བོད་ཕྲུག་ཁྱིམ་སྡེའི་ཐང་སྟེང་ན་བོད་ཡིག་འབྲི་མི་ཆོག་གམ།


སྐམ་ཞིང་རིད་པའི་གདོང་ན་བོད་ཕྲུག་ཅིག་ཡིན་པའི་རྟགས་ཤིག་ཁུར་ཡོད་པ་ནི་མཁུར་ཚོས་དམར་མདོག་དེ་ཡིན་ཞིང་ད་དུང་གཅིག་ཡོད་པ་དེ་ནི་བོད་སྐད་སྨྲ་རྒྱུ་དེ་ཡིན་ཆོག ཁོ་ཚོ་ནི་བོད་ཕྲུག་ཁྱིམ་སྡེ་ཟེར་བའི་སློབ་གྲྭ་ཡན་ལག་ཉིད་ལག་མང་ཞིང་བོད་ཕྲུག་མང་པོ་ཞིག་གི་རང་ཁྱིམ་ལྟ་བུ་དེ་ན་འཚར་ཞིང་ལོངས་པའི་བོད་ཀྱི་བྱིས་པ་དག་ཡིན། རི་བོ་རྒལ། ཆུ་བོ་བཅད། ས་མཚམས་གྲོལ། སྐྱབས་བཅོལ་ཞུ་བའི་བོད་ཀྱི་བྱིས་པ་ཆུང་ཆུང་མང་པོ་ཞིག་གིས་ཤེས་རིག་གི་མེ་ཏོག་བཏུས་རྗེས་སློབ་འབྲིང་དང་སློབ་ཆེན་འགྲིམས་པའི་ཆེས་ཐོག་མའི་རྨངས་གཏིང་ས་དེ་ཡིན་པས་བོད་ཕྲུག་མང་པོ་ཞིག་གིས་བོད་ཁྱིམ་ནི་རང་གི་ཆུང་དུས་ཀྱི་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་ཞིག་ལ་བརྩི་བཞིན་ཡོད།

ཁྱིམ་ཚང་འདི་ནི་བོད་ཕྲུག་མང་དག་ཅིག་ལ་མཚོན་ན་དྲོ་སོབ་སོབ་ཀྱི་ཁྱིམ་གཞིས་ཉམས་དགའ་བ་ཞིག་ཡིན་ངེས་ལ་ཡིན་ཀྱང་ཆོག འོན་ཀྱང་མི་རིགས་ཤིག་ལ་མཚོན་ན་དྲོ་སོབ་སོབ་ཀྱི་ཁྱིམ་གཞིས་ཤིག་མ་ཡིན་པར་གྲང་ཤུར་ཤུར་གྱི་སློབ་གྲྭ་ཞིག་ཡིན་ལ་རང་གི་རང་གཞུང་དམར་གསོད་གཏང་ཡུལ་ཞིག་ཀྱང་ཡིན་ལབ་ཆོག་པ་འདྲ། སྐད་ཡིག་ཅིག་སྨྲ་བ་ཙམ་གྱིས་འགྲིག་པ་ཞིག་མ་ཡིན་པར་སྐད་ཡིག་ལ་དགའ་ཞེན་དང་རིན་ཐང་། སྐད་ཡིག་བརླག་པའི་ཉེན་ཁ་དང་དེའི་མཇུག་འབྲས་བཅས་ངོས་འཛིན་གསལ་པོ་ཡོད་ཐོག་ཏུ་སྐད་ཡིག་དེ་ཉིད་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས་པ་ནི་མི་རིགས་འཚོ་གནས་དང་འབྲེལ་བ་ཟབ་ཅིང་སྐད་ཡིག་འཆི་རྐྱེན་དང་བར་ཐག་ཧ་ཅང་ཉེ་བས་མི་རིགས་འཇིག་ཉེན་ལས་སྐྱོབ་དགོས་པ་ཞིག་ཡིན་ཚེ་འདི་དག་ལ་དོ་སྣང་ཙམ་མིན་པར་ལག་ལེན་ལ་ཁེལ་དགོས་པ་ནི་ཧ་ཅང་འགངས་ཆེ་བ་ཞིག་ཡིན།

མི་ལོ་རེ་འགའི་སྔོན་ནས་བོད་ཕྲུག་ཁྱིམ་སྡེ་དང་རང་གཞུང་བཀའ་ཤག་གི་སྲིད་ཇུས་བར་འགལ་བ་ཞིག་ཡོང་རྗེས་གདོང་ཐུག་ཀྱང་ལན་མང་བྱུང་ཡོད་ཅིང་བཤད་ནས་མི་ཉན་སྟབས་མིག་དཔེ་ཞིག་མིག་གི་ཆུ་བུར་ལ་བསྟན་ཆེད་<མེས་དབོན་དཔེ་སྟོན་སློབ་གྲྭ།>ཞེས་པ་གསར་འཛུགས་གནང་སྟེ་སྒོ་གང་ཐད་ནས་མིག་དཔེར་འོས་པ་ཞིག་ཡོང་ཐབས་ལ་འབད་པས་དེ་རིང་སང་ཉིན་དཔེ་སྟོན་སློབ་གྲྭ་དེས་བོད་ཕྲུག་ཁྱིམ་སྡེ་ལ་ལན་ཡང་དག་ཅིག་སྤྲད་བཞིན་ཡོད་ཅིང་། དྲི་བ་མང་པོ་ཞིག་འཇལ་བཞིན་ཡལ་དགོས་པ་བཟོས་ཡོད་པས་ད་ནས་ཨུ་ཚུགས་འདྲ་མ་གནང་ན་མ་རེད་ཟེར་ས་ཞིག་ལྷག་མེད། འོན་ཀྱང་ད་དུང་ཤེས་ཡོན་སྲིད་ཇུས་གསར་པ་དེ་ཉིད་བོད་ཕྲུག་ཁྱིམ་སྡེ་ནང་དུ་གཏན་ནས་ནང་འདྲེན་བྱེད་མ་ཐུབ་པའི་དཀའ་ངལ་ཞིག་ཡོད་མུར་དེར་ཡིད་སྐྱོ་དགོས་པའི་གནད་དོན་མང་པོ་ཞིག་ཆེད་དུ་བསྟན་ཡོང་གི་འདུག ལོ་རེའི་སློབ་བཙུགས་ཉིན་མོ་དེར་མཛད་སྒོ་ཟབ་ཅིང་རྒྱ་ཆེ་བ་ཞིག་གནང་ནས་ཕྱི་ནང་གི་སྐུ་མགྲོན་དུ་མ་ཆེད་དུ་འབོད་འགུག་གནང་ས་དེར་སློབ་མའི་རུ་སྒྲིག་གཅིག་པ་གཅིག་རྐྱང་ཞིག་ལོ་རྟག་པ་འཁྲབ་སྟོན་གནང་གི་འདུག་པ་མ་ཟད་ཨིན་ཡིག་གི་ལམ་ནས་ཡིག་འབྲི་རེ་འགའ་འབྲི་གང་ཐུབ་བྱེད་ཀྱི་འདུག སློབ་མ་ངོམ་པ་ཡིན་ནམ་ཨིན་ཡིག་ངོམ་པ་ཡིན་ཧ་མི་གོ་བའི་རུ་སྒྲིག་དེས་བོད་ཞེན་ཅན་མང་པོ་ཞིག་ཡིད་ཕམ་རེ་ཆད། སྐྱོ་གདུང་དང་ན་ཟུག་ཚད་མེད་ཅིག་སློང་བཞིན་ཡོད་པ་ནི་ལྐོག་འགྱུར་ཞིག་མ་ཡིན་པར་ཧ་ཅང་མངོན་གསལ་རེད།

བཙན་བྱོལ་སྤྱི་ཚོགས་འདི་རིག་གཞུང་སླར་གསོ་དང་རང་དབང་རྩོད་ལེན་བྱེད་མཁན་ཞིག་མིན་དབང་དུ་བཏང་ན་སྐད་ཡིག་གང་ཞིག་ལ་འགྲམ་ཆུ་ལྡང་བ་དང་མི་རིགས་སུ་ཞིག་ལ་བསྒྱུར་འགོ་བཙམས་ནས་རང་ཉིད་གཞན་འགྱུར་གཙང་མ་ཞིག་ཆགས་ཐབས་ཀྱི་འབད་འབུང་ཅི་ཙམ་བྱེད་རུང་ཧ་ལས་རྒྱུ་དང་ཧང་སང་རྒྱུ་ཞིག་མ་རེད་སྙམ། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་འདིས་རང་དབང་དང་རིག་གཞུང་བསྐྱར་གསོ། མི་རིགས་ཤིག་གི་ལས་དབང་ལ་འགན་ཁུར་འདོད་དང་ཇུས་གཏོགས་ལེན་འདོད་ཡོད་པའི་རྣམ་པ་མངོན་གསལ་བསྟན་ཐོག་ཏུ་ཕྱོགས་གཞན་ཞིག་ནས་མི་རིགས་འཆི་རྐྱེན་གྱི་འགག་རྩའི་གནད་དོན་ལ་ལག་པ་མི་འཆང་བ་མ་ཟད་ལས་དོན་མང་པོ་ཞིག་མི་རིགས་ཀྱི་རིག་གཞུང་གསོད་པའི་སྟ་རེ་ཞིག་ཏུ་འགྱུར་གྱིན་འདུག སྟ་རེ་འདིས་དགྲ་བོ་ལའི་མགོ་ལ་མ་གཞུས་པར་རང་གི་དབུ་ལ་ཐེ་ཚོམ་མེད་པར་གཞུས་རྐྱང་གནང་བས་རང་ཉིད་གསོན་ལམ་དུ་འགྲོ་རྒྱུ་ནི་ཧ་ལམ་མི་སྲིད་པ་ཞིག་ཏུ་གྱུར་འདུག

མི་མང་པོ་ཞིག་ལ་རྒྱལ་སྤྱིའི་སྡིངས་ཆ་དེ་མི་རིགས་ཤིག་འཚོ་གནས་དང་རྒྱལ་ཁབ་ཅིག་སླར་གསོ་བྱེད་སའི་སྡིངས་ཆ་ཡག་པོ་ཏུ་ངོས་འཛིན་གནང་གི་འདུག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་གཟེངས་ཐོན་མི་སྣ་མང་པོ་ཡོད་ན་འདིས་མི་རིགས་སྐྱབས་པར་ཕན་ཐོགས་ཆེ་སྙམ་སྐྱེ་བ་ནི་ངོ་མ་ལྐུག་པའི་བསམ་བློ་ཞིག་ལས་བསམ་བློ་གཏང་རིན་ཡོད་པའི་གནད་དོན་ཞིག་ནམ་ཡང་མིན། ཇེའུ་མི་རིགས་ཀྱིས་རང་དབང་བསྐྱར་གསོ་ཐུབ་པའི་གནད་དོན་གང་ལ་ཐུག་འདུག། མེ་ཇི་མི་རིགས་རྩ་བརླག་སོང་བའི་རྒྱུ་རྐྱེན་ཅི་ལ་ཐུག་ཡོད། གནད་དོན་འདི་གཉིས་པོའི་ཐོག་ནས་གླེང་ན་མི་རིགས་ཤིག་སྐྱོབ་དགོས་ན་རང་གི་རིག་གཞུང་བདག་ཉར་དང་སྐད་ཡིག་བཀོལ་སྤྱོད། མི་རིགས་གཞན་འགྱུར་འགོག་པ། རང་རྒྱལ་ལ་དགའ་ཞེན་དང་མི་རིགས་ལ་སྤོབས་པ། རིག་གཞུང་གཅེས་སྤྲས་དང་འཐབ་རྩོད་ལ་རང་མོས་ཆེ་བ་བཅས་ནི་ནམ་ཞར་ཡང་གློད་མི་ཉན་པའི་རྩ་བ་ཞེ་གཅིག་ཡིན་ལ་གཏན་ནས་ལྷོད་མི་ཉན་པའི་གནད་དོན་ཤ་སྟག་ཡིན།

No comments:

Powered by Blogger.