་མྱོང་། མཐུན་རྐྱེན་གང་འདྲ་ཞིག་འཛོམས་ནས་དེ་ལྟར་ཆགས་པ་ཡིན་མིན་ཁ་གསལ་ཞིག་མ་ཤེས་རུང་། ངས་བསམ་ཚོད་ལ་རྒན་ཁོང་དཔེ་དེབ་ཀློག་རྒྱུར་ཧ་ཅང་མཉེས་ཤིང་དཔེ་དེབ་སྣ་ཚོགས་གཟིགས་པའི་རྐྱེན་གྱིས་མིན་ནམ་སྙམ། ཐེངས་ཤིག་ལ་དགེ་ཕྲུག་ཅིག་གིས་དཔེ་དེབ་ལེགས་པོ་ཞིག་གཟིགས་འབུལ་ཆེད་རྒན་གྱི་སྐུ་ཚ་དེ་ལ་སྤྲོད་འདུག སྐུ་ཚ་དེས་དོ་ནུབ་དཔེ་དེབ་འདི་རྒན་ལ་འབུལ་རྒྱུ་མིན། དཔེ་དེབ་འདི་བཀླགས་ནས་མ་གཟིམ་པར་ཕྱི་པོར་བཞུགས་ཀྱི་རེད་ཅེས་བཤད་འདུག
ན་ནིང་ད་ལོ་གདན་སའི་སྐྱེས་ཆེན་མང་པོ་ཞིག་དགོངས་པ་གཞན་དོན་དུ་བཤེགས་ཏེ་དབང་ལུང་མན་ངག་གནང་མཁན་ཡང་དཀོན་ཙམ་གྱུར་ཡོད་སྟབས། གཞི་ནས་རྒན་ཁོང་གི་དབང་ལུང་མན་ངག་སྩོལ་རྒྱུར་ཞལ་བཞེས་གནང་བ་ལས། དེ་སྔ་ཡིན་ན་དཔེ་ཁྲིད་ཤ་སྟག་གནང་བཞིན་བཞུགས་པ་ལས་དབང་ལུང་གནང་རྒྱུ་ཞལ་བཞེས་གནང་གི་མེད། དེ་སྔར་དགེ་ཕྲུག་ཅིག་གིས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཞུ་ཆེད་གསོལ་འདེབས་ཞུས་དུས། རྒན་ཁོང་གིས་ཟམ་པ་ལྟག་ཏུ་བཞག་སྟེ་ཆུ་རག་འོག་ནས་རྒྱག་ན་མི་འགྲིག ད་ལྟ་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་སོགས་བཞུགས་མུས་ཡིན་སྟབས་ཁོང་རྣམ་པར་ཞུས་ན་ཡག་ཚུལ་གྱི་བཀའ་སློབ་ཕེབས་ནས་ཞལ་བཞེས་གནང་མི་འདུག
ཟམ་གདོང་རིན་པོ་ཆེས་སེ་རར་གསུང་ཆོས་གནང་གཏན་ཁེལ་བ་རྒན་ཁོང་གིས་གསན་རྗེས། བུམ་པ་མགོ་ཐོག་བཞག་ནས་བྱིན་རླབས་ཐོབ་མིན་མི་ཤེས། བྱིན་རླབས་ཞེས་པ་ནི་མཁས་པ་ཚོའི་ལེགས་བཤད་ཉན་ནས་བློ་སྐྱེད་ཐོབ་པ་འདི་རང་ཡིན་ཞེས་ཟམ་གདོང་རིན་པོ་ཆེའི་གསུང་ཆོས་ལ་འགྲོ་ཐུབ་ན་བློ་སྐྱེད་ཧ་ཅང་ཆེན་པོ་ཡོད་ཚུལ་གསུངས་ཏེ་རྒན་ཁོང་ཉིད་ཀྱང་གསུང་ཆོས་སུ་ཕེབས་གནང་འདུག
སྔ་ལོ་སྔ་ལོ་ཞིག་ཏུ་དགེ་སྐོས་ཤིག་གིས་རྒན་རིན་པོ་ཆེ་ལ་ཆོས་རྭའི་ནང་དུ་སློབ་གཉེར་བ་དག་ལ་བཀའ་སློབ་གནང་དགོས་ཚུལ་གྱི་བཀའ་ཕེབས་བྱུང་རྗེས། བཀའ་ནན་མ་ཆོག་པར་དགེ་འདུན་འདུས་པ་རྒྱ་མཚོ་ལ་རྒན་ཁོང་གི་དགོངས་ཚུལ་ཅི་ཡོད་གསུང་གནང་སོང་། སྐབས་དེར་ད་ཡོད་ཀྱི་གདན་སའི་དཔེ་ཁྲིད་གནང་སྟངས་འདིར་འགྱུར་བ་ཞིག་བྱུང་ན་ཡག་ཚུལ་གྱི་བཀའ་སློབ་ཕེབས་ཤིང་། རྒན་རང་ཉིད་དཔེ་ཁྲིད་དགེ་རྒན་ཞིག་ཡིན་སྟབས་ཞོགས་པ་ནས་དགོང་མོའི་བར་འཛིན་གྲྭ་ཧ་ཅང་མང་པོ་ཞིག་ལ་གཞུང་ཆ་ཚང་ཁྲིད་དགོས་དུས་དགེ་རྒན་ཚོས་ཁྲིད་བྱའི་སློབ་ཚན་ཁག་གྲ་སྒྲིག་ལེགས་པོར་བྱེད་ཁོམ་མེད་པས་སློབ་ཁྲིད་སྐབས་ཇི་བཞིན་ཁྲིད་མ་ཐུབ་པའི་སྐྱོན་གནས་འབྱུང་ཉེ་ཆེ་ཚུལ། དེ་ལས་ཕར་ཕྱིན་དང་དབུ་མ་སོགས་གཞུང་ཆེན་ཁག་ཁྱད་ལས་ལྟ་བུས་གཞུང་གཅིག་རང་ཁྲིད་ཐུབ་མཁན་ཞིག་བྱུང་ན་སློབ་མ་ཚོ་ལ་བློ་སྐྱེད་ཆེ་བ་ཡོང་ཚུལ་སོགས་ཀྱི་གལ་འགངས་ཆེ་བའི་བཀའ་སློབ་ནན་པོར་གནང་། (བཀའ་སློབ་འདི་ཡིག་ཐོག་ཕབ་བཞིན་འདུག་པས་མི་རིང་བར་དྲ་གྲོགས་ཚོས་སྤྱན་གཟིགས་གནང་ཐུབ་སྲིད།) དུས་སྐབས་དེ་འདྲ་ལ་དེ་ལྟ་བུའི་དགོངས་པ་བཞེས་ཐུབ་མཁན་ཡང་དཀོན་ཙམ་ཡིན་ལ་སྐབས་དེ་ཤད་ནས་བཟུང་རྒན་ཁོང་གིས་ཉིན་རྒྱུན་སློབ་ཚན་ཆ་ཚང་ཁྲིད་རྒྱུ་མཚམས་བཞག་ནས་གལ་ཆེའི་གཞུང་ལུགས་མང་པོ་ཞིག་ཆེད་དུ་ཟླ་ངོ་མང་པོར་དཔེ་གཟིགས་གནང་རྗེས་འཆད་ཁྲིད་བྱེད་འགོ་བཙུགས་ཡོད། ཕར་ཕྱིན་གཟིགས་མཁན་ལས་དང་པོ་བ་ཚོར་དམིགས་ཏེ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཕར་ཕྱིན་སྐབས་དང་པོ་ཆ་ཚང་། དབུ་མ་གཟིགས་མཁན་ལས་དང་པོ་བ་དག་ལ་དམིགས་ཏེ་དབུ་མའི་སྤྱི་དོན་འཆད་ཁྲིད། རྗེའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་ཁྲིད་རྒྱུ་དགོངས་བཞེས་ཀྱིས། ལྷག་མཐོང་ཆེན་མོ་ཆ་ཚང་འཆད་ཁྲིད། རྩ་ཤེར་ཊིཀ་ཆེན། དབུ་མ་དགོངས་པ་རབ་གསལ། ལེགས་བཤད་སྙིང་པོ་དབུ་མའི་སྐོར་ཆ་ཚང་འཆད་ཁྲིད་(འདི་མཇུག་མ་རྫོགས།)
སློབ་གཉེར་བ་དག་ལ་རྒྱུན་དུ་གཞུང་ཆེན་གཟིགས་དུས་རྩོད་རྒྱུ་ཞིག་དང་ལུང་འགལ་ཞིག་ག་འདུག་བལྟས་ཏེ་དཔེ་ཆ་ལྟ་བའི་གོམས་གཤིས་དེ་འཇག་མི་རུང་། གཞུང་གི་ཁོག་ལོན་པར་བྱས་ཏེ་དོན་ཇི་བཞིན་ཤེས་ཐབས་བྱེད་དགོས། གཞུང་མཁྲེགས་པོ་ཞིག་མདུན་དུ་བཞག་དུས་བཤད་ཐུབ་པ་ཞིག་ཡིན་ན་དཔེ་ཆ་ཤེས་པ་རེད་ཅེས་ཡང་ཡང་ནན་གསུང་གནང། ཚིག་གི་གོ་དོན་། དོན་གྱི་ཞིབ་ཆ། རང་གི་འཛིན་མཚམས་སོགས་ཀྱི་རྨང་གཞི་ལེགས་པོ་ཞིག་མེད་ཕྱིན་རང་ལུགས་གཏོད་སོ་མེད་པར་ཆགས་ཉེ་ཆེ་ཚུལ་དང་། ཡང་ནས་ཡང་དུ་དཔེ་ཆ་དང་འདྲིས་པར་བྱས་ན་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་རྒྱུ་ཡོད་ཅེས་གདམ་པར་མཛད།
རྒན་ཁོང་གི་སྐུ་ཚེ་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུ་དེ་ནི་གྲྭ་ས་རང་དུ་བཞུགས་ཤིང་བཞུགས་པ་ཙམ་མ་ཟད་གྲྭ་སའི་སློབ་གཉེར་བ་བརྒྱ་ཕྲག་བརྒལ་བ་གསོ་སྐྱོང་དང་གྲྭ་སའི་བསྟན་པ་ཉམས་མེད་བརྒྱུད་འཛིན་དང་དར་སྤེལ་གནང་ཡོད་པ་འདི་རང་ཡིན།
གོང་གི་རྒན་རིན་པོ་ཆེའི་རྣམ་པར་ཐར་པ་ཟུར་ཙམ་སྨྲས་འདི་ནི་ཁོ་བོའི་མཐོང་ཐོས་དབང་པོའི་མངོན་སུམ་དུ་གྱུར་པའི་གནད་ཅན་རགས་བསྡུས་ཙམ་ཡིན་གྱི་ཞིབ་ཅིང་ཕྲ་བ་ཞིག་ནི་ཁོ་བོ་ལྟ་བུ་ཞིག་གིས་བཤད་ཤེས་དང་འབྲི་ཐབས་མེད་པའི་ཚོད་དུ་ཡོད་ན། མི་སྙོབ་པ་ལ་ལག་སྙོབ་དེ་མ་བྱས་སོ།། ཆེད་དུ་བཤད་རྒྱུ་ཞིག་ལ་སྔ་སྲོལ་གྱི་རྣམ་ཐར་འབྲི་སྟངས་བཞིན་ཁ་ཡག་དང་ཚིག་ཡག་སྤུང་ཐབས་བྱས་མེད་ཅིང་། མ་མཐོང་བ་ལ་མཐོང་མདོག་དང་མ་དད་པ་ལ་དད་མདོག་དེའང་ཁོ་བོའི་གཤིས་སུ་མེད་པས་ན་གང་ཞིག་མཐོང་བ་དང་ཐོས་པ་དག་ཡི་གེར་ཕབ་པ་ཡིན་ནོ།།
སེར་བྱེས་ཏྲེ་བོ་སྲོང་བཙན་གྱིས་རྒན་རིན་པོ་ཆེའི་ཁྲི་འདོན་མཛད་སྒོ་ཉིན་རྟེན་འབྲེལ་མཚོན་སླད་དུ་སྤེལ།