རྫུན་སྐོགས་ནང་གི་མི།



སྣ་ཚོགས་འདོད་བློ་ཀུན་རྟོག་སྒྲོག་གིས་བཅིངས། 
རུས་རྐང་ལྷུ་ཚིགས་སྐོགས་མས་གཡོགས་ན་ཡང་།།
ནམ་ཞིག་བར་སྟོང་ཁུང་བུ་རྩག་རལ་ནས།།
ལྷོད་མེད་རང་གཤིས་གྱོང་པོ་ཁད་ཀྱིས་འབུད།།

ཟོལ་མེད་བྱིས་པའི་ངག་སྒོ་ཅན་དེ་ཡང་།།
གཞོན་དུས་སྒོ་ཟྭ་སྒྲོན་པའི་ཨུ་ཚུག་དེས།།
གཏན་གྱི་མི་ཚེ་རིང་མོའི་རྐང་ལམ་ནས།།
རང་སྡུག་སྡོམ་བཅུན་མ་ཡིན་སུ་ཡིས་མཁྱེན།།

བསམ་ཀྱང་ལག་གིས་མི་སྙོབ་ཁུམས་ལུགས་འདི།།
ཚིག་གསུམ་སོ་རྙིལ་རྐན་ལ་འབྱར་ཚུལ་འདི།།
མི་གཤིས་ཟོག་པོ་སོང་བའི་མི་རྡོ་ཡིན།།
ནམ་ཞིག་ཁུམས་ཚད་མ་ཡོད་འཐོར་ནས་ཡོང་།།

གོམ་སྣེར་རྐང་རྗེས་སྤོ་འཛུགས་ཁྲིམས་མིན་ན།།
གཡས་རྐང་སྔོན་ལ་མ་སྲིངས་ཅི་ཡིས་ནོངས།།
རྫུན་སྒྲིག་མི་གཤིས་གར་མས་མཐུ་མིན་ན།།
ལྷན་སྐྱེས་འདོད་བློས་ཀི་སྒྲ་ཅིས་མི་འཁྲོལ།།


No comments:

Powered by Blogger.