རྒྱུག་ཞིབ་པའི་མྱོང་ཚོར།



འབྲོག་པ་ཁྱིས་དེད་ནས་གྲལ་མགོ་ཞེས་པའི་དཔེ་བཞིན་ཉིན་མ་འདི་དག་གི་རིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་ལེན་པ་འགྲོ་དགོས་ཐུག། ཞོགས་པ་ཆུ་ཚོད་བདུན་དང་སྐར་མ་བཅུའི་ཐོག་སོང་ཡང་། ཆོས་གྲྭ་ནང་སླེབས་དུས་འདུས་མང་དང་ངའི་རོགས་པ་རྒྱུགས་བཞེས་པ་བཞི་ཆ་ཕེབས་ཟིན་འདུག ང་ཚོ་སར་དབུ་རྙིང་གོང་མ་དང་། ཕར་ཕྱིན་འོག་མའི་འཛིན་གྲྭ་གཉིས་རེད་འདུག 
དེ་ནས་རྒྱུན་རིང་མ་འགོར་བར་རྩོད་རྒྱུགས་ཀྱི་དུས་ཚོད་རན་སོང་། སྐབས་དེར་དབུ་རྙིང་གོང་མ་ནས་དབུ་བཙུགས་ཏེ། མཚན་ཐོ་དང་པོ་ལན་རྒྱག་མཁན་བསྡད། གཉིས་པས་རྩོད་རྒྱུགས་ཀྱི་དྲི་བ་འཐེན་རྗེས་དུས་ཡུན་སྐར་མ་ལྔ་རིང་མནོ་བསམ་གཏང་ཆོག། དུས་ཚོད་ཟིན་པ་དང་སྟངས་འཛིན་པས་དྲིལ་བརྡ་གཏོང་འོང་ཞིང་། དེ་ནས་ཡར་བཞེངས་ཏེ་རྟགས་གསལ་གཏོང་དགོས། དགེ་འདུན་རེ་རྟགས་གསལ་སྐར་མ་བཅུ། ལན་སྐར་མ་བཅུ་བཅས་ཁྱོན་དུས་ཚོད་སྐར་མ་ཉི་ཤུ་ཡོད། དེའི་རིང་གཞུང་གི་ཁོག་དང་། ས་བཅད་སྒྲིག་སྟངས། རྟགས་གསལ་དངོས་གཞིའི་སྐབས་རིགས་ལམ་མྱུར་ཟབ་གསལ་གསུམ་གྱིས་ཕུ་ཐག་གཅོད་སྟངས་དང་། གནད་ལ་འཁེལ་བའི་ཐལ་ངག། ཤེས་བྱེད་ཀྱི་ལུང་། རྒྱབ་རྟེན་གྱི་ཚད་མ། གཞུང་ལུགས་ལྟ་རྒྱ་དང་མཐོང་རྒྱ་ཆེ་ལུགས་དང་། གསུང་ལན་སྟེར་མཁན་གྱིས་ཀྱང་གཞུང་གི་གོ་བ། འཛིན་མཚམས། ཞིབ་ཆ་གནང་སྟངས་སོགས་ལ་བལྟས་ནས་ཨང་གྲངས་འབུལ་དགོས།
ངས་མནོ་བསམ་ཞིབ་ཏུ་གཏོང་དུས་རྒྱུགས་སྤྲོད་སྐབས་ཀྱི་གལ་གནད་ཆེ་བ་ཞིག་ནི་རྒྱུགས་ཞིབ་པ་ཚོ་རེད། ཁོ་ཚོས་སྣང་མེད་ངང་སྨྱུ་གུ་གཡོ་འགུལ་རེ་ཐེབས་ན་མི་ཞིག་གི་མི་ཚེ་ལ་ཡང་འགྱུར་བ་གཏང་སྲིད་འདུག
 སྔོན་མར་གསར་བུ་ཞིག་གིས། ང་ཚོ་གྲྭ་ཚང་གི་རྒྱུགས་སྤྲོད་དེ་ལས་སླ་བོ་མ་རེད། གྲྭ་ཚང་གི་རྒྱུགས་སྤྲོད་ལས་ཟག་ན་ལས་ཀར་འགྲོ་དགོས་རེད། ལོ་གཅིག་ལས་ཀ་འགྲོ་ཟིན་རྗེས་དཔེ་ཆར་ལྟ་འདོད་མེད་པ་ཞིག་ཆགས་རྒྱུ་རེད། དགེ་ལུགས་རྒྱུགས་སྤྲོད་ལོ་གཅིག་མ་འཕྲད་ཀྱང་ཡང་བསྐྱར་ལོ་གཅིག་དཔེ་ཆར་ལྟ་ཆོག་རེད། ཅེས་བཤད་འདུག་སོང་། ངོ་མ་རེད། 
ང་ཚོས་ངེས་པར་དུ་ཡིད་གཟབ་གནང་དགོས་འདུག གྲྭ་ཚང་རིན་པོ་ཆེ་ནས་རྒྱུགས་སྤྲོད་ཀྱི་བྱེད་སྒོ་དང་། ཨང་ཀི་རྩེ་སོན་རྣམས་ལ་གཟེངས་བསྟོད་ཀྱི་མཛད་སྒོ་སྤེལ་བ་སོགས་མྱི་རྒྱུ་དུས་ཚོད་གསུམ་གྱིས་འགྲོ་གྲོན་དཔག་མེད་དུ་བཏང་བ་འདི་ནི་འདུས་མང་གི་བློ་རྩེ་སློབ་གཉེར་ཕྱོགས་སུ་གཏད་ཅིང་། སློབ་གཉེར་ལ་དགའ་བ་དང་དང་བ། སྤྲོ་བ་འཕེལ་བའི་ཕྱིར་དུ་མ་ཡིན་ནམ། དེ་ལྟ་བུའི་ཐབས་ཤེས་སྣ་ཚོགས་ཀྱིས་སློབ་གཉེར་བ་སྐྱེད་སྲིང་དང་བདག་སྐྱོང་བྱེད་པ་རེད། ལས་ཡིན། ང་ཚོ་འདིར་ཚོགས་པ་ཆེན་པ་ཞིག་བཙུགས་ནས་བསྡད་པའི་དགོས་དམིགས་ཀྱང་འདི་ཁོ་ནའི་ཆེད་དུ་མ་ཡིན་ནམ།
ཁ་རྒྱུན་དུ་ཡང་། གསེར་ནག་གི་མཆོད་རྟེན་བཞེངས་པ་ལས་གྲྭ་བ་གཅིག་རབ་ཏུ་བྱུང་ན་ཕན་ཡོན་ཆེ་གསུངས། རབ་ཏུ་བྱུང་བ་ལ་ཕན་ཡོན་དེ་འདྲ་ཡོད་ན། རབ་ཏུ་བྱུང་ནས་སློབ་གཉེར་གནང་བ་ལ་བཤད་ཅི་དགོས། དེས་ན་ང་ཚོས་ཀྱང་འདིར་བསྡད་ནས་སློབ་གཉེར་བ་བདག་སྐྱོང་གང་ནུས་དང་སྤུས་ཚད་གང་མཐོ་གཏང་ཐབས་བྱེད་དགོས་པ་ལས། གནས་དབྱུང་རྩ་བ་ནས་གཏང་མི་རུང་།
འོ་ན། བདག་སྐྱོང་གང་འདྲ་བྱེད་དགོས་རེད་ཅེ་ན། དང་པོ།
དཔེ་ཆ་བཟང་གྲས་རྣམས་ལ་ངེས་པར་དུ་ཨང་ཀི་མཐོན་པོ་སྤྲོད་དགོས་  སྤྱི་ཡོངས་ཀྱི་ཆ་ནས་ཀྱང་ཨང་ཀི་མཐོ་ཙམ་གནང་ན། འགའ་ཞིག་གིས་སེམས་ཤུགས་ཀྱང་འཕར་བས་མ་ཟད། ལས་ཀ་ཁེལ་བ་སོགས་ཀྱི་གོ་ཡང་བཀག་པས་སློབ་གཉེར་བ་སྲུང་སྐྱོབ་ཀྱི་རང་བཞིན་དུ་འགྱུར་ཞིང་། སློབ་གཉེར་བ་རིགས་གཅིག་རིག་པ་སྐྱོ་བས་དཔེ་ཆ་དེ་ཙམ་མ་ཤེས་ཀྱང་རང་ཉིད་དཔེ་ཆ་བའི་འདུ་ཤེས་བཟུང་ནས་ཉིན་མཚན་ཁོལ་མོ་ཡུག་ཏུ་སློབ་གཉེར་བྱེད་བཞིན་ཡོད་ཀྱང་། རྒྱུགས་སྤྲོད་སྐབས་བརྒྱ་ཆ་ཟག་ནས་ལས་ཀ་ལ་ཁེལ་བ་དང་། སེམས་ཤུགས་ཆགས་ཀྱི་ཡོད། སྔོན་མའི་ལོ་རྒྱུས་ནང་དུ་ཡང་། དུས་རྒྱུན་དཔེ་ཆ་བའི་གྲལ་དུ་འཚངས། རྒྱུགས་སྤྲོད་སྐབས་བརྒྱ་ཆ་ཟག་ནས་ལས་ཀ་ཁེལ་དུས། སློབ་གཉེར་བ་ཞིག་གིས། བློ་ཕམ་ངང་། ངས་རང་ཉིད་ཀྱིས་དཔེ་ཆ་ཤེས་ཀྱི་མེད་པ་ད་ལྟའི་བར་ཤེས་མ་སོང་ལབ་ཚུལ་ཡོད། འདི་ལྟ་བུའི་མི་ཡི་སེམས་ཤུགས་དང་བློ་སྟོབས་ཉམས་བྱེད་ཀྱི་རྒྱུ་རྐྱེན་རྩ་བ་ནས་སྒྲུབ་མི་རུང་།
སྤྱི་ཡོངས་ནས་བརྒྱ་ཆ་དམའ་སོང་ན་ལས་ཀར་ཁེལ་མཁན་མང་པོར་ཆགས་ནས་སློབ་གཉེར་བ་དང་སློབ་གཉེར་ལ་གནོད་འཚབ་ཆེ་སྙམ། ལྷག་པར་དུ་ཡང་དཔེ་ཆ་གཟིགས་ནས་ཤེས་ཀྱང་ཁ་དང་ལག་པས་ངོ་སོ་བསྟན་མ་ཐུབ་མཁན་དེ་ཚོ་ལ་བརྒྱ་ཆ་མཐོ་ཙམ་སྤྲོད་དགོས་པ་ནི་གལ་ཆེ་རེད་འདུག དེ་མེད་རྒྱུ་ན་དེ་ཚོ་ལས་ཀའི་གནས་སུ་ལྷུང་བའི་ཉེས་འགག་ཆེན་པོ་འདུག། གནད་འགག་འདི་སེལ་བ་ལ། རྒྱུགས་ཞིབ་པ་ཚོས་རི་དྭགས་སྒྲ་ལ་ཆགས་པའི་ངང་ཚུལ་གྱིས་རྟགས་གསལ་དང་ལན་ལ་ཉན་དགོས་པ་ལས་སྣང་མེད་རྩ་བ་ནས་བྱེད་མི་རུང་། དུས་ཡུན་སྐར་མ་ལྔ་རིང་བྱེད་མི་རུང་། སྣང་མེད་ཤོར་སོང་ན། ཁྱོད་ཀྱི་སྨྱུག་རྩེ་གཡོ་འགུལ་ཞིག་གིས་གྲྭ་སློབ་གཉེར་རྣལ་མ་གནང་མཁན་ཞིག་ལས་ཀའི་གནས་སུ་བསྐྱལ་ནས། རྟགས་ངན་ན་མི་ཚེ་དཔེ་ཆ་དང་བྲལ་བ་ཡང་བྱེད་སྲིད་ལ། རབ་ཏུ་བྱུང་བའི་སྡེ་ལས་ཀྱང་བྲལ་བར་བྱེད་སྲིད། དེ་འདྲ་བྱུང་སོང་ན། ཁྱོད་ཀྱི་མི་ཚེ་ནང་གི་སྡིག་ལས་ཆེ་ཤས་དེ་ཡིན། དེ་ལྟར་ཡང་མདོ་ལས། ལག་ཏུ་རལ་གྲི་གཏད་ནས་ཤན་པ་བྱེད་དུ་བཅུག་པ་ནི་སླ་ཡིན། རབ་ཏུ་བྱུང་ནས་ཡ་བ་འདོར་བ་ནི་དེ་ལྟར་མ་ཡིན་ནོ།།ཞེས་གསུངས་པ་དེ་ལས་ཀྱང་ཉེས་འཚབ་ཆེ་བ་མ་ཡིན་ནམ། འདི་ནི་ངོ་མ་ཡིད་གཟབ་བྱ་དགོས་ས་ཞིག་རེད། 
 གཉིས་པ། དུས་རྒྱུན་དཔེ་ཆ་སློབ་གཉེར་ལ་འབད་ཀྱང་རིགས་སྟོབས་ཞན་པས་དྲི་བ་ཁ་ཐུག་མ་ངེས་པའི་རིགས་ཡིན་ན། བརྒྱ་ཆ་དམའ་བོ་མ་སྤྲོད་རང་སྤྲོད་རེད། ཡིན་ཡང་དེ་ཚོའི་ནང་ལ་དྲི་བ་ཁ་ཐུག་མ་ངེས་ཀྱང་། ཁྱབ་མགོ་གཞན་ལ་ལུང་རིགས་ཀྱིས་རྒྱན་བཏབ་ནས་གཏོང་ཐུབ་མཁན་དང་། གཞན་ཡང་རིགས་པའི་འགྲོ་ལུགས་དང་། གཞུང་གི་གོ་བ་ལེན་སྟངས་སོགས་ཡག་པོ་ཡོད་མཁན་བྱུང་ན་ཁ་ཐུག་གཏོང་མ་སོང་ནས་ལབ་ནས་བརྒྱ་ཆ་དམའ་པོར་སྤྲོད་དགོས་ཐུག་ཀྱང་རྩ་བ་ནས་ཟག་འཇུག་མི་རུང་། འདིའི་རིགས་འབྱུང་དཀོན་ཡང་། བྱུང་ན་དགོངས་བཞེས་གནང་དགོས། དྲི་བ་གཅིག་མ་ངེས་པས་མ་ཤེས་པའི་གྲལ་དུ་བརྫངས་པ་ནི་རྩ་བ་ནས་མི་འགྲིག་སྙམ།
ང་ཚོས་རྒྱུགས་སྤྲོད་འདི་གོང་དུ་ཞུས་ཟིན་བཞིན་དཔེ་ཆ་བ་གསོ་སྐྱོང་གནང་ཐབས་ཤིག་ལས། ལས་ཀའི་ཆེད་དུ་རྩ་བ་ནས་མ་རེད། གལ་སྲིད་ལས་ཀར་བསྐོས་རྒྱུ་མ་རེག་ན། ལས་ཀ་ཉུང་དུ་བཏང་ན་མི་ཆོག་རྒྱུ་རྩ་བ་ནས་མེད། དཔེར་མཚོན་ཙམ་བཤད་ན། ང་ཚོའི་གྲྭ་ཚང་གི་ཡན་ལག་སྙིང་ལགས་ལ་ཚོང་ཁང་བཅུ་མ་ཟིན་ཙམ་ཡོད། ཚོང་ཁང་འགའ་ཞིག་ནང་ལས་མི་ལྔ་དྲུག་ཡོད་ལ། ཉུང་ཤས་ཀྱང་མི་གཉིས་རེ་ལས་ཉུང་བ་མེད། དེ་ཚོའི་ནང་ནས་གྲྭ་ཚང་གི་ཚོང་ཁང་ཆེ་བ་དེ་ཆུ་ཚོད་༡༢/རིང་སྒོ་འབྱེད་ཐུབ་ན་དགོས་པ་ཆེ། གཞན་ཆ་ཚང་ཆུ་ཚོད་༡༢རིང་སྒོ་ཕྱེ་དགོས་མེད་པས་ཚོང་བ་གཅིག་གིས་སྔ་དྲོར་ཆུ་ཚོད་གཉིས་ཙམ་དང་། ཕྱི་དྲོར་ཆུ་ཚོད་གཉིས་རེར་སྒོ་ཕྱེ་ན་འཐུས། དེ་འདྲ་བྱེད་ན་ཉོ་མཁན་ཚོས་ཀྱང་རང་རང་གིས་དུས་ཚད་སྟངས་འཛིན་བྱེད་ཀྱི་རེད། དེ་མིན་ཆུ་ཚོད་༡༢ལ་སྒོ་ཕྱེ་ཡང་ཉོ་མཁན་ནི་དེ་ཙམ་མེད་ལ། འཚོང་མཁན་ཡང་ཆུ་ཚོད་མང་པོར་བསྡད་དགོས་དུས་དཀའ་ངལ་གྱི་རང་བཞིན་རེད། དེ་དང་དེའི་མཚོན་པའི་ཚོགས་སྡེ་ཁག་ཏུ་ལས་མི་མང་དྲགས་པའི་སྐྱོན་ལས་ཉུང་སྐྱོན་སུ་ཞིག་ལ་མེད། ངོ་མ་བཤད་ན་ཚོགས་སྡེ་ཆེ་གེ་མོའི་འགན་འཛིན་ཚོས་གྲྭ་དཔེ་ཆ་བའམ་སློབ་གཉེར་བར་དོ་སྣང་དང་སེམས་ཁུར་རྩ་བ་ནས་མི་འདུག་ཅེས་ཀུན་གྱིས་གླེང་བཞིན་པ་འདི་རེད། དེས་ན་དགོས་མེད་ཀྱི་ལས་མི་མང་ཉུང་ལ་རྩོད་རྒྱག་ནས་དཔེ་ཆ་བ་ཨང་ཀི་རྩེ་སོན་ཞིག་ཡིན་ཡང་ཁོ་ཚོས་ལས་ཀ་བསྐོས་བ་ལ་བློ་ཕམ་རྩ་བ་ནས་མེད་ལ། ཚོགས་ཆོས་སློབ་གཉེར་ཉིན་གཅིག་ཆད་མ་མྱོང་མཁན་ཞིག་ཡིན་ཡང་ཁོ་ཚོས་ཆོས་གྲྭར་ཆད་པ་ལ་སེམས་ཁུར་རྩ་བ་ནས་མེད། འདི་དག་ནི་གྲྭ་ཚང་གིས་རྟོག་ཞིབ་ཁང་ངམ་ཞིབ་འཇུག་ལྷན་ཚོགས་ཀྱིས་ཐུགས་སྣང་ཆེན་པོའི་ངང་ནས་ངེས་པར་དུ་སྟངས་འཛིན་བྱེད་དགོས་སྙམ། འདི་ནི་ཞར་བྱུང་གི་བསམ་འཆར་ཞིག།
ཡང་དྲི་བའི་ཁ་ཐུག་ཀྱང་མ་ངེས། དུས་རྒྱུན་ཚོགས་ཆོས་དང་སློབ་གཉེར་ལ་དོ་སྣང་ཡང་མེད། རྩོད་པ་གཞན་ཡང་གྲ་སྒྲིག་མེད་པ་ཁྲལ་ལྟ་བུ་བྱེད་མཁན་དེ་ཚོ་ངེས་པར་དུ་རྒྱུགས་མ་འཕྲད་པའི་གྲལ་དུ་གཏོང་ཐུབ་དགོས། དེ་མིན་ཉ་དང་ཉུག་མ་མཉམ་བསྲེས་བྱས་ཏེ། ཁོ་ཚོ་ཡང་ཨང་རིམ་གསུམ་པའི་གྲལ་དུ་བཞག་ན། རྗེས་སོར་ལས་ཀ་བསྐོ་དུས་ཨང་ཀི་གསུམ་པའི་ནང་རྒྱན་དཀྲུགས་ནས། ནང་རྒྱུན་ཚོགས་ཆོས་སློབ་གཉེར་འབད་པ་ཆུ་རྒྱུན་བཞིན་གནང་མཁན་འགའ་ལམ་འགྲོ་མེད་པས་ལས་ཀ་ཁེལ་བ་སོགས་དཀའ་ངལ་རིམ་པ་བྱུང་བཞིན་པ་འདི་དག་རེད། དེ་ནི་རྒྱུགས་ཞིབ་པ་ཚོས་ངོས་ནས་སྐྱོན་ཆ་ཤོར་བ་ཞིག་རེད་འདོད། འདི་དག་ནི་ལོ་འདིར་རྒྱུགས་ཞིབ་པ་སོང་བའི་མྱོང་ཚོར་འགའ་ཡིག་ཐོག་ཏུ་བཀོད་པ་ཙམ་ཡིན།
འདི་ནི་གཙང་ཁའི་ལྷ་རམས་པ་བསོད་ནམས་རྡོ་རྗེ་འབོད་པས་2014/11/5/ཉིན་བྲིས།

No comments:

Powered by Blogger.