མི་ཚེ། རྣམ་ཤེས་ནུབ་པ།

                 










དྲོད་དང་ཨ་མའི་དཔང་ཁྱིམ་སློག་པ་དེ་གྱོན་ནས།།
འཁྱགས་ལ་རེངས་བ་མེད་པའི་དགུན་གཞུང་དེ་བཞུར་སོང་།།
ལུས་ཤར་སེམས་པ་སྦྱར་བའི་སྙིང་ཉེ་ཡི་བར་ཐག།
སྐྱིད་ལ་ཡིད་འཚིམ་མེད་པའི་ནམ་ཟླ་དེ་འཁུམས་སོང་།།

རིང་པོ་རྫོགས་མཐའ་མེད་པའི་རྒྱ་ལམ་དེ་དེད་བཞིན།།
རྒྱུག་ལ་བྲེལ་ཤ་འཚུབ་པའི་སྙིང་མེད་ཀྱི་ཚུགས་ཀ།།
ཨ་མྱེས་མིག་མཐར་སྐྱིལ་བའི་སྐྱོ་ཚེག་རང་བབ་པ།།
བསམ་ན་ཤ་རུས་གཟེར་བའི་འཁུན་སྒྲ་དེ་ཤོར་འགྲོ།།

ཨ་མའི་མགོ་སྐྲ་གཟེངས་པོར་ཁ་འདབ་དེས་སྒྱུར་བ།།
སྐྱ་ལ་སྔོ་སེར་མདོག་གི་དུས་མཐའ་ཡི་བརྙན་རིས།།
ཨ་ཕའི་ཁ་སྤུ་འགུལ་ལ་གྲང་རླངས་ཤིག་འཁྱིལ་ལེ།།
ངོ་གདོང་སྐྱོ་ཉམས་སྐྱེལ་མའི་ས་ཚིགས་ནས་བྲལ་བ།།

བུ་ཡུག་ལྷག་རླུང་འུར་སྒྲས་འཁོར་ཡུག་ཀུན་གླེམ་པ།།
སེམས་མེད་རླངས་འཁོར་འགྲོས་དེ་མྱུར་པོ་རང་ཡིན་པས།།
གྱེན་ལངས་ནག་ཡོ་གཉིས་ལས་རབ་རིབ་ཅིག་འགུལ་བ།།
བར་དོའི་ཕྲང་ལམ་བརྒྱུད་ཚུལ་འདི་འདྲ་ཞིག་ལོས་ཡིན།།

སྦྲེལ་ཐག་ཐི་གུ་ཆད་པའི་ལོ་ཟད་དང་ཟླ་ཡལ།
ཕུར་རྩལ་གཤོག་རལ་ཟད་ཟད་སླེབས་རྒྱུ་ནི་མེད་པའི།།
དཔྲལ་བ་སི་དྷིས་བྱུགས་པའི་མི་ནག་གི་ཀློང་ན།།
ད་ནི་སྲོག་ཕྲ་རྟ་རྔ་ཆད་པ་ལས་ཅི་བྱ།།

གོ་ལྡོག་དགུན་ལ་འུར་འུར་འབར་ལ་དེ་ཁད་མ།།
སྲིན་འབུ་ཁྲག་འཐུང་འབེལ་བའི་ཟླ་དབྱར་ཁོ་ཚེས་མོད།།
ལྗང་ལ་སེམས་པ་གླན་པའི་སྣང་སྐྱིད་ཀྱི་མྱོང་རོལ།། 
གདོད་ནས་མགོ་འབུས་མེད་འདི་ཡུལ་གྱར་གྱི་འཚོ་བ།།

རྒྱན་གཡོགས་ནོག་ལྐོག་རྭ་ཅན་མགོས་ཕྱག་ཀྱང་འཚལ་བ།།
ནག་རྡོ་ལིང་གྷ་ཐད་བཏུགས་བྱིན་ཆབ་རེ་མིད་ཚུལ།།
བསམ་དུས་ཁོག་ན་དགད་རྒྱུ་མུར་མུར་རང་ལུད་པ།།
ད་ནི་འདི་ནས་ཁེར་མ་ཚེ་ཐག་ཀྱང་རྫོགས་འགྲོ།།

ཉན་ན་རླབས་སྐད་ཕྱུར་བའི་ནགས་རྫོབས་ཀྱི་མཐའ་ན།།
མཆུ་རིང་གླང་ཆེན་ངུ་བའི་འཇིགས་ཡེར་གྱི་བར་ནས།།
མི་ལོབས་གོམས་ཐབས་བཙན་གྱིས་སྡུག་སྡུག་རང་བྱས་པས།།
ད་གཟོད་སྐམ་རུད་ལུས་ནག་སྐྱོ་མདོག་དེ་རྙེད་སོང་།།

ལག་གཡོན་འཕོངས་ཚོས་བཀྲུ་གཤལ་ནང་བྱན་དེ་ཆུབ་པ།།
གཡས་ལག་ཟན་ལ་གཡོས་སྦྱོར་འཐབ་རྩལ་ཡང་ཤེས་ནས།།
ཅི་མོལ་གཏམ་ལ་བདེ་འཁྱུག་མགོ་གཡུག་གིས་ལན་རེ།།
ཨ་རྱ་སྤུ་སོབ་ཅན་གྱི་ཟློས་གར་དག་བསླབས་ཡོད།།

བསིར་རླུང་ཁམས་གཙང་མོད་པའི་དག་ཞིང་གི་བཀོད་པ།།
གངས་གྷ་ཡ་མིན་དམར་ནག་ཁ་གདང་གིས་སྐྱུག་སྐྱུག།།
སུན་རྩེ་ལྷ་ཡུལ་སྒོམ་པ་མི་ཡུལ་གྱི་གནས་མཆོག།
ནམ་མཇལ་རེ་བས་འཚོ་འདི་དཀོན་མཆོག་གིས་སྐྱོབས་ཡ།།
                                                    ---------------
                                                     2014-11-24
__________________
སྙན་རྩོམ་འདི་ནི་ད་སྔོན་ཁོ་བས་བྲིས་པ་དག་ལས་རང་ཉིད་ཀྱིས་ཆེས་དགའ་ཤོས་དེ་ཡིན། ཚིག་འགྲོས་སྤྱོད་སྟངས་ཐད་འཇུ་སྐལ་བཟང་གི་ཤུགས་རྐྱེན་ཡོད་པ་ཚོར་ཐུབ་སྟེ་ལོ་མང་རིང་དུ་ཁོང་གི་སྙན་ངག་ལ་ཡང་སྦྱོང་བསྐྱར་བྱས་པས་ཡིན། 
ད་རུང་མི་འདང་ས་ཆེ་པོ་ཡོད་པས་སྐུ་ཉིད་ནས་<ཕྲན་དཔྱད>གནང་རྒྱུ་རེ་བ་ཤིན་ཏུ་ཆེ།

No comments:

Powered by Blogger.