Skip to main content

སེར་བྱེས་གྲྭ་ཚང་གི་རྩོད་རྒྱུགས་ཆེན་མོ་ལེགས་གྲུབ་ཟིན་པ།

འདི་ལོའི་ཕྱི་ཟླ་༡༠ ཚེས་༡༩ ནས་བཟུང་དེ་རྒྱུགས་ཞིབ་པ་གྲངས་བཞི་ཅུ་ཞེ་ལྔས་འཛིན་གྲྭ་ཉི་ཤུ་རྩ་བཞིའི་རྒྱུགས་ཞུགས་པ་དགེ་འདུན་ཞལ་གྲངས་༡༩༡༠ སྡེ་ཚན་དགུར་ཁག་དགོས་ཀྱིས་རྒྱུགས་སྤྲོད་འགོ་འཛུགས་ཏེ་ཉིན་གྲངས་ལྔའི་རིང་དུ་ཉིན་རེའི་ཆུ་ཚོད་དྲུག་རེ་རྒྱུགས་ལེན་བྱས་ཡོད།  
     (དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་མཁན་དང་སློབ་ཕྲུག་འཛིན་གྲྭ་དྲུག་པ་མན་ཚུད་མེད།)
 དོ་ནུབ་གྲུབ་འབྲས་གསལ་བསྒྲགས་གྱང་ངོས་ན་སྦྱར་འདུག་པས་རང་རང་གི་གྲུབ་འབྲས་ལྟ་མཁན་ཚོས་འུར་ཟིང་དང་འཚང་ཀའི་བར་ནས་གཡོ་འགུལ་ཡང་བྱེད་དཀའ་ཚད་དུ་འདུག

རྒྱུགས་སྤྲོད་འདི་ནི་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ལས་ཟུར་སྦྱོང་སློབ་ཚན། བློ་རྒྱུགས། རྩོད་རྒྱུགས། བྲིས་རྒྱུགས་བཞི་ལས་ཆེས་དཀའ་ཁག་དང་གལ་ཆེན་དུ་བརྩི་བའི་རྩོད་རྒྱུགས་ཆེན་མོ་ཡིན་དེ་ཡིན། སློབ་གཉེར་དོ་དམ་ཁང་གི་དོ་དམ་པ་དགེ་བཤེས་ལྷ་རམས་པ་ལྔས་ཟླ་ཕྱེད་ཙམ་ནས་ཉིན་མཚན་གཉིས་ཀར་རྒྱུགས་ལེན་གྱི་གྲ་སྒྲིག་དང་དགོས་ངེས་ཀྱི་མཐུན་རྐྱེན་ཁག་ལེགས་སྒྲུབ་བྱས་པ་དང་། སློབ་གཉེར་བ་ཚོས་ཀྱང་ཟླ་ངོ་གཅིག་ཙམ་ལ་སྔ་ལངས་ཕྱི་ཉལ་གྱིས་སྦྱོང་ཟིན་པ་ཁག་ལ་ཕྱོགས་སྡོམ་དང་དཀའ་གནད་ལ་བསམ་གཞིགས་གཏིང་ཟབ་བྱེད་པ། འཛིན་གྲོགས་མི་ཉུང་བ་ལྷན་འདུས་ཀྱིས་བགྲོ་གླེང་དང་དོགས་དཔྱོད། དོགས་མཐའ་དཔྱད་དཀའ་བའི་གཞུང་མཁྲེགས་པོ་དག་མཁྱེན་རྒྱ་ཅན་ལ་བཀའ་འདྲི་དང་བགྲོ་གླེང་འཐུས་ཚང་གནང་ཡོད། འདི་ལོ་ནི་སྔོན་དང་མི་འདྲ་བར་དོགས་འདྲི་ཁག་འཕྲིན་ཕྲན་བརྒྱུད་མཁྱེན་དཔྱོད་ཡངས་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཡིག་ངག་གི་ལམ་ནས་བཀའ་འདྲི་དང་དོགས་དཔྱོད་ཀྱང་ལེགས་པོར་བྱ་སའི་ཆེས་སྟབས་བདེའི་ལམ་བུ་ཞིག་ཀྱང་རྙེད་ཡོད། ད་དུང་དགོས་ངེས་ཀྱི་ཟུར་བལྟའི་གཞུང་ལུགས་དུ་མ་ནས་ཁ་བསྐང་གིས་ཟུར་རྒྱན་བྱས་ཏེ་ལོ་གཅིག་གི་རྩོད་གཞུང་ལྟས་ཟིན་པ་ཁག་བསྐྱར་སྦྱོང་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འཐུས་ཚང་བ་ཞིག་གནང་ཡོད། 

    རྒྱུགས་སྤྲོད་འདི་ནི་ཆེས་དཀའ་ཚེགས་ཅན་ཞིག་ཏུ་རྩི་བཞིན་པ་  ནི་ལོས་ཡིན་ཏེ་དཔེར་ན་ངེད་ཀྱི་འཛིན་གྲྭར་མཚོན་ན་འདུལ་བ་མདོ་རྩ་བའི་འགྲེལ་བ་ཀུན་མཁྱེན་མཚོ་སྣ་བས་མཛད་པའི་   <མཚོ་ཊིཀ་ཉི་མའི་འོད་ཟེར་>གྱི་སྟོད་ཆ་ཤོག་གྲངས་༦༡༦ ཅན་དེའི་གཞུང་གི་ས་བཅད་དང་ས་བཅད་རེ་རེ་ནས་འཕྲོས་པའི་སྤྱི་དོན་ཡན་ལག་དང་བཅས་པ་བློ་ཐོག་ན་ཡོད་དགོས་ལ། ཆེས་གྲངས་ཀ་མང་ཞིང་ཡན་ལག་དང་ཉིད་ལག་བརྒྱ་ཕྲག་རྒལ་བ་དག་སྡོམ་ཚིག་གི་ཐོག་ནས་རེ་རེ་བཞིན་བརྩིས་ཏེ་ཤར་མར་སྐྱོར་ཐུབ་དགོས། 


དབུ་ཕར་གྱི་གཞུང་ལུགས་ཁག་ནི་གནད་དཀའ་མང་ཞིང་དབྱེ་གསེས་དང་དགོངས་པ་འགྲེལ་ལས་སླ་མོ་མིན་པའི་ཚིག་མཁྲེགས་དོན་ཟབ་འདུས་སྟབས་ཚིག་གི་མདུད་པ་དཀྲོལ་ཚུལ་དང་དོན་གྱི་ཞིབ་ཆ་བྱེད་ཤེས་དགོས་པ་ཆེས་མང་བ་ཙམ་དུ་མ་ཟད་གཞུང་ལུགས་གང་མང་དང་མཚུངས་བསྡུར་བྱས་ནས་རིགས་པ་རྣོ་ལ་ཟབ་པ་དག་མདུན་དུ་ཐལ་བ་རེ་རེར་བྱས་ནས་འཕངས་ཡོང་དུས་ཐག་ཆད་པའི་ལན་འདེབས་དང་ཁུངས་བཙན་པའི་སྒྲུབ་བྱེད་ཀྱི་ལུང་རིགས་འདི་ཡིན་ཞེས་གསལ་སྟོན་བྱེད་རྒྱུ་ཡོད་དགོས་པས་བློ་དམན་བདག་འདྲ་བ་ཚོ་ནི་ཀླད་པ་གས་ལ་ཁད་དུ་བྱས་ནས་ངུ་དགོད་གང་ཡང་མ་ཤེས་པའི་གནས་སུ་སྐྱེལ་བཞིན་པ་དོན་དངོས་ལགས།

དུས་ཡུན་དྲི་ལན་སྐར་མ་བཅུའི་རིང་དུ་རིང་ཐུང་འཚམ་ལ་མགོ་མཇུག་ཡོད་པའི་རྟགས་བསལ་གནད་ལ་འཁེལ་བ་ཞིག་གཏོང་དགོས་སྟབས་རྒྱས་པ་མདོ་བསྡུས་དང་བསྡུས་པ་རྒྱས་འགྲེལ་དུ་བྱེད་མི་ཐུབ་པའི་དཀའ་ངལ་དེས་ནི་ངེད་ཅག་ལ་རྒྱུས་པ་འགུག་ཐོག་ལ་ཁུར་པོ་སྣོན་མར་བཀལ་བའི་ངང་ཚུལ་དུ་གྱུར། དེ་ལྟར་ནའང་མི་ཐེག་ཨུ་ཚུགས་དང་མི་སྙོབ་ལག་གཡུག་བྱེད་དགོས་པ་ལས་སུ་ལའང་དམིགས་བསལ་མེད་པས་ཨ་བྲའི་ཁུར་ཚད་འཇག་མའི་ཆོག་ཚད་བཞིན་རང་བློ་དང་འཚམ་པའི་གྲ་སྒྲིག་རེ་བྱེད་དགོས།

ཁྱེད་ལ་འདི་ནས་ཨང་ཐོབ་བརྒྱ་ཐམ་པ་ལེན་རྒྱུ་ཡོད་པས་རང་བློ་ལུང་རིགས་ཀྱི་བང་མཛོད་ཡིན་ཚེ་ཆུ་རྒྱུག་རྒྱུག་དང་བྱ་འཕུར་འཕུར་བྱེད་ཆོག་པའི་བགོ་སྐལ་ཆ་ཚང་ཁྱེད་ལ་བཞག་ཡོད། སྐབས་འདིར་རིགས་རྣོ་དཔྱད་རྩལ་ཡོད་པའི་གྲྭ་རྐྱང་ཚོས་སྐམ་རུད་ཀྱི་གདོང་ལས་གཟི་བརྗིད་ཀྱི་འོད་མདངས་མཆེད་ཐུབ་ལ་ཨང་རིམ་དང་པོའི་མཚན་སྙན་དེ་དགེ་འདུན་སྟོང་ཕྲག་གི་མདུན་ནས་ལེན་རྐྱང་དང་ཁུར་རྐྱང་བྱེད་ཆོག
གྲྭ་རྐྱང་ཐོས་འཚོལ་པ་ཚོས་རས་གཟན་གསབ་མོ་དང་བསིལ་ལྷམ་རྙིང་ཧྲིལ་དེ་འདྲུད་བཞིན་འོད་ཀྱིས་ཁེངས་པའི་བཞུད་ལམ་བརྒྱུད<དགའ་ལྡན་ཁྲི་པའི་>གསེར་ཁྲིའི་ཐོག་ནས་ཟུང་འཇུག་གི་གོ་འཕང་ལེན་ཐུབ། 
འདི་ནི་གདན་ས་ཆེན་པོའི་དེ་རིང་གི་སློབ་གཉེར་གྱི་གནས་བབ་དང་གྲྭ་རྐྱང་ཐོས་འཚོལ་པ་ཚོའི་མི་ཚེ་འོད་ལ་འཐིམ་པའི་ཟིན་ཐོ་ཞིག་ཡིན།
  --------------------2014-11-3-------------------

Comments

Popular posts from this blog

མཛོད་གནས་གཉིས་པ་དབང་པོ་བསྟན་པའི་དྲི་བ་དང་དྲིས་ལན།

འབྲི་མཁན།  ཁྲོཾ་གྲྭ་ཕུར་བ་འཕྲིན་ལས། དྲི་བ།༡༽དབང་པོའི་མཚན་ཉིད་ཞོག ལན།༽ གང་ཞིག་གང་ལ་ཐུན་མོང་མ་ཡིན་པའི་ཆོས་ལ་ལྷག་པར་དབང་བྱེད་པའི་རིགས་སུ་གནས་པ་དེའོ། །དྲི་བ།༢༽དབང་པོ་ཉེར་གཉིས་ཀྱི་གྲངས་ངེས་གང་། ལན། སེམས་ཀྱི་རྟེན་བྱེད་པའི་ཆ་ནས་མིག་སོགས་དབང་པོ་དྲུག་དང་། སེམས་ཅན་གྱི་བྱེ་བྲག་འབྱེད་པའི་ཆ་ནས་ཕོ་མོའི་དབང་པོ་གཉིས། རིགས་མཐུན་གནས་པར་བྱེད་པའི་ཆ་ནས་སྲོག་གི་དབང་པོ། ཉོན་མོངས་འཕེལ་བར་བྱེད་པའི་ཆ་ནས་ཚོར་བའི་དབང་པོ་ལྔ། རྣམ་བྱང་གི་རྒྱུའི་ཆ་ནས་དད་སོགས་དབང་པོ་ལྔ། རྣམ་བྱང་གི་ངོ་བོའི་ཆ་ནས་དྲི་མེད་གསུམ་བཅས་ཉེར་གཉིས་ངེས་སོ། །

<ཆམ་ནད། ངེས་འབྱུང་སྤུ་སུད་མ།>

ཕྲ་འབུ་གཅིག་གིས་རང་ལུས་འབྱུང་གཞི་འཁྲུགས།། མ་བརྟག་བློ་ལ་བརྟན་པའི་ལུས་འདི་ཡང་།། ཞིབ་ཏུ་བསམ་ན་རྩྭ་རྩེའི་ཟིལ་པ་ལྟར།། རྟག་བརྟན་མེད་པར་ངེས་ཤེས་གསལ་བར་རྙེད།། འབྱུང་གཞི་འཁྲུགས་ནས་ལུས་ཟུངས་ཡོངས་སུ་ཟད།། རུས་ཚིགས་བར་ན་ཚ་བའི་མེ་སྟག་འཕྲོས།། མགོ་རུས་དེ་ནི་གས་ཤིང་ཆག་ལ་ཁད།། བསམས་ཤིང་བསམ་ན་ནད་ཀྱི་རྐྱལ་པར་ངེས།། ཚ་བ་འབར་ནས་རྔུལ་ཆུས་ལུས་ཡོངས་སྦངས།། གཞན་གྱིས་བརྟག་དུས་ཚ་བ་མི་འདུག་ཟེར།། མི་གཉིས་བར་ལ་མྱོང་བ་ཐ་དད་འདི།། སེམས་ཙམ་གྲུབ་མཐའི་རྣམ་བཞག་བདེན་པར་འདུག། རྐུབ་ཁབ་ཟད་པས་སྐྲག་ཅིང་ན་ཟུག་ཆེ།། ན་བའི་ཐོག་ལ་ན་ཐོག་ན་སྣོན་འདི།། འཁོར་བར་ལུས་པའི་ཉེས་པ་ཡིན་པར་ངེས།། འཁོར་བའི་འདམ་ལས་མ་གྲོལ་སྡུག་གི་གཞི།། ཚེ་འདི་ཉིད་ལ་ཟུང་འཇུག་གོ་འཕང་རྙེད།། མོས་གུས་ཅན་ལ་ལོ་གསུམ་ཙམ་གྱིས་ཐོབ།། གསང་བ་སྔགས་ཀྱི་ནུས་མཐུ་དེ་བདེན་ན།། ད་ལྟ་ཉིད་ནས་མི་འཇུག་ཅི་ཞིག་ཡིན།། སྔགས་ལམ་ཞུགས་ན་སྨྱོན་པའི་ཚུལ་དགོས།། འཁོར་འདས་གཉིས་པོ་དབྱེ་མེད་རོ་གཅིག་ལྟ།། ཡག་དང་བཙོག་གི་རྣམ་བཞག་ཧྲིལ་ལེ་དོར།། སྐྱགས་ཆེན་ཡིན་རུང་ཟས་ལ་བསྟེན་དགོས་སྐད།། སྡོམ་ལྡན་ཡིན་ཀྱང་རིག་མ་བསྟེན་པས་འགྲིག།། འདུལ་ཁྲིམས་མི་དགོས་ཅི་དགར་སྤྱོད་ན་ཆོག། རྡོ་རྗེ་ཐེག་པའི་ཟབ་...

དགུང་ལོ་བརྒྱད་ཅུ། རྟེན་འབྲེལ་གྱི་མེ་ཏོག་འབུལ།

སྙིང་ནས་དད་པའི་མེ་ཏོག་འཛུམ་པ་ཡིས།། དགའ་གུས་དད་གསུམ་ལོ་འདབ་ཡོངས་སུ་གྲོལ།། མགོ་བོའི་ཕྱག་གིས་ཞབས་རྡུལ་གཙུག་ན་བླངས།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། མ་ཤེས་རྨོངས་པའི་གོམ་ཁ་འཁྱར་འཁྱོར་ལ།། ལམ་དུ་འདེད་པའི་སེམས་པ་རབ་ཏུ་བསྐྱེད།། གང་ན་ནོར་བའི་ཕྱོགས་ལ་ལམ་སྟོན་པ།། སྙིག་དུས་འདི་ན་བསྐལ་བརྒྱར་བཞུགས་སུ་གསོལ།། ཁ་མཁས་ཚིག་སྙན་ངོ་སྲུང་བྲག་གི་རིར།། ཇི་བཞིན་བདེན་པ་སྨྲ་བའི་ཕུར་གྱིས་བཏབ།། དྲང་ལ་བདེན་པ་སྐྱོང་བའི་སེམས་དཔའ་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། ཤེས་རློམ་ཟོག་པོ་འབར་མའི་མེ་ཕུང་ལ།། ཀུན་གྱི་གྲ་མཐར་འཛིན་པའི་ཆུ་བོ་བཤོས།། ང་རྒྱལ་མགོ་བོ་བཏུབ་པའི་དཔའ་བོ་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། འདོད་ཆེན་ཆུ་སྲིན་འཁྲོས་པའི་རྒྱ་མཚོའི་ཀློང་།། ཆོག་ཤེས་གྲུ་ཆེན་རླུང་གིས་ཕ་རོལ་སོན།། འགྲོ་ཀུན་སྒྲོལ་ལ་མཁས་པའི་དེད་དཔོན་ཁྱོད།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། ཀུན་ལ་བྱམས་པའི་ཆར་སྤྲིན་ལིང་ལིང་ལྡིང་།། ཐུགས་རྗེ་སྦྲང་ཆར་སིལ་མ་ཟིལ་ཟིལ་བསྙིལ།། རང་རྒྱུད་གྱོང་པོར་རློན་གྱིས་བརླན་མཁས་པ།། མགོན་ཁྱོད་མི་ནུབ་བསྐལ་བརྒྱར་བཞུགས་སུ་གསོལ།། མཁས་མང་བརྒྱ་ཕྲག་དབུས...