2015/07/05

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག)

བརྒྱད་ཅུའི་འཁྲུངས་སྐར་བསུ། (བོད་འབྱོར་རྩོམ་ཡིག)

༼ བསྟོད་པའི་ཤིས་ཚིག་སྙན་ལྡན་དྲི་ཟའི་མགུར་དབྱངས། ༽
                                       ♨/སྨྲ་སྲས:གསེར་འཇམ།
སྐུ༵་རྣམ་ངུར་སྨྲིག་འཛིན་ལ་རིགས་བརྒྱའི་བདག།
གསུ༵ང་ལེགས་ཡོན་ཏན་རིན་ཆེན་ཚོགས་ཀྱི་གཏེར།།
ཐུ༵གས་འཕགས་བརྩེ་ལྡན་བྱང་ཆུབ་དངོས་ཀྱི་རྗེ།།
དབྱེར་མེད་དབུ་གདུགས་བླ་མར་གུས་པས་འདུད།།

མདོ་སྔགས་གཞུང་ཀུན་འཆ༵ད་ཉན་ལེགས་མཐར་བྱིན།།
ངོ་མཚར་ཟླ་མེད་རྩོ༵ད་པའི་ལང་ཚོ་རྒྱས།།
བདེན་དོན་ལེགས་འབྱེད་རྩོམ༵་པ་རིག་བདག་མཆོག།
རབ་དགའ་གངས་ཅན་བོད་དགོན་མཆོག་ནི་མཛེས།།

འཁྲུལ་མེད་བཀའ་ལུང་བདུད་རྩིའི་ཟེགས་མས་འཁྱུད།།
རིགས་མཆོག་བདེ་འབྱུང་ལྷག་བསམ་པདྨོ་འཛུམ།།
མངོན་པར་མཛེས་པའི་དབང་ཕྱུག་མི་ཡི་མཆོག།
རྒྱལ་བསྟན་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ།།

མཁྱེན་དཔྱོད་རྩལ་རྫོགས་མཐུ་དཔལ་བླ་མའི་སྐུ༷།།
དག་གསལ་མགྲིན་པའི་ཟིལ་གནོན་ཚངས་དབྱངས་གསུ༵ང།།
སེམས་ཅན་ཡོད་དོ་བདེ་ཞིང་འགོད་མཁས་ཐུག༵ས།།
དད་པའི་གེ་སར་དགུང་འཕྱུར་ཨེ་མ་མཚར།།

སྨྲ་རྒྱལ༵་དབ༵ང་བོ་བསྟན༵་པ་འཛི༵ན་ལ་མཁ༷ས།།
ཚུལ་ཁྲིམས་དྲི་བཟང་འབྱོར་ལྡན་རྒྱ༵་མཚོ༵་བཙུ༷ན།།
རྨད་བྱུང་སྐལ་ལྡན་གདུལ་བྱ་ཆོས་སྟོན་བཟ༷ང་།།
གངས་ལྗོངས་འགྲོ་བའི་སྐྱབས་མགོན་ལ་གསོལ་འདེབས།།

སྙིགས་དུས་བསྟན་དང་འགྲོ་བའི་གསོས་བྱོན་པའི།།
སྟོན་པ་ཏཱ་ལའི་བླ་མ་གཙུག་ན་མཛེས།།
སྙན་གྲགས་བ་དན་སྲིད་གསུམ་གཡོ་བའི་རྗེ།།
རིས་མེད་འགྲོ་ཡོངས་འཁོར་མཚོ་ལས་འདྲེན་ཤོག།

འཛོམས་བྲལ་བླ་མ་རྒྱང་རིང་གྲོང་དུ་འཚོ།།
རྗེས་འཁྲེང་འགོག་བྲལ་དམར་སེམས་སྟོང་ལྷང་ངེ།།
སྐྱོ་གདུང་སྨྱུག་རྩེ་བཞུར་བའི་ཐིགས་པ་རེས།།
ཐབས་བྲལ་དྲན་མགུར་བྲིས་ཀྱང་སྐྱོ་བ་གཅིག།

རྣམ་དཀར་འཕྲིན་ལས་ཕྱོགས་མེད་རྒྱས་བའི་མགོན།།
རྣམ་ལེགས་ཀུན་ཕན་རྗེ་བཙུན་བླ་མ་ཉིད།།
རྣམ་དག་ཡིད་ནས་གསོལ་དང་ཕྱག་འཚལ་ལས།།
རྣམ་ཀུན་མཆོག་ལྡན་སྐུ་ཚེ་རབ་བརྟན་ཤོག།
        ཅེས་ ༢༠༡༥ལོའི་ཟླ ༤ ཚེས ༢༢ཉིན་  ༧ གོང་ས་ཐམས་ཅད་མཁྱེན་པ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དགུང་ལོ་བརྒྱ་ཅུར་སོན་པའི་རྟེན་འབྲེལ་ལ་བུ་གསེར་ལག་པ་འཇམ་དཔལ་ཤེས་རབ་ཀྱིས་བསྟོད་པའི་ཤིས་ཚིག་གམ་མཆོད་པར་འབུལ་བ་ལེགས་སོ།།
  ------------------------------
      
ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།


                 གཙང་དབྱངས་ལྡན།

མཐའ་བྲལ་ལྟ་བ་རྣམ་དག་ཐུགས་ལ་གསལ།།
འཆད་པའི་གྲུ་ཆར་གདུལ་བྱའི་ཁམས་དང་མཐུན།། 
མི་འཇིགས་ཞི་བདེའི་གསེར་གྱི་ཁྲི་འཕང་མཐོ།།
གྲུབ་པའི་མཆོག་བརྙེས་མགོན་ཁྱོད་སྐུ་ཚེ་བརྟན།།    

མདོ་རྒྱུད་ལུང་རིག་ཀུན་ལ་མཁས་བའི་མགོན།།
ཐུབ་བསྟན་རྒྱལ་མཚན་བསྒྲེང་པའི་ངུར་སྨིག་ཅན།།
སྙིགས་དུས་བསྟན་འགྲོའི་ངང་ཚུལ་སྨྲ་མཁས་པ།།
གངས་ཅན་མགོན་པོའི་སྐུ་ཚེ་བརྟན་པར་སྨོན།།     

གངས་ལྗོང་ལྷ་ཡུལ་དག་པའི་ཞིང་ཁམས་ན།།
སྙིང་རྗེ་དཔག་བསམ་ལོ་མའི་རང་མདངས་གསལ།།
བསླབ་ཁྲིམས་ཀ་བུར་དྲི་ཡིས་བརྒྱན་པ་ཁྱོད།།
རྒྱལ་སྲས་བྱང་ཆུབ་སེམས་དང་འབྱོར་བས་མགོན།།

ཁྱེད་ཀྱི་བརྩེ་བ་འཛམ་གླིང་ཡོངས་ལ་ཁྱབ།།
དྭངས་གཙང་སླད་མེད་འགྲོ་དྲུག་ཀུན་ལ་གནང་།།
བོད་རིག་ཁྲི་མ་འབུམ་གྱི་སྐྱབས་མགོན་ལགས།།
ཁྱེད་སྐུའི་མཛན་འཕྲིན་རྟག་ཏུ་བརྟན་པར་སྨོན།།          

དབྱར་གྱི་ལང་ཚོ་འཁྲུངས་པའི་ནམ་ཟླ་དང་།།
ཁུ་བྱུག་མགྲིན་དབྱངས་སྙན་པའི་དུས་ཚིག་འདིར།།
ཁྱེད་ཉིད་དགུང་གྲངས་བརྒྱད་ཅུར་ཕེབས་པ་བསུ།།
འདགའ་སྐྱིད་དགོད་སྒྲས་ཁྲོད་ནས་གྱ་སྟོན་རོལ།།

དངོས་སུ་མ་མཇལ་སེམས་པ་རྡོ་ལས་འཁྱག།
དབུགས་རིང་དབྱངས་སུ་བརྩེགས་ནས་འདུག་པ་ལས།།
མཇལ་འདོད་ཡོད་ཀྱང་ང་རང་མཇལ་དབང་མེད།།
འོད་སྟོང་འཁྱིལ་བའི་ཉི་མ་དེ་རིང་ལ།


རྒྱང་རིང་ཡུལ་ནས་དགུང་གྲངས་བརྒྱད་ཅུར་ཕེབས།
ཨ་མདོའི་ཡུལ་ནས་སྐུ་ཡིས་གྱ་སྟོན་རོལ།།
རེ་བའི་རྨི་ལམ་ཉིན་མཚན་གཉིས་ལས་ཤོར།།
སྤྱན་རས་གཟིགས་ཁྱོད་སྐུ་ཚེ་བརྟན་པར་སྨོན།

 ༧ གོང་ས་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་་སྐུའི་འཁྲུངས་སྐར་ལ་༢༠༡༥ ༤ ༢༡ ཉིན།
----------------------------

གྱ་སྟོན་བསུ་བའི་སྙན་ངག 
          
                                          མྱི་ཆེན།

ཁྱེད་ལ་བསྙེས་པའི་གངས་རིའི་མགོ་བོ་ནི། ། 
སྲིད་པའི་ཉམ་ངར་ལྷུང་བའི་ཉམས་ཤིག་མངོན།།
བྱིན་ཆེན་ཟེར་མའི་ཟླ་འོད་སིམ་པོ་དེས། །
རི་ལྗོངས་དག་ཁྲུས་བྱེད་པར་ཀུན་ནས་སྨོན། ། 

མི་ཕྱེད་དད་པའི་ནམ་མཁའ་ཡངས་པོ་ལ།།
མཛད་བཟང་རྒྱུ་སྐར་དབུས་ཀྱི་ཟླ་བ་གཞོན། ། 
གདུང་སེལ་བདུད་རྩིར་འཇོ་བའི་དཔལ་དེ་དག།
སྙིགས་ལྔའི་རང་མཚང་གཞོམ་པའི་ཐབས་སུ་དགེ།

གང་ལ་རེ་བའི་དད་འདུན་ཞགས་པའི་སྣེ། ། 
སྲིད་དུ་བརྐྱངས་པའི་གཞིས་པ་གྲངས་མི་ཟིན།།
སེམས་ཀྱི་མཐིལ་ལ་རྩེན་པའི་ཡིད་བཞིན་ནོར།།
སྲིད་པའི་གངས་ཆེན་རལ་བའི་དཔལ་དུ་སྨོན།།

ཐུབ་པའི་ལུགས་བཟང་དུས་མཐའི་རི་སུལ་འདིར།།
སྨུག་སྤྲིན་དྲ་བར་འཐིབས་པའི་རླབས་རིས་ཏེ། ། 
ལས་ཉོན་རླུང་བུར་འགྲོགས་པ་བརྩེ་བའི་འགྲོས།།
འཁོར་བའི་ལྡིང་ཁང་མཛེས་པའི་དཔལ་ལ་བསྒྱུར།།

དེ་སླད་ཐུགས་བསྐྱེད་དཔུང་བ་དར་བའི་བྱིན། ། 
བརྩེ་བའི་རང་ཁྱིམ་མཛེས་པའི་དཀྱིལ་འཁོར་དུ།།
རིང་མིན་འབེབ་པར་བྱང་མཐའི་མགོ་རེག་གིས། ། 
གྱ་སྟོན་བསུ་བའི་གཏམ་གྱི་དོན་པོར་དྲངས། ། 

དེ་སླད་སྐུ་བཞིའི་རྒྱལ་ཐབས་ལ་དབང་བའི། ། 
སྟོན་པ་མཆོག་ཁྱེད་སྐུ་ཚེ་རྟག་བརྟན་ཅིང་། ། 
མཛད་བཟང་འཇིག་རྟེན་ཁམས་ཀྱི་ཡུལ་ཀུན་ཏུ།།
བདེ་སྐྱིད་འཚོ་བའི་དཔལ་དུ་རྒྱས་པར་ཤོག ། 


                      2015.6.8 རྒྱ་ས་པེ་ཅིན་དུ།།

བསྟོད་གླུ་ངག་གི་མཆོད་པ               
༼ཨ༽གདུང་སེལ་གྱིས་

བཀྲ་ཤིས་དུས་སྟོན་ཉི་བཟང་དེ་རིང་ཤར།།
ཤིང་མོ་ལུག་ལོའི་འབའ་སྒྲའི་དགུང་ནས་བསུ།།
དགའ་སྐྱིད་དུས་ཀྱིས་ཁ་བཏགས་དེ་རིང་འབུལ།།
སྐྱབས་མགོན་ཉི་ཟླ་དོ་ཡའི་སྐུ་ཁམས་བཟང་།།


དགོང་གྲངས་བརྒྱད་བཅུར་སོན་ཞིང་སྐུ་ཚེ་བརྟན།།
ཞི་བདེ་དབུ་མའི་ལམ་བཟང་སྐྱོང་མཁས་པ།།
ཤིང་མོ་ལུག་ལོར་གྱ་སྟོན་དགའ་བའི་བསུ།།
གསེར་ཞལ་མྱུར་མཇལ་ཡོང་བའི་སྨོན་འདུན་ཞུ།།


དེད་དཔོན་ཁྱེད་ཉིད་དགོང་ལོ་བརྒྱད་ཅུར་ཕེབས།།
བསིལ་ལྡན་ཁ་བའི་སྲོལ་གྱིས་གྱ་སྟོན་བསུ།།
མཉམ་འཛོམས་མེད་པའི་ལས་དབང་སྐྱོ་ན་ཡང་།།
བརྗེད་མེད་བླ་མའི་གྱ་སྟོན་དགའ་བའི་བསུ།།


གངས་ལྗོངས་འཚེ་མེད་ཞི་བདེ་ཐོབ་པར་སྨོན།།
སྒང་དྲུག་བོད་ལ་མྱུར་དུ་ཕེབས་པར་སྨོན།།
སྤུར་རྒྱལ་སྤུན་ཟླའི་རེ་སྒུག་འགྲུབ་པར་སྨོན།།
ཁྱེད་སྐུ་ནད་མེད་ཁྲི་ལོར་ཁྲི་ལོར་སྨོན།།

བོད་རྒྱལ་ལོའི་༢༠༡༥ལོའི་བོད་ཟླ་༤ཚེས༡༨ཉིན་ཤུལ་ལུས་བོད་མིའི་མིང་ཙམ་འཛིན་པ་༼ཨ༽གདུང་སེལ་གྱིས་གོང་ས༧སྤྱི་ནོར་རྒྱལ་བའི་དབང་བོ་མཆོག་རང་ཅག་གི་མགོན་དང་དཔུང་གཉེན་དུ་བཞུགས་ནས་དགོང་གྲངས་བརྒྱད་ཅུར་ཕེབས་པའི་དགའ་སྟོན་དང་འབྲེལ་ཡིད་དགའ་བའི་ངང་ནས་ཤར་མར་བྲིས་པ་དགེའོ།། 
----------------------------

               སྐུ་ཚེ་ཁྲི་ལོར་ཤོག

                 ཨགཞས་ཆུང་།   ཐེན་ཅིན། 

ས་ཡི་གོ་ལའི་སྤྱི་གཙུག་གི་ནོར་བུ་འོད་པོ་ཆེ
གངས་དཀར་པོའི་འདབས་རོལ་ཞས་ཀྱིས་བཀྱག་ནས
ཁྱེད་ཉིད་གང་ལ་བཞུད་སོང་
ཉིན་མཚན་དུས་དྲུག་གི་འཁོར་སྟངས་ཀློང་ནས
བོར་མ་མྱོང་བའི་ནོར་བུ་འོད་ཆེན 

ལོ་ཟླའི་ལྟེབས་གཉེར་གྱི་ཐེམ་སྐས་རེ་ནས
འཁྲེང་ཞེན་དང་དད་འདུན་ཁོག་ལ་བཟུང་ནས
གསོལ་འདེབས་དང་སྨོན་པ་ཞེ་ལ་འཁྱིལ་ནས
མི་ལོ་མང་པོའི་སྐུ་ངལ་བཞེས་སོང་

གངས་ཁ་བ་ཚང་གི་ཉི་མ་སེར་བོ
ཡུལ་འཛམ་བུ་གླིང་གི་ཞི་བདེའི་དེད་དཔོན
ཞི་བའི་རང་གཤིས་ཀྱི་ཕྱག་བྱས་ནས
གུས་པའི་སེམས་འདུན་གྱི་མགོ་སྒུར་ནས
སྐུ་ཚེ་སྐལ་བརྒྱར་བརྟན་པར
གསོལ་འདེབས་སྙིང་ནས་ཞུ

          ཟླ་༦པའི་ཚེས༨ཉིན། 
  ----------------------------

        བསྟོད་ཚིག་དད་པའི་རོལ་མོ།

               རྔ་བ།         ___࿑སྒ་མིང་བ། 

རླབས་ཆེན་ཚོཊ་གཉིས་ཡོངས་རྫོཊ་པའི། །
ལུང་རྟོགས་བསྟན་པའི་སྙིང་བོའི་གཏེར། །
གཞན་ཕན་པདྨའི་རང་མདངས་དཀར། །
ཕྱག་ན་པད་མོས་དགེ་ལེགས་སྩོལ། །

མཚན་དཔེའི་དཀྱིལ་འཁོར་རྫོགས་པའི་སྐུ། །
རྒྱལ་ཀུན་ལེགས་བཤད་གཅིག་བསྡུས་གསུང་། །
ཤེས་བྱ་མ་ལུས་ཀུན་གསལ་ཐུགས། །
སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་སྩོལ། །

གང་གི་སྐུ་གསུང་ཐུགས་ཀྱི་ཡོན། །
ཕྱོགས་བཅུར་བཞུགས་པའི་རྒྱལ་སྲས་ཀྱིས། །
མ་ལུས་བརྗོད་པར་མི་ནུས་ཀྱང་། །
དད་པས་ངག་འཕྲེང་སྤེལ་ལ་སྤྲོ། །

རྒྱལ་ཀུན་བྱམས་བརྩེ་གཅིག་སྤུངས་པའི། །
མི་ཡི་རྣམ་རོལ་འགྲོ་བའི་མགོན། །
གསང་གསུམ་རྨད་བྱུང་ཆ་ཤས་ཀྱི །
ཡོན་ཏན་བརྗོད་པ་སུ་ཡིས་ནུས། །

དཔག་བསམ་ཤིང་གི་གྲིབ་བསིལ་གྱིས། །
འགྲོ་བའི་ཚ་གདུངས་ཡོངས་བསལ་ཏེ། །
བྱམས་བརྩེའི་འོད་དཀར་ལས་འཁྲུངས་པའི། །
༧གོང་ས་མཆོག་གི་ཞབས་བརྟན་ཤོག །

གང་གི་མཛད་འཕྲིན་མཐའ་བྲལ་བ། །
བསྟན་པའི་ལག་རྗེས་བརྗོད་འདས་པ། །
གདུལ་བྱའི་སྐྱེ་འགྲོ་བགྲངས་མེད་པ། །
གང་གི་མཛད་བཟང་སུ་ཡིས་བརྗོད། །

ཁོང་གི་ཐུགས་བསྐྱེད་སྨོན་ལམ་གྱིས། །
འཛིན་མའི་ཁྱོན་འདིར་ཆོས་སྒྲས་འགེངས། །
འགྲོ་བ་ཡོངས་ལ་ཞི་བདེས་ཁྱབ། །
གངས་ཅན་མགོན་དུ་རྟག་བརྟན་ཤོག །

ལོ་རྒན་བརྒྱད་ཅུའི་ཁུགས་སོ་ན། །
ཞལ་འཛུམ་གསེར་གྱི་འོད་ཧེམ་ཧེམ། །
འཚེར་བའི་ཟླ་མེད་རྒྱལ་སྲས་ཁྱེད། །
འགག་མེད་བསྐལ་བརྒྱར་བརྟན་པར་ཤོག །
༢༠༡༥/༦/༢ཉིན།
----------------------------

དྲན་གདུང་དད་པའི་རླབས་ཕྲེང་།

རྩོམ་པ་བོ། བ་ཡོད་གྲགས་པ་རྒྱལ་མཚན།   

བྱམས་བརྩེའི་བདུད་རྩི་ཞི་བདེའི་གསོས་སུ་འཁྱིལ།།
ཟླ་བྲལ་ཤེས་རབ་འཁྲུལ་མེད་གདམས་པས་མངོན།།
ཐབས་ཤེས་ཟུང་འབྲེལ་ཕྱག་བཞེས་ཁྲོད་དུ་གསལ།།
ཞི་བདེའི་བླ་མ་དམངས་གཙོའི་དེད་དཔོན་མཆོག།

གྲངས་ཉུང་མི་རིགས་ཤིག་གི་འཁོར་ཡུག་ལས།།
འཁའ་རུ་བགྲོད་དེ་གླིང་བཞིའི་དཔལ་དུ་འཕུར།།
དབང་མེད་གཞན་ཡུལ་འགྲིམ་པའི་དགེ་སྦྱོང་ཞིག།
རྒྱལ་ཁབ་ཡོངས་ཀྱི་བླ་ན་གདུགས་བཞིན་འཁོར།།

རྩུབ་མོའི་དྲག་མཚོན་དུག་བཞིན་རྒྱང་དུ་དོར།།
གནོད་པའི་ལན་དུ་བརྩེ་བས་འཁོན་ལན་སྤྲད།།
གདུག་པའི་དམག་དཔུང་ཞི་བས་ཕམ་མཛད་དེ།།
ཐམས་ཅད་ཁྱེད་ཀྱི་བྲན་དུ་སྤྲིན་བཞིན་བསྡུས།།

རྟེན་འབྱུང་ལྟ་བས་སྤྲས་པའི་ལེགས་བཤད་ཀྱིས།།
ཤར་ནུབ་ཚན་རིག་མཁན་དག་འབངས་སུ་བཀུག།
འཛམ་གླིང་མཁས་པའི་གཙུག་རྒྱན་ཡིད་བཞིན་ནོར།།
གདུལ་བྱའི་མགོན་དཔུང་དམ་པར་རྟག་བཞུགས་ཀྱཻ།།

འགྱུར་སྐྱེན་ལོ་ཟླའི་གོམ་འགྲོས་བཞུད་བརྡའི་ཁྲོད།།
དྲན་གདུང་རླབས་འགྱུས་ཚོར་ཁམས་བླ་འོག་བརྗེ།།
མ་མཇལ་མཆི་མའི་ཆབ་ཀྱི་མཆོད་སྐྱེམས་འདིས། །
རེ་སྒུག་འབོད་ཚིག་བྲག་ཅར་འཐབ་བཞིན་ཡོད།།

གཞིས་ལུས་ཆོལ་གསུམ་བོད་མིས་དུས་དྲུག་ཏུ།།
ཁྱེད་ཞལ་མཇལ་ལ་སྒུག་ཡུན་རིང་དྲགས་སོང་།།
ངོ་མཚར་མཛད་འཕྲིན་གཞན་དུ་རྒྱས་མོད་ཀྱང་།།
བླ་སློབ་མྱུར་འཛོམས་སྐལ་བཟང་མ་གཡེལ་ཀྱཻ།།

ཁྱེད་སྐུ་བརྟན་ལ་དགའ་བ་འབུམ་གྱིས་བརྟས།།
མ་མཇལ་བགྲེས་འདི་གདུང་བའི་སྣོན་མར་གྱུར།།
དགའ་སྐྱོ་འདྲེས་མའི་ཚོར་འདུའི་གཡུལ་ས་ནས།།
དད་འདུན་འབུམ་གྱིས་གྱ་སྟོན་བསུ་བཞིན་ཡོད།།

དགུང་གྲངས་བརྒྱད་ཅུའི་ཐེམ་སྐས་བཞེས་ན་ཡང་།།
བཅུ་དྲུག་ལང་ཚོའི་གཞོན་ཉམས་རྣམ་བཀྲ་ཞིང་།།
མཁྱེན་དཔྱོད་ཉི་མའི་གཟི་མདངས་རབ་རྒྱས་ཏེ།། 
སྐྱེ་རྒུའི་མགོན་དུ་བསྐལ་བརྒྱར་བཞུགས་ཤིག་ཀྱཻ།།
ཞེས་པ་འདི་ནི་ ༧ གོང་ས་སྐྱབས་མགོན་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་ཏེ། གུས་ཕྲན་(བ་ཡོད་གྲགས་པ་རྒྱལ་མཚན་)དུ་འབོད་པས། བོད་རྒྱལ་ལོ་ ༢༡༤༢ བོད་ཟླ་ ༤ ཚེས་ ༡༦ ཉིན། སོར་བཅུའི་འདབ་མ་སྙིང་གར་ཟུམ་སྟེ་གུས་པས་སྦྱར་བའོ།།
----------------------------

༧ རྒྱལ་བ་བསྟན་འཛིན་རྒྱ་མཚོ།

ཧོར་ཞི་བདེ་རྒྱ་མཚོ།
ཁྱེད་ཀྱང་ཁྱེད་རང་གི་ལྟ་བ་ཚིགས་སུ་བཅད་དེ།།
ངས་ཀྱང་ང་ཉིད་ཀྱི་སྣང་བ་མདུན་དུ་བཞག་སྟེ།།
སུས་ཀྱང་སུ་ལ་ཡང་སྒེར་གཅོད་བག་ཙམ་མེད་པར།།
བརྩེ་བའི་ཉམས་ལེན་དེ་བསྐྱང་ཚུལ་ཡང་ཡང་གསུང་གི།།

དཔེ་ཐོག་བྲོ་རྡུང་གིས་ས་རྒྱ་མི་ཆོད་གསུང་གི།།
བརྩེ་བ་དམར་དམར་ཞིག་ལག་ལ་ཨེ་ཞོག་ལྟ་གི།།
ལམ་དང་ལུགས་སྲོལ་ཞེས་འཛེར་མ་བརྡབས་པ་འདྲ་དེ།།
མི་འགྱུར་ཚད་ཐིག་ཅིག་མིན་པ་གོ་དགོས་གསུང་གི།།

བདེ་ས་འཇམ་ས་རུ་ཞེན་པ་ཨ་འཐས་ཤིག་གིས།།
ཟ་ཆོག་འཐུང་ཆོག་གིས་འཆི་སྒུག་མ་གནང་གསུང་གི།
ལོ་ཟླའི་སྐེ་ཚིགས་དེ་བསྲིངས་ནས་མ་བསྒོར་གསུང་གི།
སྟོང་ཚེགས་འབུམ་ཚེགས་ཀྱིས་སྐྱར་ཁྲིད་དམར་ཁྲིད་གནང་གི།

དང་དོང་འབར་འབུར་གྱི་འཇིག་རྟེན་ཁྲ་ཁྲ་ཡིན་གསུང་།།
གཡག་སྣ་ཁུ་ཚུར་དེ་རྡོ་དང་དབྱུག་པ་ཡིན་གསུང་།།
ཀྱག་ཀྱོག་གྱང་གྱོང་གིས་ལམ་ཁ་མ་འགོག་གསུང་གི།
རྨང་གཞི་འདི་འདྲ་ནས་ཞིབ་དང་ནན་གྱིས་གནང་གི།

སྲིད་པའི་ཤ་གསེང་ནས་རུས་པ་བཅག་སྟེ་བཙལ་བས།།
གསུང་གི་ཟུར་རེ་ཡང་སྙིང་ལ་ཟུག་ནས་བུད་འགྲོ།།
འཁོར་བའི་རུས་གསེང་ནས་མགོ་བོ་བཀས་ཏེ་རྙེད་པས།།
འཛུམ་གྱི་ཆ་རེས་ཀྱང་སེམས་པ་བསྡུས་ནས་བུད་འགྲོ།།

བློ་དང་ཐོས་པ་དེ་སྒྲུབ་པའི་རྨང་དུ་བཞག་ཚུལ།།
བྱམས་དང་ཤེས་རབ་ཀྱིས་མུན་པ་དོང་དུ་སྤྲུགས་ཚུལ།།
དད་པ་དག་སྣང་གི་ཕག་ནས་ལྟ་དགོས་མེད་པའི།།
ཉི་མ་སེར་པོ་འདི་བྲིས་ནས་བྲིས་ཚོད་མི་འདུག།

ཟབ་མོ་བརླིང་པོ་དག་འབྲི་ཡང་ཤེས་པ་མི་འདུག།
འདྲ་བོ་འདྲ་བོ་དག་ཟློས་པར་དགོས་པ་མི་འདུག།
དེ་རིང་སྲིད་པ་འདིའི་ཟུར་ཁར་བརྡར་ཚུལ་ཞིག་གིས།།
རྣམ་ཐར་ཆེན་མོ་དེའི་ངོས་གཅིག་འདི་ལྟར་མཐོང་སོང་།།

བརྒྱད་ཅུའི་འཁྲུངས་སྐར་བསུ།



རྩོམ་པ་པོའི་མིང་གི་ཀ་མད་བཞིན་བཀོད་ཡོད།
བདེན་པའི་འཁྲུངས་སྐར།

           གངས་བཙན་པོ།

མུན་པའི་ཁྲོད་ནས་རེ་བ་ལྷག
ཡིག་ཆུང་བྲིས་ནས་ཉི་མ་ཟད།།
དུང་གི་ཉི་ཟླ་དཀར་གསུམ་ནི།།
བོད་ཡུལ་སྐྱིད་པའི་གཞི་མ་ཡིན།།
དེ་རིང་བཀྲ་ཤིས་ཉི་མ་བཟང་།།

ཤིང་མོ་ལོ་ཡི་ཚེས་གཅིག་ཉིན།།
སྐྱིད་སྡུག་འདྲེས་མའི་ལོ་ཟླ་ཚེས།།
དགའ་སྐྱིད་དུས་ཀྱི་ཁ་བཏགས་བཟུང་།།
དགུང་གྲངས་བརྒྱ་ཅུའི་དབུགས་ལམ་འཐེན།།
དེ་རིང་བཀྲ་ཤིས་ཉིན་བཟང་ཡིན།།

དེད་དཔོན་ཁྱེད་ཀྱིས་འཛུམ་མདངས་ངོགས།།
འཛམ་གླིང་ཡུལ་མིས་དུས་སྟོན་རོལ།།
བསིལ་ལྡན་བོད་མིའི་ལུགས་སྲོལ་ལྟར།།
གཞིས་ཁྱིམ་གཅིག་ལ་མཉམ་འཛོམས་བྱས།།
དེ་རིང་ཉི་མ་དྲོད་ཀྱིས་བསུ།།

བྱམས་བརྩེས་བདུད་རྩི་ཆུ་རྒྱུན་འོག།
ཟླ་བྲལ་རིག་པའི་ལང་ཚོ་སྨིན།།
ཐབས་ཤེས་ཟུང་འབྲེལ་ཕྱག་གཉིས་ཀྱིས།།
གྲངས་མེད་མགོན་མེད་སྐྱབས་སུ་གྱུར།།
དེ་རིང་ཡོངས་ཀྱིས་བཀའ་དྲིན་བསུ།།

རྟེན་འབྱུང་ལྟ་བའི་ལུགས་བཟང་བཟུང་།།
ཤར་ནུབ་ཚན་རིག་ཆེད་མཁས་དག།
ཟུང་འབྲེལ་ཡ་མཚན་གནས་ལུགས་ལ།།
རྫུན་པའི་གནད་ཀྱིས་མ་གོས་པར།།
དེ་རིང་ཁྱེད་ཉིད་བདེན་པའི་བསུ།།

རྩུབ་མོའི་དྲག་མཚོན་མང་ན་ཡང་།།
འཇམ་པོའི་ཞི་བདེའི་ལམ་ཁར་བསྟན།།
རྣམ་དཔྱོད་རིག་པའི་སྒོ་མང་དེར།།
སྔོན་རབས་མཁས་པའི་གཟེངས་ལས་མཐོ།།
དེ་རིང་ཁྱེད་ཉིད་དགུང་ནས་བསུ།།

འཇིགས་རུང་ལོ་ཟླའི་དམག་རུམ་ནང་།།
དགུང་གྲངས་བརྒྱ་ཅུའི་ཐེམ་སྐེས་འཛེགས།།
ས་ཡ་དྲུག་གི་བདེ་སྡུག་ཁུར།།
མི་རིགས་ཤིག་གི་ལས་དབང་གླེང་།།
དེ་རིང་ཁྱེད་ཉིད་དྲིན་གྱིས་བསུ།།

གཞིས་ལུས་བོད་མིའི་སྙིང་སྟོབས་བཟུང་།།
ཁྱེད་ཉིད་མ་མཇལ་ཡུན་རིང་ལྷག།
དྲན་གདུང་ལྕི་མོས་ན་ཟུག་མང་།།
རེ་སྒུག་འབོད་ཚིག་མང་པོ་དག།
དེ་རིང་དྲན་ཏེ་དྲིན་གྱིས་བསུ།།

དགུང་ལོ་བརྒྱད་ཅུའི་ཁུག་སོ་ན།།
གདོང་ལ་འཛུམ་མདངས་འོད་ཆེམ་ཆེམ།།
བྱིན་ཆེན་ཟེགས་མའི་ཆ་ཤས་དག
བཀྲ་ཤིས་གཡང་གི་རྭ་བར་འཁྱིལ།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་བསུ།།

ཆོས་ལུགས་དག་གི་སྒོ་ཁ་ན།།
སྟོན་པ་རེ་རེའི་ལམ་སྟོན་ཡོད།།
ལུགས་བཟང་སྲོལ་རྒྱུན་མང་ན་ཡང་།།
མཐུན་བསྒྲིལ་ཟེར་པའི་སྲོལ་བཟང་དཀོན།།
དེ་རིང་ཁྱེད་ཉིད་སྙིང་ནས་དྲན།།

རིས་མེད་ཕྱོགས་ལ་གནད་དུ་འཛིན།།
སེམས་ཅན་ཡོངས་ལ་ཕན་པར་གསུང་།།
བདེ་སྐྱིད་ཡོངས་ཀྱི་གཞི་མ་ནི།།
མཐུན་སྒྲིལ་ཟེར་བའི་མིང་དོན་བསྟན།།
དེ་རིང་ཁྱེད་ཉིད་དོན་གྱིས་བསུ།།

གཡམ་རྒྱུགས་ལས་ཀྱི་མ་གོས་པ།།
འགྲན་རྩོད་ཕྱོགས་ཀྱི་མ་ལྷད་པར།།
ཕྱི་ནང་གད་སྙིགས་སོ་སོར་འབྱེད།།
ཤེས་རིག་སྙིང་སྟོབས་གོ་ཆས་གཡོགས།།
དེ་རིང་ཁྱེད་ཀྱི་སྙིང་སྟོབས་དྲན།།

སྟོད་ལ་བལྟས་ན་རྫིག་ཉམས་ཉམས།།
སྨད་ལ་བལྟས་ན་སྐྱོ་ཉམས་ཉམས།།
དབུས་ཀྱི་དབུས་ལམ་དཀར་པོ་དེ།།
ཁྱེད་ཀྱི་ལམ་ཁ་ཁོ་ནར་ངེས།།
དེ་རིང་ལམ་སྟོན་ཁྱེད་རང་བསུ།།

བརྩེ་བ་དག་དྲོད་ཀྱིས་བསྐྱངས་སོང་།།
ཞི་བདེ་དག་ཉམས་སུ་བླངས་སོང་།།
བདེན་པ་དག་གནས་ལུགས་བསྟན་སོང་།།
མང་གཙོ་དག་ལམ་ཁར་མངགས་སོང་།།
དེ་རིང་འདིར་ཁྱེད་ཉིད་རྒྱལ་ལོ།།


   ༢༠༡༥/༧/༦
-----------------------------------

ཁྱེད་ཀྱི་འཁྲུངས་སྐར།   དབྱངས་ཀྱི་འགྱུར་ཁུག 
ལྕོག་གནའ་མྱི།
ཡུན་རིང་ཞིག་སོང་རྗེས་ད་གཟོད་ང་ཚོའི་སེམས་ཁོང་ན་ཡང་དང་བསྐྱར་ཏུ་འཁོར་འོང་བ་ནི་ཨ་མ་ཞིག་གི་བརྩེ་བ་རྣམ་དག་ཅིག་ཡིན་ངེས་ཤིང ། ཡང་ན་དཔྱད་ཤེས་དང་བདེན་འཚོལ་ཁྲོད་ན་ཕ་ལམ་ལྟར་འོད་དུ་འཚེར་བའི་མི་དབང་ཞིག་གི་སྒམ་ཚིགས་ཤིག་ཀྱང་དེ་བས་ཡིན་ཆོག ། དོན་དངོས་ཐོག་ཁོང་ནི་ཕ་མ་ལས་ཀྱང་བརྩེ་མདངས་ཆེ་ཞིང་། ཉི་མ་ལས་ཀྱང་དྲོད་ཁོལ་འབར་བའི་སྐྱོན་གྱིས་མ་གོས་པའི་འོད་ཀྱི་གོང་བུ་ཞིག་ཀྱང་གཏན་ཏུ་ཡིན་ངེས་ཤིང་། དུས་ཚོད་ཀྱི་རྒྱུན་དང་འགྲོགས་ཤིང་ཅང་ཤེས་ཀྱི་རྟ་ཁ་གཅུ་བའི་འཇིན་རྟེན་འདིའི་རི་ལུང་ཐང་གསུམ་གཤགས་པའི་སྔོན་ཐོན་པ་གཅིག་པོ་དེ་ཡང་ཅིས་ཀྱང་ཡིན་ངེས ། 

ས་ཆེན་འདི་འོད་སྣང་ལ་འཁྱུད་ཅིང་སྒམ་ཚིགས་གང་ཞིག་གིས་གཞུང་ལམ་གཤགས་ཏེ་ཕ་རོལ་པོའི་ཆེས་མཐའ་ཐུག་དེ་རྙེད་དུས །ཁྱེད་རང་ཁོ་ན་བར་སྣང་འདི་ནས་འགྲུད་བཞུད་ཀྱི་མེ་ཟླུམ་འོད་ཆེམ་ཆེམ་དེ་ཡིན་གཤིས ། གནམ་མིག་འདི་ཅི་ཙམ་རྒྱ་ཆེ་ན་ཡང་ཁྱེད་ཀྱི་གོམ་ཁ་ལའང་ཚད་ཅིག་གཏན་དུ་ཡོད་མི་སྲིད་དེ ། སུ་ཞིག་ལ་འགྱེད་པའི་འོད་ཞགས་སྣུམ་པོ་དེ་ནི་བསྐལ་བ་དུ་མ་ཞིག་གི་འབད་པ་ལས་གྲུབ་ཅིང་ཀུན་སློང་རྣམ་དག་ཅིག་གིས་འགྲོ་གྲན་ལས་བྱུང་བ་ཞིག་གཏན་དུ་ཡིན་པས་སོ ། འདི་ལྟར་འོད་སྣང་ཞིག་བསུ་རྗེས་འདང་ནུབ་ཀྱི་མུན་པ་ནག་པོ་ལ་གྱེས་བརྡ་གཏོང་རན་ཅིང ། སེམས་པའི་སྨྲིག་ལོང་གི་རྗེས་ཤུལ་སྙེགས་པའི་ཆུ་ཐིགས་འདི་ཁོ་ན་ད་གཟོད་ཁྱེད་ཀྱིས་ང་ཚོ་ལ་བྱིན་པའི་དྲོད་ལྷང་ལྷང་གི་བརྩེ་མདངས་དེ་ཅིས་མ་ཡིན །

རྟག་ཏུ་བསམ་གཞིག་གི་བར་སྣང་ན་འོད་དུ་འཚེར་ཞིང་དད་འདུན་གྱི་མེ་ལོང་ངོས་སུ་གཏན་ཏུ་གཟིམ་མ་མྱོང་བའི་ཁོང་ནི ། དཀར་ལམ་མེར་འོད་སྣང་གིས་འཁྱུད་པའི་གཤོག་པ་ཞིག་གིས་ཡོད་ཚད་ཀྱི་མདུན་དུ་བདར་གྱིན་ཆེས་མཐོ་ས་ཞིག་ནས་ཕྱི་མིག་གི་གན་རྒྱ་འཇོག་དུས ། རྒྱང་ཤེལ་བ་ཚོས་ད་དུང་འཁྲུལ་བ་ཡི་ཕུང་པོ་འབའ་ཞིག་ལ་ཅི་ཞིག་རྟོགས་ཟིན་པའི་ང་རྒྱལ་གྱི་ཁེངས་ཉམས་སྟོན་ན་ཡང ་། ཁྱེད་ཀྱི་འཛུམ་དམུལ་ཙམ་གྱིས་མི་སེམས་སྟོང་ལ་དགའ་བ་འབུམ་གྱི་མཆི་མ་སྦྱིན་ནུས་པ་ནི་ཅི་ནས་ཀྱང་ཡ་མཚན་བས་ཀྱང་ཡ་མཚན་ཞིག་ཅི་ལ་མིན་ཨང་ །

ངས་འདི་ལྟར་སོར་བཅུ་འདབ་མ་སྙིང་གར་སྦྱར་ཞིང་སྒོ་ལྔའི་ཤེས་པ་ལྷོད་ལ་བཞག་ཏེ་ཀུན་རྟོག་སྒྱུ་མའི་རོལ་དབྱངས་ཤིག་བརྡུང་ན་འདོད་ཅིང་། ཐ་སྙད་ཅིག་གི་སྲང་ལམ་ཉུལ་ཞིང་ཐག་སྐུད་འཐེན་པའི་ངལ་བ་འབུམ་གྱིས་གང་གི་གསང་གསུམ་གསལ་བའི་མཚོན་ཐབས་ཤིག་དེ་བས་གཉེར་ན་འདོད་མོད ། འོན་ཏེ་ཁབ་མིག་ལས་བློ་ཁ་དོག་ཅིང་སྨིག་ལོང་ལས་སེམས་ཁམས་ཉོག་ས་དེ་ནས་འབྲུག་སྒྲ་ལྟ་བུའི་སྐད་ངག་གིས་དབེན་ཞིང་གློག་དམར་ལྟ་བུའི་ཤེས་རབ་ཀྱིས་ཕོངས་པས་སྐྲ་ཉག་བཞིན་རེ་རེ་ནས་ཇི་ལྟར་གསལ་ནུས་སམ ། དེ་ལྟ་ན་ཡང་བདག་ལྟ་བུའི་ཤེས་མེད་གླེན་པ་ཞིག་གིས་ཆར་བཞིན་བསྙིལ་བའི་གང་གི་བླ་མེད་ཀྱི་མཛད་རྗེས་དག་ལ་ཡི་རངས་ཤིག་བྱེད་པ་ཚུན་ཆད་རྣམ་དཀར་གྱི་ཕུང་པོ་ཞིག་ཏུ་ཡིན་པར་ངེས་ན ། ངས་ནི་ཤིས་ཚིག་ཅིག་གི་ཚིག་འགྲོས་འདིའི་ལམ་ནས་བླ་མ་གང་གི་འཁྲུངས་སྐར་གྱི་ཉིན་མོ་དགའ་བ་སྟོང་གིས་བསུ་མ་བྱས ། 
                                                                                     /2015/7/4/ཉིན་གྱི་དགོང་མོར་བྲིས་པ་དགེའོ །།
-----------------------------------

༼ཁྱེད་ཀྱི་འཁྲུངས་སྐར་བསུ།༽

___འཇའ་ཐང་འབྲོག་བུ།
གུམ་གུམ་མདངས་སུ་འཚེར་པའི་སྤྲིན་ཕུང་ཞིག །
ཤར་མཐའི་རི་བོའི་གཙུག་ན་འཁྱུད་པ་བཞིན། །
དམར་སེར་གོས་ཀྱིས་རྒྱན་པའི་ཞི་བདེའི་དཔོན། །
སྟོང་གསུམ་གསལ་བའི་སྒྲོན་མེ་ཆེན་པོ་ཡིན། །

དད་པའི་མིག་ཟུང་ཡངས་བའི་ཡིད་ངོར་ན། །
ཞལ་ཁྱིམ་ལྷོད་ཀྱིས་གྲོལ་བའི་བླ་མ་མཆོག །
སེམས་ཀྱི་གཅོང་ནད་སེལ་བའི་ཟླ་བ་བཞིན། །
གནམ་སའི་ཁྱོན་ནས་འོད་ཀྱི་གོང་བུ་ཞིག །

དགྲ་གཉེན་ཕྱོགས་རིས་སྤོང་བའི་ཐུགས་དཀར་རུ། །
ཆགས་སྡང་རླབས་ཀྱིས་སྐྱོམ་པའི་མ་རྒན་རྣམས། །
བརྩེ་བའི་དཔྱང་ཐག་རིང་བའི་དན་རྟགས་སུ། །
དགྱེས་འཛུམ་བཞད་སྒྲ་སྙན་མོ་ཤིགས་སེ་ཤིག །

རིང་ནས་ཚོགས་གཉིས་ཆུ་གཏེར་འཕེལ་བ་ལས། །
ཆེ་གྲགས་མཐོན་པོའི་སློབ་གྲྭར་མ་ཕེབས་ཀྱང་། །
ས་ཆེན་མཁས་དགུའི་དབུ་ཡི་ཅོད་པན་ན། །
སྙན་པའི་གཟེངས་རྟགས་རོལ་མོ་ཁྲོལ་ལོ་ལོ། །

དགྲ་ལ་བྱམས་པའི་མིག་ཟུང་ཕྱོགས་སུ་བཀྱེད། །
གཉེན་ལ་དགའ་བའི་འཛུམ་ཞལ་ཁོང་དུ་སིམ། །
དགྲ་གཉེན་ཕ་མར་འཛིན་པའི་དཔའ་བོ་སྟེ། །
གནམ་ས་གཉིས་ཀྱི་ཞི་བདེའི་དེད་དཔོན་ལགས། །

འཛམ་གླིང་ཤར་ནུབ་འགྲིམ་པའི་ལམ་ཁ་ན། །
བགྲང་བྱ་བརྒྱད་ཅུའི་ཁུར་བོ་ལྕི་ན་ཡང་། །
ཐུགས་བསྐྱེད་རྡོ་རྗེའི་བྲག་ལ་བྲིས་པ་ཡིས། །
འགྱུར་མེད་སྐུ་ཡི་གོམ་སྟབས་ཐགས་སེ་ཐག །

ཕ་གཞིས་དགྲ་ལ་ཤོར་བའི་གཞན་ཡུལ་ནས། །
རང་སེམས་ཆུ་ལས་འཁྱགས་པའི་བར་སྣང་གི །
གཟའ་སྐར་འཕྲོད་སྦྱོར་དགེ་བའི་དུས་བཟང་ལ། །
བཀྲ་ཤིས་བསྟོད་ཚིག་གླུ་ཡིས་འཁྲུངས་སྐར་བསུ། །

ལྷ་དང་སྲུང་མའི་བཀའ་ལུང་བདེན་པ་དང་། །
སྐུ་དང་གསུང་ལ་སྐྱེ་འགག་བྲལ་བའི་ཕྱིར། །
ཁམས་གསུམ་འགྲོ་བའི་དེད་དཔོན་རིན་པོ་ཆེ། །
རང་ཅག་སྐྱེ་དགུའི་མགོན་དུ་བརྟན་པར་བཞུགས། །

༢༠༡༥/༧/༦
----------------------------------

ཤེལ་གྱི་གོང་བུ།
                                        ཐོག་ལྕེ།
གོ་ལའི་ཁྱོན་ལ་འགྲུལ་བཞུད་བྱེད་པའི་བོད་པ་ཞིག།
བརྩེ་བའི་འོད་སྣང་ཀུན་ལ་འཕྲོ་བའི་དེད་དཔོན་ཞིག།
ཤཱཀྱའི་བསྟན་པ་ཁུར་དུ་འཁྱེར་བའི་དགེ་སློང་ཞིག།
ཁ་བ་གངས་རིའི་ལྗོངས་འདིར་བོད་མིའི་མགོན་དུ་བྱོན།།
དཔྲལ་བའི་མིག་ཏུ་འཁྱིལ་བའི་འོད་ཀྱི་གོང་བུ་ཞིག།
སྲིད་པའི་མུན་ཁུང་ནང་གི་གསེར་གྱི་ཚེ་འབར་ཞིག།
ཟླུམ་གཟུགས་གོ་ལའི་སྟེང་གི་འོད་ཐིག་དཀར་པོ་ཞིག། 
སྟག་འཚེར་གྲོང་ནས་འཁྲུངས་ཤིང་སྲིད་པའི་རྩེ་རུ་ཕེབས།།
འཁོར་བའི་རྒྱ་མཚོ་ཆེན་པོའི་ཕ་མཐར་བགྲོད་པ་ཞིག།
བྱམས་པའི་རང་གཟུཊ་བརྩེ་བའི་བདག་ཉིད་ཅན་པ་ཞིག།
རིགས་དྲུག་མགོན་དུ་སྲིད་པར་སྐྱེ་བ་བཞེས་པ་ཞིག།
རྒྱལ་ཁའི་གླུ་དང་འགྲོགས་ཏེ་མི་ལོ་བརྒྱད་བཅུར་བྱོན།།

ཁྱེད་སྐུ་རྟག་བརྟན་རྡོ་རྗེ་གཤིས་སུ་གྲུབ་ན་ཡང་།།
སྣང་བའི་ངོས་སུ་ཤ་ཁྲག་གདོས་བཅས་ཕུང་པོ་ཡིན།།
གོ་ལའི་འགྱུར་བག་རླུང་འཚུབ་དྲག་པོ་ལྡང་བའི་དུས།།
རིཊ་དྲུག་མགོན་དུ་བཞུཊ་རོཊ་ལྷ་སྐལ་སྤྱན་རས་གཟིགས།།
----------------------------------

བརྒྱད་ཅུའི་འཁྲུངས་སྐར་བསུ།

བློ་བཟང་ལྷུན་འགྲུབ།


གངས་ལྗོངས་མདོ་ལ་རིང་མོའི་འདབས་རོལ་ན།།
འཁྲུངས་པའི་ཁྱེའུ་ལྷ་མོ་དོན་གྲུབ་ཁྱེད།།
ལང་ཚོ་མེ་ཏོག་པདྨ་འདབ་བརྒྱད་དེ།།
བསིལ་ལྡན་དག་པའི་ཞིང་དུ་མངོན་པར་བཞད།།

ན་གཞོན་བཅུ་དྲུག་ལོ་ནས་འགན་ཚང་བཞེས།།
ང་དགུ་ལོ་ནག་སྲིན་བུར་འཐོར་བའི་དུས།།
ཁྱེད་ཉིད་མ་གཏོགས་སྲིད་ན་མ་མཆིས་པས།།
བཀའ་དྲིན་དྲན་བཞིན་བརྒྱད་ཅུའི་འཁྲུངས་སྐར་བསུ།།

འཕགས་པའི་ཡུལ་དུ་ཞབས་ཟུང་མངོན་བཀོད་ནས།།
འཛམ་གླིང་ཡུལ་གྲུ་ཀུན་ཏུ་མཛད་བཟང་ཀྱིས།།
འཚེ་མེད་ཞི་བདེའི་ངོ་མཚར་མཛད་བཟང་སྐྱོང་།།
བཀའ་དྲིན་དྲན་བཞིན་བརྒྱད་ཅུའི་འཁྲུངས་སྐར་བསུ།།

བདེན་དོན་རྔ་སྒྲ་གོ་ལའི་རྩེ་ནས་རྡུང་།། 
རྩམ་གཟན་བོད་མིའི་བདེ་སྡུག་ཐུགས་སུ་བཅངས།།
ཆོལ་གསུམ་ཆིག་སྒྲིག་ཡོང་བའི་ཐབས་ལམ་སྟོན།།
བཀའ་དྲིན་དྲན་བཞིན་བརྒྱད་ཅུའི་འཁྲུངས་སྐར་བསུ།།

མདོར་ན་ཉམ་ཐག་སྡུག་བསྔལ་ཡོངས་སེལ་ཞིང་།།
རྨོངས་པའི་དྲ་བ་རལ་གྲིས་རྒྱུན་བཅད་ནས།།
བདག་སོགས་གདུལ་བྱའི་དཔལ་མགོན་ཡོངས་རྩེ་རུ།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས།།

ཅེས་༸གོང་ས་མཆོག་དགུང་ལོ་བརྒྱད་ཅུ་བཞེས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བྲིས།།

ང་ལ་དགྲ་བོ་སུ་ཡང་མེད།


ཀུན་སྤྱོད་ནི་ཆོས་ལུགས་ལས་གལ་ཆེ་བ་ཡིན་ཞེས་པའི་༸གོང་ས་མཆོག་དང་ཧྥིརན་ཛི་ཨོལ་ཋི་གཉིས་ཀྱི་གསུང་རྩོམ་གསར་པའི་སྔོན་གླེང་།

ང་ལ་ཐུག་མ་མྱོང་བའི་མི་མང་པོ་ཡོད་པ་མ་གཏོགས་དགྲ་བོ་སུ་ཡང་མེད། ལོ་ངོ་ཉི་ཤུའི་ཡར་སྔོན་ཞིག་ལ་ཏཱ་ལའི་བླ་མ་མཆོག་གིས་ང་ལ་དེ་ལྟར་གསུངས་མྱོང་། ཁོང་གིས་ད་དུང་ང་ཚོས་དགྲ་བོའི་ས་ནས་བློ་བསྐྱེད་མང་ཤོས་ལེན་ཐུབ་པས། ཕྱོགས་གཅིག་ནས། དགྲ་བོ་ནི་ང་ཚོའི་དགེ་རྒན་ཡག་ཤོས་དེ་ཡིན་ཟེར། ཤེས་རབ་ཀྱིས་ཕྱུག་ཅིང་། དངོས་ཡོད་དང་མཐུན་པའི་ཚིག་འདི་དག་ནི། འཇིག་རྟེན་འདིའི་སྟེང་གི་ཆེས་ཁྱད་དུ་འཕགས་ཤིང་། མི་ལོ་ཧྲིལ་པོ་ལྔ་བཅུ་ང་དྲུག་རིང་རྒྱ་གར་ནང་བཙན་བྱོལ་དུ་བཞུགས་རྗེས། དགུང་ལོའང་མཐོ་ཤོས་ཡིན་པའི་ཡུལ་གྱལ་བ་ཁོང་གི་གསུང་ཚིག་རེད། སྤྱི་ལོ་1959 ལོ་ནས་བཟུང་། རྒྱ་མིས་བཙན་བཟུང་བྱས་པའི་ཕ་ཡུལ་དུ་སྡོད་དབང་མེད་པར་གཞན་ཡུལ་དུ་འཚོ་དགོས་བྱུང་རུང་། ཁོང་གིས་རྒྱ་མིི་དང་ཁོང་ཚོའི་འགོ་ཁྲིད་ཚོར་སྡང་སེམས་བཅངས་མེད་པ་མ་ཟད། སྐབས་རེེར་དེ་ལས་ལྡོག་སྟེ་རང་ཉིད་དམར་ཕྱོགས་པའི་ནང་པ་ཞིག་གམ། ནང་པ་དམར་ཕྱོགས་པ་ཞིག་ཡིན་ཟེར་བ་མ་ཟད། ཁོང་གིས་ད་དུང་པེ་ཅིང་གི་དམར་ཕྱོགས་འགོ་ཁྲིད་ཚོའི་ཆེད་དུ་སྨོན་ལམ་གསུང་གི་ཡོད་ཟེར་ལ། བཞད་མོ་དང་མཉམ་དུ་ཡུ་རོབ་ནང་ལ་ཡིན་ན། ངས་སྔོ་ལྗང་ཚོགས་པར་Green Party འོས་འཕེན་ངེས་ཡིན། གང་ཡིན་ཟེར་ན། ཁོར་ཡུག་གི་དཀའ་ངལ་འདི་ང་ཚོའི་གསོན་གནས་ལ་ཐུག་ཡོད་ཟེར།

འདས་པའི་ལོ་ངོ་སུམ་ཅུ་སོ་གསུམ་རིང་འདིར་ང་ཚོས་ཁོང་ལ་ཐེངས་སུམ་ཅུ་ལྷག་མཇལ་ཞིང་། བརྙན་འཕྲིན་བཅར་འདྲི་ཐེངས་བཅོ་ལྔ་ལྷག་ཞུས་མྱོང་། གདུང་སེམས་བསྐྱེད་པའི་བཅར་འདྲིའི་ནང་དོན་འདི་འདྲའམ། ཡང་ན་མཚར་སྣང་དོད་པའི་མི་འདི་འདྲར་ཧ་ལམ་མཇལ་མ་མྱོང་། ངས་བཅར་འདྲིི་ཞུས་མྱོང་པའི་མི་སུས་ཀྱང་ཁོང་གི་བཞད་མོ་འདི་འདྲ་བཞད་མ་མྱོང་། ཞིབ་འཇུག་བཅར་འདྲི་survey མང་པོར་ཁོང་ཉིད་འཛམ་གླིང་འདིའི་སྟེངགི་མི་ཡག་ཤོས་སུ་བདམས་ཐོན་བྱུང་བ་དེ་སྟེས་དབང་གིས་བྱུང་བ་ཞིག་གཏན་ནས་མ་རེད། འདས་པའི་ལོ་ངོ་ཁ་ཤས་ནང་འདིར། ཆོས་ཀྱི་དབུ་ཁྲིད་ཁོང་གིས་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིན་ཐང་གལ་ཆེན་ནས་གལ་ཆེན་དུ་འགྱུར་བཞིན་པར་བརྩིས་པ་རེད། དེ་རིང་ཁོང་གིས་གོམ་གང་མདུན་སྤོས་ཀྱིས་ཆོས་ཀྱི་དབུ་ཁྲིད་ཅིག་ལ་ཐུན་མིན་དུ་གྱུར་བའི་སྡོམ་ཚིག་ཅིག་བཀོད་ཡོད། དེ་ནི་ཀུན་སྤྱོད་ནི་ཆོས་ལུགས་ལས་གལ་གནད་ཆེ་བ་ཡོད། ཀུན་སྤྱོད་ནི་ལྷན་སྐྱེས་ཀྱི་ཁྱད་གཤིས་ཡིན་ལ། ཆོས་ལུགས་ནི་སློབ་ནས་གོམས་པ་ཞིག་ཡིན་གསུངས། རྒྱལ་སྤྱིའི་ཁྱོན་དུ་གནང་བའི་གསུང་བཤད་ཁག་ཏུ་ཁོང་གིས་ཆོས་དང་མ་འབྲེལ་བའི་ཀུན་སྤྱོད་རིན་ཐང་དེ་ཆོས་ལུགས་ཀུན་ལས་བརྒལ་ཡོད་པར་ཡང་ནས་བསྐྱར་དུ་གསུང་བཞིན་ཡོད། ཨེལ་བྷརཊི་ཞི་ཝེ་ཛར་Albert Schweitzer གྱིས་རིག་པ་གཅིག་མཚུངས་འདིར་ཚེ་སྲོག་ལ་བརྩི་འཇོག་བྱེད་པ་ཟེར་བའི་ཐ་སྙད་གཞན་པ་ཞིག་བཀོལ་ཡོད། 

ཏཱ་ལའི་བླ་མ་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་རིན་ཐང་དེ་རྒྱལ་ཁོངས་དང་། ཆོས་ལུགས། རིག་གཞུང་བཅས་ཀྱི་ས་མཚམས་བརྒལ་ནས། མི་ཐམས་ཅད་ལ་ལྷན་སྐྱེས་སུ་ཡོད་པའི་རིན་ཐང་མངོན་མཚོན་བྱས་ཡོད་པ་མ་ཟད། དེ་ཉིད་མི་ཚང་མར་འཇུག་པ་ཞིག་ཀྱང་ཡིན། ཕྱི་ཚུལ་ཙམ་དང་། ཕྱིའི་དངོས་པོའི་རིན་ཐང་ཙམ་མ་ཡིན་པར། འདི་དག་ནི་དྲན་པ་ཉེར་བ་བཞག་པ་དང་། སྙིང་རྗེ། སེམས་འདུལ་བ། བདེ་བར་སྙེགས་པ་བཅས་ཀྱིས་མཚོན་པའི་ནང་སེམས་ཀྱི་རིན་ཐང་ཡིན། ཁོང་གིས་གལ་སྲིད་ང་ཚོས་རང་ཉིད་ལ་བདེ་སྐྱིད་བསྐྲུན་འདོད་པ་དང་། གཞན་ལ་བདེ་སྐྱིད་བསྐྲུན་འདོད་ན། ང་ཚོས་སྙིང་རྗེ་སྒོམ་དགོས། ང་ཚོ་ཚང་མས་འཛུམ་གྱིས་ཁེངས་པའི་ངོ་རིས་ལས། ཁྲོ་གཉེར་གྱིས་ཁེངས་པའི་ངོ་རིས་མཐོང་འདོད་མེད་ཟེར། 

ཏཱ་ལའི་བླ་མའི་ཡིད་ཆེས་ཀྱི་སྲོག་ཤིང་གཅིག་ནི། མི་ཐམས་ཅད་བདེ་བ་དོན་དུ་གཉེར་བ་དང་། སྡུག་བསྔལ་ལ་གཡོལ་བར་འདོད་པའི་བློ་འདིས་གཅིག་ཏུ་སྒྲིལ་ཡོད་པར་འདོད་པ་དེ་རེད། འདི་ནི་མིའི་རིགས་ཀྱི་ཆེས་རླབས་ཆེ་བའི་ལེགས་གྲུབ་ཀུན་གྱི་འབྱུང་གནས་རེད། རྒྱུ་མཚན་དེ་ལ་བརྟེན་ནས། ང་ཚོས་ང་ཚོ་འགྲོ་བ་མི་ཞེས་པའི་མིང་ཚིག་འདི་དག་ཏུ་རྩ་བ་ཚུགས་ཡོད་པའི་གཞི་རྩའི་ངོ་བོ་ཞིག་ལ་བསམ་བློ་གཏོང་བ་དང་། ལག་ལེན་བསྟར་དགོས། 

ཏཱ་ལའི་བླ་མ་མཆོག་གི་དགོངས་པ་ལྟར་ན། ཆོས་ལུགས་དང་མ་འབྲེལ་བའི་ཀུན་སྤྱོད་མེད་པར། ང་ཚོའི་མིག་མདུན་གྱི་དཀའ་ངལ་ཚང་མ་སྟེ། དབུས་ཤར་Middle East རྒྱལ་ཁག་ནང་དང་། ཡུཀི་རཱན་Ukirine སོ་མཱ་ལི་ཡཱ་Somalia ལྷོ་ཨ་ཧྥི་རི་ཀ་སོགས་ནང་གི་དམག་འཁྲུག་དང་། རྒྱལ་སྤྱིའི་ཁྱོན་དུ་མི་གྲངས་ས་ཡ་ཉི་ཤུ་ལྷག་བཙན་བྱོལ་བར་གྱུར་པའི་གནས་སྟངས། ནཱ་ཇེ་རཱི་ཡཱ་Nigreia དང་ཨཧྥི་གྷནི་སི་ཐནAfghanistan ནང་གི་ནང་འཁྲུག གནམ་གཤིས་ཀྱི་འགྱུར་ལྡོག་དང་ཁོར་ཡུག་གི་དཀའ་ངལ། རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས། རྒྱལ་སྤྱིའི་ཁྱོན་གྱི་བཀྲེས་ལྟོགས་ཀྱི་དཀའ་ངལ་སོགས་ཚང་མ་སེལ་མི་ཐུབ། འཆད་རྒྱུའི་གསུང་གླེང་ཁག་ཏུ་ཁོང་གིས་རང་ཉིད་ཀྱི་གསར་བརྗེའི་རང་བཞིན་ལྡན་པའི་སྡོམ་ཚིག་ཁག་ལ་གསལ་འགྲེལ་དང་རྒྱས་འགྲེལ་མཛད་ཡོད་ལ། ཏཱ་ལའི་བླ་མ་མཆོག་གིས་བཏོན་པའི་བླང་བྱ་ནི་གདུང་སེམས་དང་སྙིང་རྗེའི་གསར་བརྗེ་ཞིག་སྟེ། ཁོང་གི་འདས་པའི་གསར་བརྗེ་ཡོངས་རྫོགས་གཅིག་ཏུ་བསྡུས་པའི་གསར་བརྗེ་ཞིག་རེད། གདུང་སེམས་དང་སྙིང་རྗེ་མེད་ན། འཕེལ་འགྱུར་འདི་མ་གཞི་ནས་འགོ་འཛུགས་ཡོད་མི་སྲིད། 

སྤྱི་ལོ་2015 ལོའི་ཟླ་དང་པོའི་ནང་། ཧྥ་རན་སིའི་རྒྱལ་ས་པེ་རཱ་སི་Paris རུ་གནས་བཅས་པའི་ཤཱག་ལིས་ཧེབ་ཌོ་Charlie Hebdo རབ་གཏགས་གསར་ཤོག་གི་རྩོམ་སྒྲིག་ཁང་དང་། ཇིའུ་མི་རིགས་ཁྲོམ་རྭ་ཆེན་མོ་སོགས་སུ་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པས་བཙན་འཛུལ་དང་འཇིགས་སྣང་སྐུལ་དུས། ཏཱ་ལའི་བླ་མ་མཆོག་གིས་མཚམས་རེར་ངའི་བསམ་པར་ཆོས་ལུགས་ཟེར་བ་ཞིག་གཏན་ནས་མེད་ན་ཡག་ག་ཡོད་ས་རེད་དྲན་གྱིན་འདུག ཆོས་ལུགས་ཐམས་ཅད་དང་། ཆོས་དཔེ་ཐམས་ཅད་ཀྱིས་མངོན་དུ་མ་གྱུར་བའི་དྲག་སྤྱོད་སྦས་སྐུང་བྱེད་བཞིན་ཡོད། རྒྱུ་མཚན་དེའི་དབང་གིས་ང་ཚོར་ཆོས་ལུགས་ཐམས་ཅད་ལས་བརྒལ་བའི་ཀུན་སྤྱོད་མཁོ་བ་རེེད། སློབ་གྲྭ་ཁག་ལ་མཚོན་ན་ཆོས་ལུགས་འཛིན་གྲྭ་ལས་ཀུན་སྤྱོད་ཀྱི་འཛིན་གྲྭ་ཚུགས་རྒྱུ་དེ་གལ་གནད་ཆེ་བ་ཡིན། ཅིའི་ཕྱིར་ཞེ་ན། འགྲོ་བ་མིའི་གསོན་གནས་ཀྱི་སླད་དུ་རྟག་ཏུ་ང་ཚོ་ཕྱོགས་དང་རིས་སུ་གཅོད་མཁན་དེར་གལ་གནད་དུ་འཛིན་པ་ལས། ང་ཚོའི་ཐུན་མོང་རང་བཞིན་ངོས་ཟིན་རྒྱུ་དེ་གལ་གནད་ཆེ་བས་སོ་ཟེར། དཔྱོད་ཤེས་འདི་ནི་གཤམ་དུ་འབྱུང་རྒྱུའི་བཅར་འདྲི་འདིའི་སྐུལ་རྐྱེན་ཡིན། 

འདི་ན་འཛམ་གླིང་ལ་བཅོས་སྒྱུར་གཏོང་ནུས་པའི་འཕྲིན་གསར་ཞིག་ཡོད། 

སྤྱི་ལོ་2015 ལོའི་ཟླ་7པའི་ཚེས་6ཉིན་མོར། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོང་དགུང་ལོ་བརྒྱད་ཅུར་སོན་བཞིན་ཡོད། དུས་སྟོན་འདི་ཉིད་སྲུང་བརྩི་ཞུ་ཆེད། དེབ་ཆུང་འདི་ཉིད་འཛམ་གླིང་གི་སྐད་ཡིག་ཆེ་ཁག་ཏུ་དུས་གཅིག་ཏུ་པར་སྐྲུན་བྱས་པ་ཡིན། ཧྥིརན་ཛི་ཨོལ་ཋིས་Franz Alt སྤྱི་ལོ་2015 ལོར་ཇར་མཱན་ནས་སྤེལ།

འདྲེ་རིག་ལྡན་གྱིས་འདི་ཟླའི་ཚེས་4ཉིན་ཨ་རི་ནས་བོད་ཡིག་ཏུ་བསྒྱུར།


སྲོང་བཙན་གྱིས་འདི་ཟླའི་ཚེས་5ཉིན་པར་རིས་ཤིག་ནས་གློག་ཀླད་དུ་གཏགས།

2015/07/04

བརྒྱད་ཅུའི་འཁྲུངས་སྐར་བསུ།


དེ་སྔོན་བཞིན་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་ནི་སྤྲོ་སྣང་དང་དགའ་བ། སེམས་བབ་ལྷོད་པོ་གཏན་ནས་མེད་པར་གྱུར་ཅིང་། འདི་ཉིན་ཅི་ཞིག་བྱེད་དགོས་པའི་མནོ་བསམ་རེའང་འཁོར་གྱི་མི་འདུག ཁོང་གི་དགུང་ལོ་དང་བགྲེས་ཉམས། ཕེབས་བཞུགས་ཀྱི་རྒས་ཚུགས་དེ་དག་མཐོང་སྐབས་ངོ་མ་ཡིན་སེམས་པ་སྐྱིད་པོ་ཞིག་ཁྱོན་ནས་མི་འདུག མི་མང་པོ་ཞིག་ལ་ཁོང་ནི་འགྱུར་མེད་རྟག་བརྟན་ཞིག་དང་འཆི་མེད་རྡོ་རྗེ་ཞིག་ཚུལ་དུ་ཡོད་ལ། དགུང་ལོ་༡༡༣བཞུགས་པ་ཞལ་བཞེས་ཡོད་ཅེས་སྨྲས་ཤིང་བསམས་ཏེ་ཁོང་ལ་ཁེན་པའི་འདུ་ཤེས་དེ་འདོར་ཀྱི་མེད་ལ། ཁོང་གིས་གནང་རྒྱུ་རེད་བསམ་པའི་དྲན་པ་དེའང་གཏན་ནས་བསྐྱུར་འཇོག་མེད་པར་མུ་མཐུད་དེ་སེམས་པ་ལྷོད་པོ་དེ་འདྲུ་ནས་ཆས་བཞིན་ཡོད། 

ཁོང་ཉིད་མཇལ་བའི་ལོ་དེ་ནས་བཟུང་མི་བཅོ་ལྔ་ཙམ་ལ་ཁོང་གི་མཛད་པ་དང་ལེགས་བཤད་རྟག་ཏུ་མཐོང་ཐོས་ཡོད་ཅིང་ངོ་མཚར་བའི་རྣམ་ཐར་ཆེས་མང་པོ་ཞིག་མཇལ་སྐལ་ཐོབ་པ་ནི་ཅི་འདྲའི་སྐལ་བ་བཟང་སྙམ་པ་ཡང་ནས་ཡང་དུ་འཁོར་ཡོང་གི་འདུག བདག་གི་མི་ཚེ་ནང་དུ་ཆེས་དད་པ་སྐྱེས་ས་གསུམ་ཞོགས་ཟེར་ན་ཐོག་ཐོག་མེད་པར་སྟོན་པ་ཐུབ་པའི་དབང་པོ་དང་རྗེ་ཙོང་པ། རྒྱལ་བ་རིན་པོ་ཆེ་གསུམ་ཨང་པོ་བགྲང་རྒྱུ་ནི་ཐེ་ཚོམ་མི་དགོས་པ་ཞིག་ཡིན། ངས་རྟག་ཏུ་ཁོང་གསུམ་པོ་ལ་ཅི་འདྲིའི་མཚུངས་ཆོས་ཞིག་འདུག་ཨང་སྙམ་བཞིན་ཡོད་ལ། རྣམ་དཔྱོད། བཟོད་སྒོམ། བྱམས་བརྩེ། དེ་ལས་ཀྱང་དགའ་ཞིང་དད་ས་ནི་ཞི་དུལ་བག་ཡོད་དང་ཁོགས་ཡངས་ཁེར་ཚུགས། མི་གཞི་དྲང་ལ་མི་ཆོས་དང་བསྟུན་པའི་མཛད་པ་མཐའ་དག་ནི་ང་ཙམ་མིན་པར་སྐྱེ་བོ་རྣམས་ཀྱིས་ཁོང་གསུམ་ལ་དགའ་དད་བྱེད་པའི་རྒྱ་རྐྱེན་གཙོ་བོ་ཡིན། 

རྒྱལ་བ་རིན་པོ་ཆེ་ཟེར་ན་ལྷ་ཞིག་དང་སངས་རྒྱས་དངོས་ཡིན་སྙམ་ནས་དད་པའི་མིག་ཆུའང་འཐོར་མཁན་ཡོད་པ་ནི་དོན་དངོས་ཡིན་རུང་། ངེད་ལ་ནི་ཁོང་ཉིད་སངས་རྒྱས་དང་བྱང་སེམས་རེད་ཨང་སྙམ་པ་ཨུ་ཚུགས་ཀྱིས་སྒོམ་ནའང་དད་པ་དམིགས་བསལ་བ་ཅི་ཡང་སྐྱེ་མ་ཐུབ་ལ་ལྡོག་ཏེ་ཁོང་གི་མི་ཚེ་གཅིག་ཏུ་བཀའ་སྤྱོད་འབོད་བརྩོན་དང་དགའ་སྐྱོ་ཁྲོ་གསུམ་བརྒྱུད་ནས་ཡོང་བའི་སྐྱེ་བོ་ཞིག་ཏུ་མཐོང་བཞིན་ཡོད། ད་བར་གསུང་ཆོས་དང་ལེགས་བཤད། ཆེད་ཁྲིད་དང་དཔེ་ཁྲིད། མྱོང་ཁྲིད་དང་ཟབ་ཁྲིད་ཅེས་པ་བླ་མ་དང་མཁས་དབང་། དགེ་བཤེས་ཚོས་ཅི་བས་མང་པོ་གནང་བཞིན་ཡོད་ནའང་ཁོང་གི་གསུམ་དུམ་རེ་གནང་ལུགས་དང་ཁྲིད་ལུགས་ལ་ནི་བསྡུར་ས་མེད་པ་ཞིག་འདུག་ཅིང་། དེ་ནི་རྒྱལ་བ་རིན་པོ་ཆེ་ཆེ་པོ་ཞིག་ཡིན་པའི་ཐད་ནས་མིན་པར་མི་ཚང་མར་མྱོང་བ་རེ་ཡོད་ཡོད་པ་ཡིན། ངས་ནམ་ཡང་ཁོང་ཉིད་གྲྭ་ཚང་ཞིག་གི་མཁན་པོ་དང་གདན་ས་ཞིག་གི་དགེ་སྐོས་ཡིན་ཚེ་ལས་སྣེ་བཙན་པོ་ཞིག་དང་ཕན་མེད་ཀྱི་ལམ་སྲོལ་ལ་མི་བསྟུན་ཞིང་དགོས་མེད་ཀྱི་ལས་ཀ་མང་པོ་ཞིག་ཆུ་ནང་འཕངས་ཕོད་པའི་ལས་སྣེ་བཙན་པོ་ཞིག་ལོས་ཡིན་སྙམ་ལ། ཁྱིམ་ཚང་ཞིག་གི་ཕ་རྒན་ཞིག་ཡིན་ཚེ་བུ་ཕྲུག་དག་གཅེས་ལོངས་སུ་མི་གཏོང་ལ་སྒྲིག་འཛུགས་ཡོད་པའི་ཁྱིམ་ཚང་བཟང་པོ་ཞིག་སྐྲུན་ཡོད་པ་ཁོ་ཐག་ཡིན་པ་སྙམ། ཁོང་གིས་བཀའ་སློབ་ནན་པོ་དང་མཐའ་ན་ཚོགས་གཏམ་རེ་མ་གཏོང་ན་བསྒྱུར་བཅོས་དང་འགོ་འཛུགས་མི་བྱེད་པའི་ངེད་ཅག་འགོ་མཇུག་ཚང་མའི་ལས་ཀ་ཅུང་ནི་དེ་འདྲ་རྐྱང་རྐྱང་ཡིན་ལ། བོད་དང་ལྷག་པར་བཙན་བྱོལ་ནང་གི་ལེགས་བཅོས་དང་། དེ་ལས་ཀྱང་རི་བོ་དགེ་ལུགས་པ་ད་ཆ་སྤུས་ཀ་བཟང་ཞིང་མི་ཕྱུག་ཆེ་ལ། སློབ་གཉེར་ཡར་ཐོན་དང་སྒྲིག་འཛུགས་ལེགས་པོ་ཡོང་བ་ཁག་༸རྒྱལ་བ་མཆོག་གི་ནན་གསུང་དང་ཚོགས་གཏམ་རེ་རེས་སྐུལ་ནས་ཡོང་བ་ཤ་སྟག་ཡིན། ཁོང་ཉིད་ཞལ་མ་བཞུགས་ན་ངེད་ཅག་གི་ལས་དོན་མང་པོ་ཞིག་སྒྲུབ་ཐབས་མེད་ཅེས་བཤད་པའང་དངོས་ཡོད་ཡིན་པ་ནི་གོང་དུ་བཤད་པ་ལྟར་རེད། ངེད་ཅག་སྣ་ལ་འཇུས་ནས་ཁྲིད་མཁན་མེད་ན་ལམ་དུ་དེ་ཙམ་བསྐྱོད་མི་ཤེས་པའི་མི་རིགས་ཤིག་པས་ཁོང་ཉིད་ལྟ་བུ་ཞིག་མེད་ན་ཕྱོགས་མང་པོ་ནས་དཀའ་ངལ་དང་རྙོག་འཛིངས་ཡོང་རྒྱུ་གཏན་ཁེལ་རེད།

རྒྱལ་སྤྱིའི་ཐོག་ཏུ་ཁོང་ཉིད་ལྷ་དང་བླ་མ་ཞིག་མཐོང་ནས་དད་ཅིང་མོས་པ་མ་ཡིན་པར། འཇིག་རྟེན་སྐྱེ་འགྲོ་མང་པོའི་ཁྲོད་ནས་དཀའ་སྤྱོད་འབད་བརྩོན་ཀྱི་འགག་འཕྲང་རྒལ་ནས་ཡོང་བའི་སྐྱེ་མཆོག་ཅིག་ཡིན་པ་མཐོང་བཞིན་ཡོད་ལ། མི་གཞི་དྲང་ལ་ཁ་ཁོག་མེད་པའི་དྭང་གཙང་བྱིས་པའི་སེམས་ཁམས་ཁུར་ཡོད་པའི་མི་ཞིག་མཐོང་བཞིན་ཡོད། ཁོང་གི་མདུན་དུ་ཡོང་ཞིང་འདུར་བའང་དབང་དང་ལུང་། མན་ངག་དང་བརྒྱུད་པ་ཉན་འདོད་མ་ཡིན་པར་སྐྱེ་མཆོག་ཞིག་གིས་མི་ཚེ་བརྒྱུད་རིམ་ནས་རྙེད་པའི་སྡོམ་ཚིག་དེ་ཉན་དུ་ཡོང་ཞིང་། ཇི་ལྟར་བྱས་ཏེ་མི་ཚེ་དཀའ་ཁག་ནས་གྲོལ་དགོས་པ་དང་། གང་འདྲ་བྱས་ཏེ་དཀའ་སྡུག་ལ་གདོང་ལེན་བྱེད་དགོས་པའི་ལམ་སྟོན་ཉན་དུ་ཡོང་བ་ཡིན་ལ། བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཇི་ལྟར་སྐྱེལ་དགོས་པའི་དྲི་ལན་དེ་ཐོབ་རེས་མི་ཚོགས་ས་ཡ་མང་པོས་ཁོང་གི་མདུན་དུ་རྒྱུག་བཞིན་ཡོད། 



རྒན་ཕྲུག་ཅིག་གི་མིག་ནང་དུ་གསལ་བའི་སེར་བྱེས་མཁན་རིན་པོ་ཆེ།


ལོ་གསར་ཚེས་གཅིག་གི་ཉིན་མོ་དེར་བྱེས་བླ་བྲང་གི་ཕྱི་ནང་གཉིས་ཀ་མི་ཚོགས་ཀྱིས་ཁེངས་ཤིང་ཡར་འགྲོ་མ་སོང་གི་འཚང་ཁ་ཤིན་ཏུ་ཆེ། མཇལ་དར་དྭངས་གཙང་ཁུར་བའི་གྲལ་བསྟར་རིང་པོ་དེའི་སྣེ་མོ་དེར་ངེད་ཀྱང་མཇལ་དར་ཞིག་ཁུར་ཏེ་བྱེས་བླ་བྲང་དུ་གོམ་པ་རེ་རེ་བཞིན་སྤོས་ནས་འགྲོ་བཞིན་ཡོད། བླ་བྲང་གི་སྒོ་འགྲམ་དུ་གྲོ་སོ་ཕྱེ་མ་དང་བྱེ་ཏོག། ཀུ་ཤུ། གྲོ་མ། འབྲས་སིལ། ཁ་ཟས་སོགས་ལོ་གསར་པའི་རྟེན་འབྱུང་དགའ་སྟོན་མཚོན་པའི་སྡེར་ཁ་བཟུང་བའི་དགེ་འདུན་འགས་བང་བསྒྲིགས་ནས་མཇལ་བཅར་གྲུབ་པ་དག་ལ་མཆོད་དང་བཞེས་ཞེས་མི་ཚོགས་ཀྱི་འཚང་ཀའི་ཁྲོད་ན་ཁོམ་ལོང་ཞིག་གཏན་ནས་མེད་འདུག བླ་བྲང་གི་སྒོ་ཆུང་ནས་ཞུམ་ཞུམ་གྱིས་ནང་དུ་སླེབས་ཙམ་བྱུང་། མགོ་བོ་དཀྱག་ཕོད་ལ་མ་ཕོད་ངང་ཕྱག་གསུམ་འཚལ་ནས་མདུན་དུ་སྤུས་མོ་བཙུགས་ཏེ་ཞལ་མཇལ་ཐེངས་གཅིག་ཞུས་པས་ངའི་མིག་ཟུང་གཉིས་པོ་མཆི་མས་གཡོགས་ཤིང་། མགྲིན་པ་བརྣང་བཞིན་"རྒན་ལགས་ལོ་གསར་པ་ལ་བཀྲ་ཤིས་བདེ་ལེགས་"ཞེས་འཕྲོད་ལ་མ་འཕྲོད་ཅིག་ཞུས།
ཁོང་ནི་སེར་བྱེས་མཁན་སྙན་གྲྭ་ཚང་གི་ཡོངས་ཐོག་ཏུ་འགྱིང་བའི་"བྱེས་བླ་བྲང་"དུ་བཞུགས་པའི་སེར་བྱེས་མཁན་རིན་པོ་ཆེ་རེད། མཁན་པོ་གསུམ་གྱི་ཕྱག་རྟགས་བཞེས་མྱོང་བའི་དགེ་བཤེས་དབུ་མ་འཇུག་པ་རེད། མཚན་དངོས་ནི་དགེ་བཤེས་བློ་བཟང་བདེ་ལེགས་ཞེས་ཞུ་མོད། ལོ་རྒྱུས་དང་སྔོན་སོང་གི་རྣམ་པར་ཐར་པ་སྙིང་རྗེ་མོ་ཞིག་གིས་ཁོང་གི་མིང་མདོག་ལ་དགེ་བཤེས་དབུ་མ་འཇུག་པ་ཞེས་ཐོགས་འདུག མིང་མདོག་འདིས་རྟེན་འབྲེལ་གྱི་སྒོ་འཕར་ཞིག་ཕྱེས་ཏེ་ཁོང་གི་སྐུ་ཚེ་དེར་དབུ་མའི་གཞུང་ལུགས་ཙམ་མ་ཟད་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་སྦྱོང་གོམས་མྱོང་གསུམ་བྱས་ཞིང་། མཐར༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོས་ཕྱག་རྟགས་སྩལ་སྣང་གིས་མཁན་པོ་གསུམ་གྱི་མཚན་གནས་བཞེས་པའི་བླ་མེད་ཀྱི་བྱུང་བ་དེ་མངོན་པར་གྱུར། 
སྐུ་རྩེད་གནང་རྒྱུ་དང་གསུང་གླེང་བྱེད་རྒྱུ་དགའ་བའི་རྒན་ཁོང་གིས་ཞལ་རས་ནས་ཆེ་ཚུགས་ཞིག་མེད་པར་གོད་མོ་འཚེར་འཚེར་སྣང་སྟངས་དེར་བལྟས་ན། མཚམས་རེ་རང་ཉིད་མཁན་པོ་ཡིན་པའང་བརྗེད་མེད་དམ་སྙམ་པ་ཞིག་ཡོད། རེད་དེ། ང་ཙམ་མ་ཟད་དགེ་ཕྲུག་སྟོང་ཕྲག་ཁྲོད་ནས་ཁོང་ལ་སྐྲང་སྣང་མི་བྱེད་མཁན་ཨེ་ཡོད་བསམ། ཁོང་ནམ་མཇལ་ལ་སྐྲགས་སྣང་ཞིག་མཉམ་དུ་ཅི་གསུང་དང་ཚོགས་གཏམ་གང་ཞིག་གཏོང་ཡོང་སྙམ་ནས་ཞེད་ཡོང་གི་ཡོད། "དཔེ་ཆ་ག་རེ་ལྟ་གི་ཡོད། ཡར་མཆམ་མར་མཆམ་བྱེད་གི་མེད་པ། དཔེ་ཆ་ཡག་པོ་ལྟོས་ཤོག་"ཅེས་ཚོགས་གཏམ་དང་སྦྲག་ནས་འདི་འདྲ་ཡང་ཡང་གསུང་གི་རེད། དཔེ་ཁྲིད་ལ་བཅར་སྐབས་ཞེད་སྣང་ངང་གཟབ་ནན་དང་གྲུང་པོར་བྱས་ཏེ་མ་སྡོད་ཚེ་ལམ་སེང་བཀའ་དཀྱོན་ཕེབས་ཏེ་ཕྱག་མཇུག་ཞིག་ཀྱང་གནང་ཨེ་ཡོང་སྙམ་པར་བྱེད། ལོ་ངོ་ཧྲིལ་པོ་བདུན་ཙམ་ལ་དཔེ་ཁྲིད་ཆད་མེད་ཞུས་ནས་སོང་ཞིང་ལོ་ངོ་དེ་དག་ཏུ་རྒན་ཁོང་ནི་སྐུ་རླུང་ཚ་པོ་དང་རྒན་ཕྲུག་སྟེང་དུ་ཚོགས་གཏམ་རྐྱང་རྐྱང་གཏོང་མཁན་ཞིག་ཡོད་སྙམ་པ་འདི་རང་འཁོར་མྱོང་། འོན་ཀྱང་རྒན་ཕྲུག་ཚོས་ཁོང་ལ་ཧ་ཅང་དགའ་དད་དང་བརྩི་འཇོག་བྱེད་བཞིན་འདུག་པའི་གནད་དོན་དེ་ངས་ལོ་མང་སོང་རྗེས་གཞི་ནས་ཤེས་པ་ཡིན།རྒན་ཁོང་གིས་ངེད་ཅག་ལ་ཞལ་རས་ནག་ལྷོག་གེ་རེ་བསྟན་པ་ཙམ་ལས་ཁོང་ཉིད་ཐུགས་རྒྱུད་བྱམས་བརྩེ་ཡིས་ཕྱུག་ཅིང་ཁ་ཁོག་མེད་ལ་གཡོ་སྒྱུ་ཁྲམ་གསུམ་འཁྲབ་མི་ཤེས་པའི་མི་ཞིག་ཡིན་ལ། འདྲིས་བདེ་ལ་གཤིབ་ཚེ་གྲྭ་རྐྱང་ཆེས་བཅོས་མ་ཞིག་གི་ཚུལ་དུ་ཡོད།
དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་གསེར་རྒྱུད་གྲྭ་ཚང་གཉིས་པོའི་མཁན་བླ་ཁྱོན་ལོ་ངོ་བདུན་བཞེས་ནས་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་སླར་ཡང་རྒན་ཁོང་ཞིབ་མཇལ་ཐུབ་པའི་སྐལ་བཟང་དེ་ཚེས་བྱུང་། སེར་བྱེས་མཁན་ཁྲིར་ཕེབས་པའི་ལོ་ངོ་འདི་དག་གི་རིང་དུ་ད་གཟོད་གཞི་ནས་རྒན་ཁོང་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་དངོས་མ་དེ་མཇལ་ཞིང་། ཆེ་ཚུགས་དང་སྤོབས་ཉམས། ཚུལ་འཆོས་དང་ཁེངས་དྲེགས་མེད་པར་གྲྭ་རྐྱང་བཅོས་མ་ལྟ་བུའི་མཛད་སྤྱོད་ཀྱི་རྣམ་ཐར་དེ་དངོས་མ་དེ་མཇལ། ༸རྒྱལ་བའི་དབང་པོ་མཆོག་གི་མདུན་དུའང་ཆེ་བཤད་ཆུང་བཤད་བྱེད་མི་ཤེས་པར་རང་གིས་གང་བསམ་པ་དེ་ཉིད་ཞུ་ཕོད་པའི་མཛད་སྤྱོད་དེ་མཐོང་། དུས་དེ་ནས་བཟུང་སྟེ་ཁོང་གིས་རྒན་ཕྲུག་ལ་བཅངས་པའི་བརྩེ་བ་དང་དགེ་ཕྲུག་དག་ལ་ཐུགས་ཁུར་ཆེ་བཞེས་གནང་གི་ཡོད་པར་ཤེས་རྟོགས་བྱུང་ཁར། "དགེ་རྒན་དག་གིས་ཚོགས་གཏམ་དང་བཤེ་བཤེ་མ་གཏོང་ན་ཁྱེད་ཚོའི་མ་འགྲིག་པ་དག་ལ་ནོར་འདུག་ཟེར་ནས་བཤད་མཁན་མེད།" ཁོང་གི་གསུང་དུམ་འདིས་ངེད་ལ་རྒན་ཁོང་གིས་དགེ་ཕྲུག་སྐྱོང་སྟངས་དང་ཁོང་གི་ངེད་ཅག་ལ་གནང་བའི་བཀའ་དཀྱོན་དེ་དག་བཀའ་དཀྱོན་ཞིག་གཏན་ནས་མིན་པར་གདམ་ངག་ཟབ་མོ་ཞིག་ཡིན་པར་ཚོར་ཞིང་རྟོགས་དུས་ང་རང་སེམས་ཁོགས་ནས་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་ངུ་རྒྱུར་རང་དབང་གཏན་ནས་མི་འདུག དེང་སྐབས་ནམ་མཇལ་ལ་རྒན་ཁོང་དང་འབྲལ་མི་ཕོད་པའི་སེམས་ཚོར་ཞིག་ཡང་ནས་ཡང་དུ་འབྱུང་གི་འདུག ད་ནི་ངེད་ཅག་ལ་སྔར་བཞིན་ཚོགས་གཏམ་དང་བཀའ་དཀྱོན་རེ་ཕེབས་ན་ཨང་སྙམ་པ་ཡང་ཡང་འཁོར་བཞིན་ཡོད་ནའང་མཛད་འཕྲིན་གྱི་ཁོམ་སྐབས་མེད་སྟབས། ཞིབ་མཇལ་བྱེད་པའི་དུས་ཚད་དེའང་ཤིན་ཏུ་དཀོན་པར་གྱུར།
དགེ་བཤེས་ལྷ་བཟོས་སྟོད་ལུང་པས་བཀའ་དཀྱོན་གནང་རེ་བཞིན་བཀའ་དཀྱོན་དུ་མི་གོ་བར་ཧེ་རུ་ཀས་བྱིན་གྱིས་བརླབས་པ་འདྲ་རེ་འོངས་གསུངས་པ་དེ་ཡང་སྔོན་བྱུང་གི་ལོ་རྒྱས་ཤིག་དང་གཏམ་རྒྱུད་སྙིང་རྗེ་མོ་རེ་བཀོད་ཙམ་མིན་པར་དོན་ངོ་མར་དེ་ལྟར་ཡོང་རྒྱུ་ཞིག་ཡོད་པར་མགོ་མཁྲེགས་བདག་ལའང་མྱོང་བ་མངོན་སུམ་རེ་བྱུང་།  
བསོད་ཟད་བདག་ནི་བླ་མ་སངས་རྒྱས་སུ་ལྟ་ཐུབ་མཁན་ཞིག་མིན་ལ་དེ་བས་ཀྱང་བླ་མའི་སྐྱོན་དེ་ཡོན་ཏན་དུ་སྒྲོགས་ཐུབ་མཁན་ཞིག་གཏན་ནས་མིན་པས་གང་ཞིག་ཡོན་ཏན་དེ་ཉིད་ཡོན་ཏན་དུ་མཐོང་ནས་བཀོད་པ་ཙམ་ལགས་པས་དགེ་བ་རེ་མཆིས་ན་དགེ་རྒན་ཁོང་སྐུ་ཚེ་བརྟན་པའི་རྒྱུར་འགྱུར་བ་སྨོན། རྫོགས་སོ།།
2014/3/28

2015/07/03

དེ་རིང་ཆེས་མཚར་བའི་གསར་འགྱུར་ཞིག་མཐོང་བ།

ཞི་ལ་ལི་ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེན་མོའི་ནང་ཞུགས་པ།> ཁ་བྱང་འདི་མཐོང་མ་ཐག་བོད་སྐད་ཐོག་ཕབ་བསྒྱུར་བྱས་ཡོད་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ལྷ་རྗེ་ཞི་ལ་ལི་ཞེས་པ་དེའི་ནང་གི་ཞི་ལ་ལི་ཨ་རིའི་སྲིད་འཛིན་དུ་ལངས་པའི་སྐོར་གྱི་དགོད་དྲོ་བའི་ལྟད་མོ་གསར་པ་ཞིག་ལོས་ཡིན་སྙམ་ནས་གསར་འགྱུར་ལ་ཞིབ་ལྟ་ཐེངས་གཅིག་བྱས་པས་ང་རང་གད་མོ་ཤོར་ཏེ་གྲོག་ཁོག་ཀྱང་གཟེར་སོང་། གསར་འགྱུར་དེ་ནི་ལྷ་རྗེ་ཞི་ལ་ལིའི་སྐོར་མ་ཡིན་པར་ཨ་རིའི་སྲིད་འཛིན་ཟུར་པ་ཁེ་ལན་ཊིའི་སྐུ་ཟླ་ལྕམ་ཧི་ལཱ་རིན་ཨ་མི་རི་ཀི་སྲིད་འཛིན་འོས་བསྡུ་ནང་ལངས་རྒྱུ་ཡིན་པའི་སྐོར་གྱི་གསར་འགྱུར་ཚན་པ་བོད་ཡིག་ཏུ་ཕབ་བསྒྱུར་བྱས་པ་ཞིག་རེད་འདུག 

བོད་ཀྱི་གསར་ཁང་དང་རླུང་འཕྲིན། བརྙན་འཕྲིན་ཚན་པ་བཅས་ཀྱི་བརྡ་ཆད་བཀོལ་སྟངས་དང་རྩོམ་བསྒྱུར་བྱེད་ལུགས་རེ་འགས་བོད་ཀྱི་སྐད་ཡིག་གཅིག་འགྱུར་ལ་བར་ཆད་དང་བརྡ་ཆད་གཏན་འབེལ་དང་ཡོངས་ཁྱབ་བེད་སྤྱོད་ལ་འགོག་རྐྱེན་རེའང་འགྱུར་བཞིན་འདུག རེ་བ་ཆེ་བའི་མཚོ་སྔོན་རླུང་འཕྲིན་ཁང་བཅས་ཀྱི་མིང་བརྡ་སྤྱོད་ལུགས་གང་མང་ཞིག་བོད་སྐད་ཐོག་ཡོད་མུས་བཞིན་རྒྱ་སྐད་སྤྱོད་པ་གང་མང་མཐོང་རྒྱུ་འདུག དཔེར་ན། ཨ་རིའི་སྲིད་འཛིན་དང་ཨིན་ཇི་སྲིད་བློན་ཞེས་ཡོད་བཞིན་དུ་ཨ་རིའི་ཙུང་ཐུང་། ཨིན་ཇི་ཙུང་ལི། སྤྱི་འཐུས་ཚོགས་པ་ལ་སྤྱི་འཐུས་ཏང་། འགོ་ཁྲིད་དང་འགན་འཛིན་ལ་འགོ་གཙོ་ཞེས་ཡོངས་ཁྱབ་མིན་པར་བཀོལ་སྤྱོད་དང་།  ཉེས་རྟོག་ཅུས། སྲིད་གྲོས་ཨུ་ཡོན། ཀུ་ཤུ་ཀུང་ཟི། སྤྱི་ཁྱབ་ཧྲུང་ཅི། སོགས་ལ་བོད་ཀྱི་མིང་བརྡ་ཡོད་བཞིན་དུ་ད་དུང་འདི་ལྟར་ཨུ་ཚུགས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པ་ནི་ཆེད་དུ་སྐད་ཡིག་ཅིག་ཡ་མ་གཟུགས་སུ་གཏོང་འདོད་པས་ཡིན་སྙམ་ལ། ཡང་སྙིང་རྩོམ་སྒྲིག་པ་ཚོས་མ་ཤེས་མ་མཐོང་བ་ནི་ཡིན་མི་སྲིད་ལ་ཅིས་ཕྱིར་བོད་སྐད་དག་མ་ཞིག་མ་བཀོལ་ཡིན་ནམ་སྙམ་སྟེ། ཀྲུང་གོའི་གཞུང་འབྲེལ་གསར་འགྱུར་ཁང་ཞིག་གི་བོད་ཡིག་པར་ངོས་ཀྱི་གློག་འཕྲིན་ཡིག་ཟམ་དུ་གོང་གི་གནད་དོན་ཐོག་ནས་གླེང་སྟེ་གློག་འཕྲིན་ཞིག་བཏང་བས་ཕྱིར་ལན་ཞིག་འབྱོར་སོང་། "ཁྱེད་རང་གི་དགོངས་འཆར་དག་གནད་ལ་འཁེལ་བ་ཤ་སྟག་རེད་ལ་ང་རང་ནས་ཀྱང་ནམ་རྒྱུན་སེམས་ཁྲལ་བྱེད་སའང་ཡིན་མོད།  ཡིན་ནའང་ང་ཚོ་ན་ཆུང་རྣམས་ལ་རྒན་རབས་ཚོས་གཅིག་གྱུར་བྱས་པའི་མིང་ཚིག་དེ་དག་སྒྱུར་དབང་མེད་པས་ཅི་བྱ་གཏོར་མེད་ཀྱི་གནས་ལྟ་བུར་གྱར་ཡོད་ལ།  རྒན་པ་ཚོས་ཨུ་ཚུགས་བྱས་ནས་སྒྱུར་གྱིན་མི་འདུག་པ་མ་ཟད། ད་དུང་དེའི་སྐོར་ཞུས་ན་དགའ་གི་མི་འདུག་པས་ཐབས་བཀོད་མེད་པ་ལྟར་ལུས་ཡོད་ལགས། མི་རིགས་གཞན་སོག་པོ་ལྟ་བུས་སྔ་མོ་ནས་དེ་དག་བསྒྱུར་ཟིན་ཞེས་འཆད་ཀྱིན་འདུག" ཁོང་གིས་ཡིག་ལན་འདི་ནས་མཐོང་བ་ནི་རྩོམ་སྒྲིག་པ་གཞོན་སྐྱེས་ཚོར་བྱ་ཐབས་མེད་པའི་གནས་སུ་གྱར་འདུག་པ་མཐོང་ལ། ཕྱོགས་གཞན་ནས་ཆབ་སྲིད་ཀྱི་ཇུས་ངན་ཞིག་ཡིན་པའི་ཚོར་བའང་སྟེར་ཡོང་བ་འདུག 

མ་གཞི་བཙན་བྱོལ་ཁྲོད་དུ་སྐད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་དོག་ལ་བེད་སྤྱོད་བྱེད་མཁན་ཉུང་བ་དངོས་བདེན་ཡིན་རུང་རྒྱལ་ཕྱི་ནང་གི་གསར་འགྱུར་འབྲི་འགོད་ལ་གཅིག་གྱུར་དང་ཚད་ལྡན་ཡག་པོ་བྱུང་ཡོད་ཅིང་། མིང་བརྡ་བཀོལ་ལུགས་དང་སྒྲ་སྒྱུར་ཚུལ་ཐད་ནས་ཧ་ཅང་ལེགས་པོ་ཆགས་ཡོད། ཨིན་དང་རྒྱ་ཡིག་གི་མིང་བརྡ་སོ་སོའི་སྒྲ་ཉེ་སྒྱུར་བྱེད་ཐབས་བྱེད་བཞིན་ཡོད་ལ། ད་དུང་ཧྥ་རན་སུ་དང་འཇར་མེ། སོགས་ཀྱི་མི་མིང་དང་ས་མིང་སོགས་ཨིན་སྐད་ལ་མ་བསྟུན་པར་རང་རང་གི་སྐད་གདངས་དང་ཇེ་ཉེ་བྱེད་དགོས་ལུགས་ལམ་སྟོན་བཞིན་སླད་ནས་ལམ་དེ་གར་བཞུད་འགོ་རྩོམ་རྒྱུ་རེད་སྙམ། 
<<ཨིན་བོད་ཚིག་མཛོད་གསར་མ>>འི་རྩོམ་སྒྲིག་པ་རྒན་ཀརྨ་སྨོན་ལམ་མཆོག་གིས་བཅའ་འདྲི་ཞིག་ཏུ་འདི་འདྲ་ཞིག་གསུངས་འདུག 
"ང་ཚོས་མི་དང་ས་མིང་སོགས་ཀྱི་སྒྲ་གདངས་དག་དབྱིན་ཡིག་ནང་བྲིས་ཡོད་ན་ཨ་རི་དང་དབྱིན་ཇི་གཉིས་ཀྱི་སྒྲ་གདངས་ཕལ་ཆེར་གཅིག་པ་ཡིན་སྲིད་ཀྱང་། ཧྥ་རན་སི་དང་འཇར་མན་སྐད། སི་པན་སྐད་སོགས་དབྱིན་ཡིག་དང་འབྲི་ཚུལ་འདྲ་པོ་ཡོད་ཀྱང་སྒྲ་གདངས་མི་འདྲ་བ་ཡོད་སྟབས། འདྲ་བ་རྒྱུ་མཚན་བྱས་ནས་ས་ཆ་དང་མི་མིང་སོགས་ཁག་ཅིག་ཡོངས་གྲགས་ཡིན་ཡང་། ང་ཚོས་རིགས་ཁ་ཤས་ལ་དོ་སྣང་མ་བྱས་པར་ནོར་འཁྲུལ་ཤོར་གྱི་འདུག ལྷག་པར་དུ་རྒྱ་གར་གྱི་མི་དང་ས་ཆའི་མིང་སོགས་དབྱིན་ཡིག་ནང་བྲིས་པ་གཞིར་བཟུང་ཚུར་བསྒྱུར་བ་ཡིན་ན། དཀའ་ངལ་ཆེན་པོ་ཡོད་པ་ཞིག་ཚོར་གྱི་འདུག ས་ཆ་དང་མི། ལུང་པའི་མིང་སོགས་རྒྱ་གར་ཡིན་ན་རྒྱ་གར་གྱི་འབོད་སྟངས་ཁོ་ན་བསྒྱུར་རྒྱུ་དང་། ཉི་ཧོང་དང་ཧྥ་རན་སིའི་སྐད་ཡིན་ན་སྒྲ་གཞིར་བཞག་བསྒྱུར་རྒྱུ་གལ་ཆེན་པོ་རེད། དཔེར་ན། (Michael) དབྱིན་ཡིག་ཐོག་མེ་ཁཱལ་འབོད་ཀྱི་ཡོད་ཀྱང་། ཧྥ་རན་སི་སྐད་ཐོག་མེ་ཤཱལ་འབོད་ཀྱི་ཡོད་སྟབས། ང་ཚོས་མིང་དེའི་ཁུངས་མ་འཚལ་བར་མེ་ཁཱལ་ཡིན་ཤག་བྱས་ནས་བསྒྱུར་ཚེ། རྒྱལ་སྤྱིའི་གསར་འགྱུར་ཁག་གིས་མེ་ཤཱལ་ཞེས་འབོད་སྐབས་ངོ་གནོངས་དགོས་པ་ཆགས་རྒྱུ་རེད།"




ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...