རྒན་ཕྲུག་ཅིག་གི་མིག་ནང་དུ་གསལ་བའི་སེར་བྱེས་མཁན་རིན་པོ་ཆེ།
ལོ་གསར་ཚེས་གཅིག་གི་ཉིན་མོ་དེར་བྱེས་བླ་བྲང་གི་ཕྱི་ནང་གཉིས་ཀ་མི་ཚོགས་ཀྱིས་ཁེངས་ཤིང་ཡར་འགྲོ་མ་སོང་གི་འཚང་ཁ་ཤིན་ཏུ་ཆེ། མཇལ་དར་དྭངས་གཙང་ཁུར་བའི་གྲལ་བསྟར་རིང་པོ་དེའི་སྣེ་མོ་དེར་ངེད་ཀྱང་མཇལ་དར་ཞིག་ཁུར་ཏེ་བྱེས་བླ་བྲང་དུ་གོམ་པ་རེ་རེ་བཞིན་སྤོས་ནས་འགྲོ་བཞིན་ཡོད། བླ་བྲང་གི་སྒོ་འགྲམ་དུ་གྲོ་སོ་ཕྱེ་མ་དང་བྱེ་ཏོག། ཀུ་ཤུ། གྲོ་མ། འབྲས་སིལ། ཁ་ཟས་སོགས་ལོ་གསར་པའི་རྟེན་འབྱུང་དགའ་སྟོན་མཚོན་པའི་སྡེར་ཁ་བཟུང་བའི་དགེ་འདུན་འགས་བང་བསྒྲིགས་ནས་མཇལ་བཅར་གྲུབ་པ་དག་ལ་མཆོད་དང་བཞེས་ཞེས་མི་ཚོགས་ཀྱི་འཚང་ཀའི་ཁྲོད་ན་ཁོམ་ལོང་ཞིག་གཏན་ནས་མེད་འདུག བླ་བྲང་གི་སྒོ་ཆུང་ནས་ཞུམ་ཞུམ་གྱིས་ནང་དུ་སླེབས་ཙམ་བྱུང་། མགོ་བོ་དཀྱག་ཕོད་ལ་མ་ཕོད་ངང་ཕྱག་གསུམ་འཚལ་ནས་མདུན་དུ་སྤུས་མོ་བཙུགས་ཏེ་ཞལ་མཇལ་ཐེངས་གཅིག་ཞུས་པས་ངའི་མིག་ཟུང་གཉིས་པོ་མཆི་མས་གཡོགས་ཤིང་། མགྲིན་པ་བརྣང་བཞིན་"རྒན་ལགས་ལོ་གསར་པ་ལ་བཀྲ་ཤིས་བདེ་ལེགས་"ཞེས་འཕྲོད་ལ་མ་འཕྲོད་ཅིག་ཞུས།
ཁོང་ནི་སེར་བྱེས་མཁན་སྙན་གྲྭ་ཚང་གི་ཡོངས་ཐོག་ཏུ་འགྱིང་བའི་"བྱེས་བླ་བྲང་"དུ་བཞུགས་པའི་སེར་བྱེས་མཁན་རིན་པོ་ཆེ་རེད། མཁན་པོ་གསུམ་གྱི་ཕྱག་རྟགས་བཞེས་མྱོང་བའི་དགེ་བཤེས་དབུ་མ་འཇུག་པ་རེད། མཚན་དངོས་ནི་དགེ་བཤེས་བློ་བཟང་བདེ་ལེགས་ཞེས་ཞུ་མོད། ལོ་རྒྱུས་དང་སྔོན་སོང་གི་རྣམ་པར་ཐར་པ་སྙིང་རྗེ་མོ་ཞིག་གིས་ཁོང་གི་མིང་མདོག་ལ་དགེ་བཤེས་དབུ་མ་འཇུག་པ་ཞེས་ཐོགས་འདུག མིང་མདོག་འདིས་རྟེན་འབྲེལ་གྱི་སྒོ་འཕར་ཞིག་ཕྱེས་ཏེ་ཁོང་གི་སྐུ་ཚེ་དེར་དབུ་མའི་གཞུང་ལུགས་ཙམ་མ་ཟད་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་སྦྱོང་གོམས་མྱོང་གསུམ་བྱས་ཞིང་། མཐར༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོས་ཕྱག་རྟགས་སྩལ་སྣང་གིས་མཁན་པོ་གསུམ་གྱི་མཚན་གནས་བཞེས་པའི་བླ་མེད་ཀྱི་བྱུང་བ་དེ་མངོན་པར་གྱུར།
སྐུ་རྩེད་གནང་རྒྱུ་དང་གསུང་གླེང་བྱེད་རྒྱུ་དགའ་བའི་རྒན་ཁོང་གིས་ཞལ་རས་ནས་ཆེ་ཚུགས་ཞིག་མེད་པར་གོད་མོ་འཚེར་འཚེར་སྣང་སྟངས་དེར་བལྟས་ན། མཚམས་རེ་རང་ཉིད་མཁན་པོ་ཡིན་པའང་བརྗེད་མེད་དམ་སྙམ་པ་ཞིག་ཡོད། རེད་དེ། ང་ཙམ་མ་ཟད་དགེ་ཕྲུག་སྟོང་ཕྲག་ཁྲོད་ནས་ཁོང་ལ་སྐྲང་སྣང་མི་བྱེད་མཁན་ཨེ་ཡོད་བསམ། ཁོང་ནམ་མཇལ་ལ་སྐྲགས་སྣང་ཞིག་མཉམ་དུ་ཅི་གསུང་དང་ཚོགས་གཏམ་གང་ཞིག་གཏོང་ཡོང་སྙམ་ནས་ཞེད་ཡོང་གི་ཡོད། "དཔེ་ཆ་ག་རེ་ལྟ་གི་ཡོད། ཡར་མཆམ་མར་མཆམ་བྱེད་གི་མེད་པ། དཔེ་ཆ་ཡག་པོ་ལྟོས་ཤོག་"ཅེས་ཚོགས་གཏམ་དང་སྦྲག་ནས་འདི་འདྲ་ཡང་ཡང་གསུང་གི་རེད། དཔེ་ཁྲིད་ལ་བཅར་སྐབས་ཞེད་སྣང་ངང་གཟབ་ནན་དང་གྲུང་པོར་བྱས་ཏེ་མ་སྡོད་ཚེ་ལམ་སེང་བཀའ་དཀྱོན་ཕེབས་ཏེ་ཕྱག་མཇུག་ཞིག་ཀྱང་གནང་ཨེ་ཡོང་སྙམ་པར་བྱེད། ལོ་ངོ་ཧྲིལ་པོ་བདུན་ཙམ་ལ་དཔེ་ཁྲིད་ཆད་མེད་ཞུས་ནས་སོང་ཞིང་ལོ་ངོ་དེ་དག་ཏུ་རྒན་ཁོང་ནི་སྐུ་རླུང་ཚ་པོ་དང་རྒན་ཕྲུག་སྟེང་དུ་ཚོགས་གཏམ་རྐྱང་རྐྱང་གཏོང་མཁན་ཞིག་ཡོད་སྙམ་པ་འདི་རང་འཁོར་མྱོང་། འོན་ཀྱང་རྒན་ཕྲུག་ཚོས་ཁོང་ལ་ཧ་ཅང་དགའ་དད་དང་བརྩི་འཇོག་བྱེད་བཞིན་འདུག་པའི་གནད་དོན་དེ་ངས་ལོ་མང་སོང་རྗེས་གཞི་ནས་ཤེས་པ་ཡིན།རྒན་ཁོང་གིས་ངེད་ཅག་ལ་ཞལ་རས་ནག་ལྷོག་གེ་རེ་བསྟན་པ་ཙམ་ལས་ཁོང་ཉིད་ཐུགས་རྒྱུད་བྱམས་བརྩེ་ཡིས་ཕྱུག་ཅིང་ཁ་ཁོག་མེད་ལ་གཡོ་སྒྱུ་ཁྲམ་གསུམ་འཁྲབ་མི་ཤེས་པའི་མི་ཞིག་ཡིན་ལ། འདྲིས་བདེ་ལ་གཤིབ་ཚེ་གྲྭ་རྐྱང་ཆེས་བཅོས་མ་ཞིག་གི་ཚུལ་དུ་ཡོད།
དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་གསེར་རྒྱུད་གྲྭ་ཚང་གཉིས་པོའི་མཁན་བླ་ཁྱོན་ལོ་ངོ་བདུན་བཞེས་ནས་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་སླར་ཡང་རྒན་ཁོང་ཞིབ་མཇལ་ཐུབ་པའི་སྐལ་བཟང་དེ་ཚེས་བྱུང་། སེར་བྱེས་མཁན་ཁྲིར་ཕེབས་པའི་ལོ་ངོ་འདི་དག་གི་རིང་དུ་ད་གཟོད་གཞི་ནས་རྒན་ཁོང་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་དངོས་མ་དེ་མཇལ་ཞིང་། ཆེ་ཚུགས་དང་སྤོབས་ཉམས། ཚུལ་འཆོས་དང་ཁེངས་དྲེགས་མེད་པར་གྲྭ་རྐྱང་བཅོས་མ་ལྟ་བུའི་མཛད་སྤྱོད་ཀྱི་རྣམ་ཐར་དེ་དངོས་མ་དེ་མཇལ། ༸རྒྱལ་བའི་དབང་པོ་མཆོག་གི་མདུན་དུའང་ཆེ་བཤད་ཆུང་བཤད་བྱེད་མི་ཤེས་པར་རང་གིས་གང་བསམ་པ་དེ་ཉིད་ཞུ་ཕོད་པའི་མཛད་སྤྱོད་དེ་མཐོང་། དུས་དེ་ནས་བཟུང་སྟེ་ཁོང་གིས་རྒན་ཕྲུག་ལ་བཅངས་པའི་བརྩེ་བ་དང་དགེ་ཕྲུག་དག་ལ་ཐུགས་ཁུར་ཆེ་བཞེས་གནང་གི་ཡོད་པར་ཤེས་རྟོགས་བྱུང་ཁར། "དགེ་རྒན་དག་གིས་ཚོགས་གཏམ་དང་བཤེ་བཤེ་མ་གཏོང་ན་ཁྱེད་ཚོའི་མ་འགྲིག་པ་དག་ལ་ནོར་འདུག་ཟེར་ནས་བཤད་མཁན་མེད།" ཁོང་གི་གསུང་དུམ་འདིས་ངེད་ལ་རྒན་ཁོང་གིས་དགེ་ཕྲུག་སྐྱོང་སྟངས་དང་ཁོང་གི་ངེད་ཅག་ལ་གནང་བའི་བཀའ་དཀྱོན་དེ་དག་བཀའ་དཀྱོན་ཞིག་གཏན་ནས་མིན་པར་གདམ་ངག་ཟབ་མོ་ཞིག་ཡིན་པར་ཚོར་ཞིང་རྟོགས་དུས་ང་རང་སེམས་ཁོགས་ནས་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་ངུ་རྒྱུར་རང་དབང་གཏན་ནས་མི་འདུག དེང་སྐབས་ནམ་མཇལ་ལ་རྒན་ཁོང་དང་འབྲལ་མི་ཕོད་པའི་སེམས་ཚོར་ཞིག་ཡང་ནས་ཡང་དུ་འབྱུང་གི་འདུག ད་ནི་ངེད་ཅག་ལ་སྔར་བཞིན་ཚོགས་གཏམ་དང་བཀའ་དཀྱོན་རེ་ཕེབས་ན་ཨང་སྙམ་པ་ཡང་ཡང་འཁོར་བཞིན་ཡོད་ནའང་མཛད་འཕྲིན་གྱི་ཁོམ་སྐབས་མེད་སྟབས། ཞིབ་མཇལ་བྱེད་པའི་དུས་ཚད་དེའང་ཤིན་ཏུ་དཀོན་པར་གྱུར།
དགེ་བཤེས་ལྷ་བཟོས་སྟོད་ལུང་པས་བཀའ་དཀྱོན་གནང་རེ་བཞིན་བཀའ་དཀྱོན་དུ་མི་གོ་བར་ཧེ་རུ་ཀས་བྱིན་གྱིས་བརླབས་པ་འདྲ་རེ་འོངས་གསུངས་པ་དེ་ཡང་སྔོན་བྱུང་གི་ལོ་རྒྱས་ཤིག་དང་གཏམ་རྒྱུད་སྙིང་རྗེ་མོ་རེ་བཀོད་ཙམ་མིན་པར་དོན་ངོ་མར་དེ་ལྟར་ཡོང་རྒྱུ་ཞིག་ཡོད་པར་མགོ་མཁྲེགས་བདག་ལའང་མྱོང་བ་མངོན་སུམ་རེ་བྱུང་།
བསོད་ཟད་བདག་ནི་བླ་མ་སངས་རྒྱས་སུ་ལྟ་ཐུབ་མཁན་ཞིག་མིན་ལ་དེ་བས་ཀྱང་བླ་མའི་སྐྱོན་དེ་ཡོན་ཏན་དུ་སྒྲོགས་ཐུབ་མཁན་ཞིག་གཏན་ནས་མིན་པས་གང་ཞིག་ཡོན་ཏན་དེ་ཉིད་ཡོན་ཏན་དུ་མཐོང་ནས་བཀོད་པ་ཙམ་ལགས་པས་དགེ་བ་རེ་མཆིས་ན་དགེ་རྒན་ཁོང་སྐུ་ཚེ་བརྟན་པའི་རྒྱུར་འགྱུར་བ་སྨོན། རྫོགས་སོ།།
2014/3/28
Comments
Post a Comment