ཏྲེ་ཧོར་ནས་ཏྲེ་བོ་ལ་སྒྱུར་དགོས།



<ད་ནས་ཏྲེ་ཧོར་ཞེས་པའི་མིང་ཟུར་གྱི་<ཧོར་>འདི་དོར་ཏེ་ཧྲེ་བོ་ཞེས་པའི་མིང་འདི་སྤྱོད་རྒྱུ་ཡིན། >

མི་རིགས་གཞན་ཞིག་དང་མ་འདྲེས་པར་རིགས་རྒྱུ་གཙང་ངེ་བ་ཞིག་ནི་ཡོད་དཀའ་ལ་འཕེལ་འགྱུར་ཚན་རིག་གཞིར་བཞག་ནས་བཤད་ན་ནི་འགྲོ་བ་མི་རིགས་ཡོངས་ཀྱི་འགོ་ཁུངས་དང་ཐོག་མའི་མེས་པོ་དེ་ནི་ཨ་ཧྥེ་རི་ཀའི་གླིང་ཕྲན་དུ་བྱུང་བའི་ཆེས་ཐོག་མའི་མི་རྒོད་དེ་ཡིན་པར་ཞིབ་འཇུག་གི་རྣམ་གྲངས་མང་པོའི་ཐོག་ནས་གསལ་སྟོན་བྱས་ཡོད། གླིང་ཕྲན་འདི་ནས་རིམ་གྱེས་ཀྱིས་མི་རིགས་འཕེལ་འགྱུར་དང་། ས་གཞི་བདག་བཟུང་། རིགས་རྒྱུད་དར་སྤེལ་སོགས་ཀྱི་ཆེས་ཐོག་མའི་དུས་རབས་ཞིག་འགོ་འཛུགས་བྱུང་བའང་བཤད་བཞིན་ཡོད།

ངེད་ཅག་བོད་རིགས་ཀྱི་ཁར་རླུང་ལྟར་གྲགས་པའི་ཐོག་མའི་མེས་པོ་དེའང་སྤྲེའུ་ཞིག་ཡིན་ཚུལ་བཤད་བཞིན་ཡོད་ཅིང་འདི་ནས་བྱུང་འཕེལ་འགོ་འཛུགས་པ་ཡིན་དབང་དུ་བཏང་རུང་ད་བར་མི་རིགས་གཞན་དང་འདྲེས་ལྷད་མང་པོ་བྱུང་ཡོད་པ་ནི་ལོ་རྒྱུས་ཙམ་མ་ཟད་ཚན་རིག་གི་ཞིབ་འཇུག་ནང་དུའང་གསལ་པོར་མངོན། རྩ་བའི་མི་རིགས་གང་ཞིག་དང་འདྲེས་ལྷད་ཤོར་ཡོད་རུང་བོད་རིགས་དང་རྒྱ་རིགས་སོགས་ཐུན་མིན་ཀྱི་མི་གཤིས་དང་བྱད་གཟུགས། རིས་སྒྲོམ། འཚོ་བ་སྤྱོད་སྟངས། འདུ་ཤེས་འཛིན་ཚུལ། སྐད་ཡིག་དང་གོམ་གཤིས་སོགས་མི་འདྲ་མང་དུ་ཡོད་པའི་ཆ་ནས་མི་རིགས་སོ་སོར་འཇོག་ཐུབ་པ་མ་ཟད་འཕེལ་འགྱུར་རིག་པའི་རྣམ་བཞག་ལས་བཤད་པ་ལྟར་ས་མཐོ་གངས་འཁྱགས་ཀྱིས་བསྟུམ་པའི་བོད་ཀྱི་ཁོར་ཡུག་ལ་བསྟུན་ཐུབ་པའི་སྡེ་ཚན་མི་འདྲ་ཞིག་ཟུར་དུ་ཆགས་ཡོད། འདི་ལ་བོད་རིགས་ཤིག་འབོད་བཞིན་ཡོད་ཅིང་ཨིན་སྐད་ཐོག་ཏུ་Tibetanསྤྱོད་བཞིན་པ་ཡིན།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ན་ས་ཁོངས་བདག་དབང་རྒྱ་བསྐྱེད། རྒྱལ་ཕྲན་དབང་བསྒྱུར། མི་སྡེ་གཞན་བསྒྱུར། ཆོས་ལུགས་གསར་སྤེལ་སོགས་བྱ་བ་སྣ་ཚོགས་པ་ཞིག་བྱུང་སྟེ་དུས་རབས་ཉི་ཤུ་བར་དུ་འཕེལ་འགྱུར་གཏན་ཆགས་ཤིག་མེད་པར་རྒྱལ་ཁབ་མང་པོ་ཞིག་རྩ་བརླག་དང་། མི་རིགས་གྲངས་ཉུང་ཚོ་འདུས་སྡེ་གཞན་དུ་གྱུར་བའི་བྱུང་རབས་ཀྱི་རླབས་རྒྱུ་ཁ་ལ་འཕྱོ་མྱོང་བ་རེད། རང་རེ་བོད་རིགས་ཀྱང་འཕེལ་འགྱུར་དེའི་ནང་དུ་ཚུད་ཡོད་ཅིང་། ས་མཐོ་ཁེར་གཙང་དང་འགྲུལ་བཞུད་སྟབས་བདེ་མིན་པའི་རྐྱེན་ཀྱིས་ནུབ་གླིང་དང་ཡུ་རོབ། ཤར་གླིང་རྒྱ་དཀར་ནག་བཞིན་འགྱུར་ལྡོག་ཆེ་པོ་ཞིག་འབྱུང་ཐུབ་མེད། འོན་ཀྱང་ས་མཚམས་དང་ཡུལ་མཐའ་ཁག་ཏུ་མི་རིགས་འདྲེས་ལྷད་དང་དབང་སྒྱུར་བའི་འོག་ཏུ་ཤོར་ནས་འདུ་ཤེས་དང་ཡུལ་གོམ་སྲོལ་ལུགས་ཀྱང་འགྱུར་ཡོད་པའང་ཉུང་ཉུང་མིན་མོད། རྩ་བའི་ཆ་ནས་བོད་རིགས་ཞེས་ངོས་འཛིན་དང་མི་རིགས་ཟུར་པ་ཞིག་ཡོད་པ་ནི་གང་དུ་བཤད་པ་བཞིན་འཁོར་ཡུག་དང་ཆབ་སྲིད་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ཡོད།

ན་ནིང་ཞིག་ལ་ཧོར་སྦྲ་ཆེན་ན་གནས་ཚུལ་ཡ་མཚན་བྱུང་བ་ནི་གླུ་པ་རིག་དགའ་ལ་རྡོ་དང་ཤེལ་དམ་འཕངས་ནས་རྣམ་འགྱུར་ཞིག་བསྟན་ཡོད་པ་ཀུན་གྱིས་ཤེས་གསལ་བཞིན་ལ། གནད་དོན་དེའི་འབྱུང་རྐྱེན་དེ་ནི་ཉེན་འཚབ་ཆེ་བ་ཞིག་ཡིན་ཏེ་སྦྲ་ཆེན་བ་ཚོ་ཧོར་གྱི་རིགས་རྒྱུད་ཡིན་ཚུལ་བཤད་ཅིང་བསམ་པ་འདི་ཡིན། ཧོར་སྦྲ་ཆེན་ཞེས་པའི་མིང་འདི་ཙམ་ལ་འཁྲུལ་ཞིང་ནོར་ནས་རང་ཉིད་བོད་རིགས་མིན་པར་ཧོར་རིགས་ཤིག་ཡིན་རློམ་སྐྱེ་བཞིན་ཡོད་འདུག ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་ནས་མིང་བརྡ་འདོགས་ལུགས་རེ་འགས་འདི་ལྟར་ནོར་འཁྲུལ་དང་ཉེན་འཚབ་བཟོ་བཞིན་ཡོད་ལ་ནམ་ཞིག་ན་འཇང་རིགས་དང་། མོན་རིགས། ཧོར་རིགས། མི་ཉག་རིགས། ཞང་གཞུང་དང་ཏ་ཟིག གུ་གེ་རིགས་སོགས་དབྱེ་དགར་བྱུང་ནས་བོད་རིགས་ཞེས་པའང་ཁ་འཐོར་དགུ་འཐོར་དུ་འགྲོ་འགོ་ཚུགས་པའི་བྱུང་རབས་གསར་པ་རེའང་འགྱུར་སྲིད་པ་ཡིན།  གཞན་ཞིག་གིས་ཆེད་དུ་བཟོས་ན་ནི་དེ་ཙམ་སྐྱོན་མི་ཆེ་ཡང་དམངས་ཀྱིས་མི་དག་རྒྱུན་འབྱམས་སུ་སོང་བའི་ལོ་རྒྱུས་བདེན་པར་བཟུང་ནས་ནོར་འཁྲུལ་གྱི་ཕྱོགས་སུ་གོམ་པ་སྤོས་ནོར་ཐེབས་ན་ཧོར་སྦྲ་ཆེན་གྱི་གནས་ཚུལ་ལྟ་བུ་མང་དུ་ཐོན་ངེས་པས་ངེས་པར་གཟབ་དགོས་པར་སྙམ། 

དེང་སྐབས་སྒ་སྐྱེ་རྒུ་མདོ་ལ་(ཡུའུ་ཧྲུའུ)ཞེས་མིང་འདི་འདྲ་ཞིག་སྤྱོད་པ་ནི་སུ་ཡིས་ཀྱང་དགའ་བསུ་མི་བྱེད་མ་ཟད་མིང་དེའི་རྒྱབ་ཀྱི་ཆབ་སྲིད་ཀྱི་དྲི་མ་ནག་པོ་རེ་མཐོང་ནས་ཡུ་ཤུལ་ཞེས་ཆེད་དུ་སྤྱོད་བཞིན་པའང་མཐོང་རྒྱུ་ཡོད། དེ་བཞིན་ལྷ་ས་ལ་(ཉི་འོད་གྲོང་ཁྱེར)ཞེས་མཚན་སྙན་ཐོབ་ཡོད་ལུགས་སྐད་ཀྱིས་ལྷ་ས་ཞེས་ལོ་རྒྱུས་རང་བཞིན་ལྡན་པའི་མིང་ཚབ་ཏུ་(ཉི་འོད་གྲོང་ཁྱེར)་ཞེས་འབོད་བཞིན་པ་འདིའང་ངས་བསམ་ན་མཚན་སྙན་ཞིག་མ་ཡིན་པར་མིང་ཚིག་ཅིག་བསུབ་ཐབས་དང་ལོ་རྒྱས་ཤིག་ལ་ཆེས་རྨོངས་སུ་གཅུག་རྒྱུ་དམིགས་ཡུལ་དུ་བཟུང་བའི་མིང་ཚིག་གསར་པ་ཞིག་ཡིན་འདུག་པར་མཐོང་གི་ཡོད།

ཏྲེ་རབས་མང་པོའི་རྒྱུད་པ་དང་ས་གཞིས་བདག་དབང་ཡོད་པའི་ཏྲེ་བོ་དེ་ཉིད་ཧོར་(སོག་པོ)གྱིས་དབང་སྒྱུར་འོག་ཏུ་ཤོར་བའི་ལོ་རྒྱུས་ཁྲོད་ཧོར་མ་བསམ་བུ་ནས་འགོ་འཛུགས་ཀྱིས་ཁྱིམ་རྒྱུད་འདིས་བདག་དབང་བཟུང་ཞིང་། ཧོར་ནམ་མཁའ་རྒྱལ་མཚན་གྱིས་སྟོད་རྫ་ག་ཡུ་འགོ་ནས་སྨད་བྲག་འགོའི་ཤོག་ཁོག་བར་ཧོར་སེར་ད་ར་ཁག་ལྔར་དབྱེ་བའི་ས་ཁོངས་དབང་བསྒྱུར་དང་འབྲེལ་ཏྲེ་བོ་ཡུལ་སྡེར་བཅུག་པའི་ལོ་འགོ་ནས་ད་བར་ཏྲེ་ཧོར་ཞེས་པའི་ས་སྡེ་ཡུལ་སྡེ་ཆེན་པོ་ལོགས་སུ་བྱུང་ཡོད་པ་ནི་ལོ་རྒྱུས་ཀྱི་ཤོག་ངོས་སུ་གསལ་ཡོད། དེབ་རྒན་མང་པོའི་ཁྲོད་ན་སྐྲེ་བོ་དང་ཏྲེ་བོ་སོགས་གསལ་ནའང་ཕྱིས་སུ་ཏྲེ་ཧོར་ཞེས་(ཧོར)འདི་མིང་ཟུར་ལ་བཞག་འདུག་པ་ནི་ཆེད་དུ་བྱས་པ་ཞིག་ཡིན་མིན་གང་ལྟར་ཡང་དོན་དངོས་ལ་མི་རན་པ་ཡིན་འདུག་པར་མཐོང་གཤིས། ཏྲེ་བོར་གཏོགས་པ་ཚོས་བསམ་གཞིགས་དང་དེ་བཞིན་ལག་ལེན་ཅི་དགའ་གནང་ཐབས་སུ་ཁོ་བའི་སྐད་ཆ་འདི་བཤད་པ་ཡིན། གལ་ཏེ་དབང་སྒྱུར་བ་ཧོར་(སོག)ཡིན་པའི་རྒྱུ་མཚན་དང་ཧོར་མི་ཞིག་གིས་ས་ཁོངས་རྒྱ་བསྐྱེད་ཀྱིས་ཧོར་སེར་ད་ར་ཁག་ལྔ་སྟེ་ཏྲེ་ཧོར་ཞེས་པའི་ས་སྡེ་ཆེན་པོ་དེ་བྱུང་བའི་རྒྱུ་མཚན་དུ་བཟུང་ནས་ཏྲེ་ཧོར་ཞེས་བཏགས་དགོས་པ་བཤད་ན་ནི་བོད་གངས་ཅན་པའི་མིང་མཐའ་ལའང་ཧོར་ཡིག་ཅིག་འགོད་འོས་སུ་འདུག་སྟེ། བོད་ཁྲི་སྐོར་བཅུ་གསུམ་དབང་ཡོན་དུ་འབུལ་མཁན་ཧོར་ཡིན་ལ་དེ་ལས་ཡ་སྔོན་དུ་བོད་སུམ་བུར་ཐོར་ནས་རྒྱ་ཕྲན་མང་པོ་ཆགས་ཤིང་མངའ་ཁོངས་གཅིག་འགྱུར་གཏན་ནས་བྱུང་མེད་པའི་གནས་སྟངས་དེ་ཡོད་མུས་མཆིས།

གང་ལྟར་དབང་སྒྱུར་བ་ཞིག་གི་མིག་དེ་རང་རེའི་ཡུལ་སྡེར་བཏགས་པ་ནི་ཆབ་སྲིད་དང་ལོ་རྒྱུས། མི་རིགས་དང་ལ་རྒྱ་ཅི་ལ་བསམ་ནའང་གཏན་ནས་མི་རུང་བ་ཞིག་ཡིན་ཕྱིན་ད་ནས་ལོ་རྒྱུས་རང་བཞིན་ལྡན་པའི་ཏྲེ་བོ་ཞེས་པའི་མིང་འདི་སྤྱོད་དགོས་རྒྱུ་ནི་གུས་པས་ཆེད་དུ་འབོད་སྐུལ་ཞུ་བཞིན་ཡོད། 


Powered by Blogger.