བརྒྱད་ཅུའི་འཁྲུངས་སྐར་བསུ།
རྩོམ་པ་པོའི་མིང་གི་ཀ་མད་བཞིན་བཀོད་ཡོད།
བདེན་པའི་འཁྲུངས་སྐར།
གངས་བཙན་པོ།
མུན་པའི་ཁྲོད་ནས་རེ་བ་ལྷག
ཡིག་ཆུང་བྲིས་ནས་ཉི་མ་ཟད།།
དུང་གི་ཉི་ཟླ་དཀར་གསུམ་ནི།།
བོད་ཡུལ་སྐྱིད་པའི་གཞི་མ་ཡིན།།
དེ་རིང་བཀྲ་ཤིས་ཉི་མ་བཟང་།།
ཤིང་མོ་ལོ་ཡི་ཚེས་གཅིག་ཉིན།།
སྐྱིད་སྡུག་འདྲེས་མའི་ལོ་ཟླ་ཚེས།།
དགའ་སྐྱིད་དུས་ཀྱི་ཁ་བཏགས་བཟུང་།།
དགུང་གྲངས་བརྒྱ་ཅུའི་དབུགས་ལམ་འཐེན།།
དེ་རིང་བཀྲ་ཤིས་ཉིན་བཟང་ཡིན།།
དེད་དཔོན་ཁྱེད་ཀྱིས་འཛུམ་མདངས་ངོགས།།
འཛམ་གླིང་ཡུལ་མིས་དུས་སྟོན་རོལ།།
བསིལ་ལྡན་བོད་མིའི་ལུགས་སྲོལ་ལྟར།།
གཞིས་ཁྱིམ་གཅིག་ལ་མཉམ་འཛོམས་བྱས།།
དེ་རིང་ཉི་མ་དྲོད་ཀྱིས་བསུ།།
བྱམས་བརྩེས་བདུད་རྩི་ཆུ་རྒྱུན་འོག།
ཟླ་བྲལ་རིག་པའི་ལང་ཚོ་སྨིན།།
ཐབས་ཤེས་ཟུང་འབྲེལ་ཕྱག་གཉིས་ཀྱིས།།
གྲངས་མེད་མགོན་མེད་སྐྱབས་སུ་གྱུར།།
དེ་རིང་ཡོངས་ཀྱིས་བཀའ་དྲིན་བསུ།།
རྟེན་འབྱུང་ལྟ་བའི་ལུགས་བཟང་བཟུང་།།
ཤར་ནུབ་ཚན་རིག་ཆེད་མཁས་དག།
ཟུང་འབྲེལ་ཡ་མཚན་གནས་ལུགས་ལ།།
རྫུན་པའི་གནད་ཀྱིས་མ་གོས་པར།།
དེ་རིང་ཁྱེད་ཉིད་བདེན་པའི་བསུ།།
རྩུབ་མོའི་དྲག་མཚོན་མང་ན་ཡང་།།
འཇམ་པོའི་ཞི་བདེའི་ལམ་ཁར་བསྟན།།
རྣམ་དཔྱོད་རིག་པའི་སྒོ་མང་དེར།།
སྔོན་རབས་མཁས་པའི་གཟེངས་ལས་མཐོ།།
དེ་རིང་ཁྱེད་ཉིད་དགུང་ནས་བསུ།།
འཇིགས་རུང་ལོ་ཟླའི་དམག་རུམ་ནང་།།
དགུང་གྲངས་བརྒྱ་ཅུའི་ཐེམ་སྐེས་འཛེགས།།
ས་ཡ་དྲུག་གི་བདེ་སྡུག་ཁུར།།
མི་རིགས་ཤིག་གི་ལས་དབང་གླེང་།།
དེ་རིང་ཁྱེད་ཉིད་དྲིན་གྱིས་བསུ།།
གཞིས་ལུས་བོད་མིའི་སྙིང་སྟོབས་བཟུང་།།
ཁྱེད་ཉིད་མ་མཇལ་ཡུན་རིང་ལྷག།
དྲན་གདུང་ལྕི་མོས་ན་ཟུག་མང་།།
རེ་སྒུག་འབོད་ཚིག་མང་པོ་དག།
དེ་རིང་དྲན་ཏེ་དྲིན་གྱིས་བསུ།།
དགུང་ལོ་བརྒྱད་ཅུའི་ཁུག་སོ་ན།།
གདོང་ལ་འཛུམ་མདངས་འོད་ཆེམ་ཆེམ།།
བྱིན་ཆེན་ཟེགས་མའི་ཆ་ཤས་དག
བཀྲ་ཤིས་གཡང་གི་རྭ་བར་འཁྱིལ།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་བསུ།།
ཆོས་ལུགས་དག་གི་སྒོ་ཁ་ན།།
སྟོན་པ་རེ་རེའི་ལམ་སྟོན་ཡོད།།
ལུགས་བཟང་སྲོལ་རྒྱུན་མང་ན་ཡང་།།
མཐུན་བསྒྲིལ་ཟེར་པའི་སྲོལ་བཟང་དཀོན།།
དེ་རིང་ཁྱེད་ཉིད་སྙིང་ནས་དྲན།།
རིས་མེད་ཕྱོགས་ལ་གནད་དུ་འཛིན།།
སེམས་ཅན་ཡོངས་ལ་ཕན་པར་གསུང་།།
བདེ་སྐྱིད་ཡོངས་ཀྱི་གཞི་མ་ནི།།
མཐུན་སྒྲིལ་ཟེར་བའི་མིང་དོན་བསྟན།།
དེ་རིང་ཁྱེད་ཉིད་དོན་གྱིས་བསུ།།
གཡམ་རྒྱུགས་ལས་ཀྱི་མ་གོས་པ།།
འགྲན་རྩོད་ཕྱོགས་ཀྱི་མ་ལྷད་པར།།
ཕྱི་ནང་གད་སྙིགས་སོ་སོར་འབྱེད།།
ཤེས་རིག་སྙིང་སྟོབས་གོ་ཆས་གཡོགས།།
དེ་རིང་ཁྱེད་ཀྱི་སྙིང་སྟོབས་དྲན།།
སྟོད་ལ་བལྟས་ན་རྫིག་ཉམས་ཉམས།།
སྨད་ལ་བལྟས་ན་སྐྱོ་ཉམས་ཉམས།།
དབུས་ཀྱི་དབུས་ལམ་དཀར་པོ་དེ།།
ཁྱེད་ཀྱི་ལམ་ཁ་ཁོ་ནར་ངེས།།
དེ་རིང་ལམ་སྟོན་ཁྱེད་རང་བསུ།།
བརྩེ་བ་དག་དྲོད་ཀྱིས་བསྐྱངས་སོང་།།
ཞི་བདེ་དག་ཉམས་སུ་བླངས་སོང་།།
བདེན་པ་དག་གནས་ལུགས་བསྟན་སོང་།།
མང་གཙོ་དག་ལམ་ཁར་མངགས་སོང་།།
དེ་རིང་འདིར་ཁྱེད་ཉིད་རྒྱལ་ལོ།།
༢༠༡༥/༧/༦
-----------------------------------
ཁྱེད་ཀྱི་འཁྲུངས་སྐར། དབྱངས་ཀྱི་འགྱུར་ཁུག
ལྕོག་གནའ་མྱི།
ཡུན་རིང་ཞིག་སོང་རྗེས་ད་གཟོད་ང་ཚོའི་སེམས་ཁོང་ན་ཡང་དང་བསྐྱར་ཏུ་འཁོར་འོང་བ་ནི་ཨ་མ་ཞིག་གི་བརྩེ་བ་རྣམ་དག་ཅིག་ཡིན་ངེས་ཤིང ། ཡང་ན་དཔྱད་ཤེས་དང་བདེན་འཚོལ་ཁྲོད་ན་ཕ་ལམ་ལྟར་འོད་དུ་འཚེར་བའི་མི་དབང་ཞིག་གི་སྒམ་ཚིགས་ཤིག་ཀྱང་དེ་བས་ཡིན་ཆོག ། དོན་དངོས་ཐོག་ཁོང་ནི་ཕ་མ་ལས་ཀྱང་བརྩེ་མདངས་ཆེ་ཞིང་། ཉི་མ་ལས་ཀྱང་དྲོད་ཁོལ་འབར་བའི་སྐྱོན་གྱིས་མ་གོས་པའི་འོད་ཀྱི་གོང་བུ་ཞིག་ཀྱང་གཏན་ཏུ་ཡིན་ངེས་ཤིང་། དུས་ཚོད་ཀྱི་རྒྱུན་དང་འགྲོགས་ཤིང་ཅང་ཤེས་ཀྱི་རྟ་ཁ་གཅུ་བའི་འཇིན་རྟེན་འདིའི་རི་ལུང་ཐང་གསུམ་གཤགས་པའི་སྔོན་ཐོན་པ་གཅིག་པོ་དེ་ཡང་ཅིས་ཀྱང་ཡིན་ངེས །
ས་ཆེན་འདི་འོད་སྣང་ལ་འཁྱུད་ཅིང་སྒམ་ཚིགས་གང་ཞིག་གིས་གཞུང་ལམ་གཤགས་ཏེ་ཕ་རོལ་པོའི་ཆེས་མཐའ་ཐུག་དེ་རྙེད་དུས །ཁྱེད་རང་ཁོ་ན་བར་སྣང་འདི་ནས་འགྲུད་བཞུད་ཀྱི་མེ་ཟླུམ་འོད་ཆེམ་ཆེམ་དེ་ཡིན་གཤིས ། གནམ་མིག་འདི་ཅི་ཙམ་རྒྱ་ཆེ་ན་ཡང་ཁྱེད་ཀྱི་གོམ་ཁ་ལའང་ཚད་ཅིག་གཏན་དུ་ཡོད་མི་སྲིད་དེ ། སུ་ཞིག་ལ་འགྱེད་པའི་འོད་ཞགས་སྣུམ་པོ་དེ་ནི་བསྐལ་བ་དུ་མ་ཞིག་གི་འབད་པ་ལས་གྲུབ་ཅིང་ཀུན་སློང་རྣམ་དག་ཅིག་གིས་འགྲོ་གྲན་ལས་བྱུང་བ་ཞིག་གཏན་དུ་ཡིན་པས་སོ ། འདི་ལྟར་འོད་སྣང་ཞིག་བསུ་རྗེས་འདང་ནུབ་ཀྱི་མུན་པ་ནག་པོ་ལ་གྱེས་བརྡ་གཏོང་རན་ཅིང ། སེམས་པའི་སྨྲིག་ལོང་གི་རྗེས་ཤུལ་སྙེགས་པའི་ཆུ་ཐིགས་འདི་ཁོ་ན་ད་གཟོད་ཁྱེད་ཀྱིས་ང་ཚོ་ལ་བྱིན་པའི་དྲོད་ལྷང་ལྷང་གི་བརྩེ་མདངས་དེ་ཅིས་མ་ཡིན །
རྟག་ཏུ་བསམ་གཞིག་གི་བར་སྣང་ན་འོད་དུ་འཚེར་ཞིང་དད་འདུན་གྱི་མེ་ལོང་ངོས་སུ་གཏན་ཏུ་གཟིམ་མ་མྱོང་བའི་ཁོང་ནི ། དཀར་ལམ་མེར་འོད་སྣང་གིས་འཁྱུད་པའི་གཤོག་པ་ཞིག་གིས་ཡོད་ཚད་ཀྱི་མདུན་དུ་བདར་གྱིན་ཆེས་མཐོ་ས་ཞིག་ནས་ཕྱི་མིག་གི་གན་རྒྱ་འཇོག་དུས ། རྒྱང་ཤེལ་བ་ཚོས་ད་དུང་འཁྲུལ་བ་ཡི་ཕུང་པོ་འབའ་ཞིག་ལ་ཅི་ཞིག་རྟོགས་ཟིན་པའི་ང་རྒྱལ་གྱི་ཁེངས་ཉམས་སྟོན་ན་ཡང ་། ཁྱེད་ཀྱི་འཛུམ་དམུལ་ཙམ་གྱིས་མི་སེམས་སྟོང་ལ་དགའ་བ་འབུམ་གྱི་མཆི་མ་སྦྱིན་ནུས་པ་ནི་ཅི་ནས་ཀྱང་ཡ་མཚན་བས་ཀྱང་ཡ་མཚན་ཞིག་ཅི་ལ་མིན་ཨང་ །
ངས་འདི་ལྟར་སོར་བཅུ་འདབ་མ་སྙིང་གར་སྦྱར་ཞིང་སྒོ་ལྔའི་ཤེས་པ་ལྷོད་ལ་བཞག་ཏེ་ཀུན་རྟོག་སྒྱུ་མའི་རོལ་དབྱངས་ཤིག་བརྡུང་ན་འདོད་ཅིང་། ཐ་སྙད་ཅིག་གི་སྲང་ལམ་ཉུལ་ཞིང་ཐག་སྐུད་འཐེན་པའི་ངལ་བ་འབུམ་གྱིས་གང་གི་གསང་གསུམ་གསལ་བའི་མཚོན་ཐབས་ཤིག་དེ་བས་གཉེར་ན་འདོད་མོད ། འོན་ཏེ་ཁབ་མིག་ལས་བློ་ཁ་དོག་ཅིང་སྨིག་ལོང་ལས་སེམས་ཁམས་ཉོག་ས་དེ་ནས་འབྲུག་སྒྲ་ལྟ་བུའི་སྐད་ངག་གིས་དབེན་ཞིང་གློག་དམར་ལྟ་བུའི་ཤེས་རབ་ཀྱིས་ཕོངས་པས་སྐྲ་ཉག་བཞིན་རེ་རེ་ནས་ཇི་ལྟར་གསལ་ནུས་སམ ། དེ་ལྟ་ན་ཡང་བདག་ལྟ་བུའི་ཤེས་མེད་གླེན་པ་ཞིག་གིས་ཆར་བཞིན་བསྙིལ་བའི་གང་གི་བླ་མེད་ཀྱི་མཛད་རྗེས་དག་ལ་ཡི་རངས་ཤིག་བྱེད་པ་ཚུན་ཆད་རྣམ་དཀར་གྱི་ཕུང་པོ་ཞིག་ཏུ་ཡིན་པར་ངེས་ན ། ངས་ནི་ཤིས་ཚིག་ཅིག་གི་ཚིག་འགྲོས་འདིའི་ལམ་ནས་བླ་མ་གང་གི་འཁྲུངས་སྐར་གྱི་ཉིན་མོ་དགའ་བ་སྟོང་གིས་བསུ་མ་བྱས །
/2015/7/4/ཉིན་གྱི་དགོང་མོར་བྲིས་པ་དགེའོ །།
-----------------------------------
ཤེལ་གྱི་གོང་བུ།
-----------------------------------
༼ཁྱེད་ཀྱི་འཁྲུངས་སྐར་བསུ།༽
___འཇའ་ཐང་འབྲོག་བུ།
གུམ་གུམ་མདངས་སུ་འཚེར་པའི་སྤྲིན་ཕུང་ཞིག །
ཤར་མཐའི་རི་བོའི་གཙུག་ན་འཁྱུད་པ་བཞིན། །
དམར་སེར་གོས་ཀྱིས་རྒྱན་པའི་ཞི་བདེའི་དཔོན། །
སྟོང་གསུམ་གསལ་བའི་སྒྲོན་མེ་ཆེན་པོ་ཡིན། །
དད་པའི་མིག་ཟུང་ཡངས་བའི་ཡིད་ངོར་ན། །
ཞལ་ཁྱིམ་ལྷོད་ཀྱིས་གྲོལ་བའི་བླ་མ་མཆོག །
སེམས་ཀྱི་གཅོང་ནད་སེལ་བའི་ཟླ་བ་བཞིན། །
གནམ་སའི་ཁྱོན་ནས་འོད་ཀྱི་གོང་བུ་ཞིག །
དགྲ་གཉེན་ཕྱོགས་རིས་སྤོང་བའི་ཐུགས་དཀར་རུ། །
ཆགས་སྡང་རླབས་ཀྱིས་སྐྱོམ་པའི་མ་རྒན་རྣམས། །
བརྩེ་བའི་དཔྱང་ཐག་རིང་བའི་དན་རྟགས་སུ། །
དགྱེས་འཛུམ་བཞད་སྒྲ་སྙན་མོ་ཤིགས་སེ་ཤིག །
རིང་ནས་ཚོགས་གཉིས་ཆུ་གཏེར་འཕེལ་བ་ལས། །
ཆེ་གྲགས་མཐོན་པོའི་སློབ་གྲྭར་མ་ཕེབས་ཀྱང་། །
ས་ཆེན་མཁས་དགུའི་དབུ་ཡི་ཅོད་པན་ན། །
སྙན་པའི་གཟེངས་རྟགས་རོལ་མོ་ཁྲོལ་ལོ་ལོ། །
དགྲ་ལ་བྱམས་པའི་མིག་ཟུང་ཕྱོགས་སུ་བཀྱེད། །
གཉེན་ལ་དགའ་བའི་འཛུམ་ཞལ་ཁོང་དུ་སིམ། །
དགྲ་གཉེན་ཕ་མར་འཛིན་པའི་དཔའ་བོ་སྟེ། །
གནམ་ས་གཉིས་ཀྱི་ཞི་བདེའི་དེད་དཔོན་ལགས། །
འཛམ་གླིང་ཤར་ནུབ་འགྲིམ་པའི་ལམ་ཁ་ན། །
བགྲང་བྱ་བརྒྱད་ཅུའི་ཁུར་བོ་ལྕི་ན་ཡང་། །
ཐུགས་བསྐྱེད་རྡོ་རྗེའི་བྲག་ལ་བྲིས་པ་ཡིས། །
འགྱུར་མེད་སྐུ་ཡི་གོམ་སྟབས་ཐགས་སེ་ཐག །
ཕ་གཞིས་དགྲ་ལ་ཤོར་བའི་གཞན་ཡུལ་ནས། །
རང་སེམས་ཆུ་ལས་འཁྱགས་པའི་བར་སྣང་གི །
གཟའ་སྐར་འཕྲོད་སྦྱོར་དགེ་བའི་དུས་བཟང་ལ། །
བཀྲ་ཤིས་བསྟོད་ཚིག་གླུ་ཡིས་འཁྲུངས་སྐར་བསུ། །
ལྷ་དང་སྲུང་མའི་བཀའ་ལུང་བདེན་པ་དང་། །
སྐུ་དང་གསུང་ལ་སྐྱེ་འགག་བྲལ་བའི་ཕྱིར། །
ཁམས་གསུམ་འགྲོ་བའི་དེད་དཔོན་རིན་པོ་ཆེ། །
རང་ཅག་སྐྱེ་དགུའི་མགོན་དུ་བརྟན་པར་བཞུགས། །
༢༠༡༥/༧/༦
----------------------------------ཤེལ་གྱི་གོང་བུ།
ཐོག་ལྕེ།
གོ་ལའི་ཁྱོན་ལ་འགྲུལ་བཞུད་བྱེད་པའི་བོད་པ་ཞིག།
བརྩེ་བའི་འོད་སྣང་ཀུན་ལ་འཕྲོ་བའི་དེད་དཔོན་ཞིག།
ཤཱཀྱའི་བསྟན་པ་ཁུར་དུ་འཁྱེར་བའི་དགེ་སློང་ཞིག།
ཁ་བ་གངས་རིའི་ལྗོངས་འདིར་བོད་མིའི་མགོན་དུ་བྱོན།།
དཔྲལ་བའི་མིག་ཏུ་འཁྱིལ་བའི་འོད་ཀྱི་གོང་བུ་ཞིག།
སྲིད་པའི་མུན་ཁུང་ནང་གི་གསེར་གྱི་ཚེ་འབར་ཞིག།
ཟླུམ་གཟུགས་གོ་ལའི་སྟེང་གི་འོད་ཐིག་དཀར་པོ་ཞིག།
སྟག་འཚེར་གྲོང་ནས་འཁྲུངས་ཤིང་སྲིད་པའི་རྩེ་རུ་ཕེབས།།
འཁོར་བའི་རྒྱ་མཚོ་ཆེན་པོའི་ཕ་མཐར་བགྲོད་པ་ཞིག།
བྱམས་པའི་རང་གཟུཊ་བརྩེ་བའི་བདག་ཉིད་ཅན་པ་ཞིག།
རིགས་དྲུག་མགོན་དུ་སྲིད་པར་སྐྱེ་བ་བཞེས་པ་ཞིག།
རྒྱལ་ཁའི་གླུ་དང་འགྲོགས་ཏེ་མི་ལོ་བརྒྱད་བཅུར་བྱོན།།
ཁྱེད་སྐུ་རྟག་བརྟན་རྡོ་རྗེ་གཤིས་སུ་གྲུབ་ན་ཡང་།།
སྣང་བའི་ངོས་སུ་ཤ་ཁྲག་གདོས་བཅས་ཕུང་པོ་ཡིན།།
གོ་ལའི་འགྱུར་བག་རླུང་འཚུབ་དྲག་པོ་ལྡང་བའི་དུས།།
རིཊ་དྲུག་མགོན་དུ་བཞུཊ་རོཊ་ལྷ་སྐལ་སྤྱན་རས་གཟིགས།།
----------------------------------
བརྒྱད་ཅུའི་འཁྲུངས་སྐར་བསུ།
བློ་བཟང་ལྷུན་འགྲུབ།
གངས་ལྗོངས་མདོ་ལ་རིང་མོའི་འདབས་རོལ་ན།།
འཁྲུངས་པའི་ཁྱེའུ་ལྷ་མོ་དོན་གྲུབ་ཁྱེད།།
ལང་ཚོ་མེ་ཏོག་པདྨ་འདབ་བརྒྱད་དེ།།
བསིལ་ལྡན་དག་པའི་ཞིང་དུ་མངོན་པར་བཞད།།
ན་གཞོན་བཅུ་དྲུག་ལོ་ནས་འགན་ཚང་བཞེས།།
ང་དགུ་ལོ་ནག་སྲིན་བུར་འཐོར་བའི་དུས།།
ཁྱེད་ཉིད་མ་གཏོགས་སྲིད་ན་མ་མཆིས་པས།།
བཀའ་དྲིན་དྲན་བཞིན་བརྒྱད་ཅུའི་འཁྲུངས་སྐར་བསུ།།
འཕགས་པའི་ཡུལ་དུ་ཞབས་ཟུང་མངོན་བཀོད་ནས།།
འཛམ་གླིང་ཡུལ་གྲུ་ཀུན་ཏུ་མཛད་བཟང་ཀྱིས།།
འཚེ་མེད་ཞི་བདེའི་ངོ་མཚར་མཛད་བཟང་སྐྱོང་།།
བཀའ་དྲིན་དྲན་བཞིན་བརྒྱད་ཅུའི་འཁྲུངས་སྐར་བསུ།།
བདེན་དོན་རྔ་སྒྲ་གོ་ལའི་རྩེ་ནས་རྡུང་།།
རྩམ་གཟན་བོད་མིའི་བདེ་སྡུག་ཐུགས་སུ་བཅངས།།
ཆོལ་གསུམ་ཆིག་སྒྲིག་ཡོང་བའི་ཐབས་ལམ་སྟོན།།
བཀའ་དྲིན་དྲན་བཞིན་བརྒྱད་ཅུའི་འཁྲུངས་སྐར་བསུ།།
མདོར་ན་ཉམ་ཐག་སྡུག་བསྔལ་ཡོངས་སེལ་ཞིང་།།
རྨོངས་པའི་དྲ་བ་རལ་གྲིས་རྒྱུན་བཅད་ནས།།
བདག་སོགས་གདུལ་བྱའི་དཔལ་མགོན་ཡོངས་རྩེ་རུ།།
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས།།
ཅེས་༸གོང་ས་མཆོག་དགུང་ལོ་བརྒྱད་ཅུ་བཞེས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བྲིས།།
Comments
Post a Comment