དགེ་བཤེས་དགེ་སློང་གི་སྤྱི་ཚོགས་ཞབས་ཞུ།



བླ་ཐོབ་དཔོན་པའི་དབང་ཆ་ལག་ལ་མེད།།
མཁས་པའི་མཚན་སྙན་ཁུར་བའི་གྲགས་པ་མེད།།
འཁོར་ཚོགས་དཔུང་གི་རྒྱབ་རྩ་མི་མངའ་ཡང་།།
གཞན་དོན་ལག་གིས་སྒྲུབ་པའི་བློ་སྟོབས་ཡོད།།

ཁ་ནས་བྱམས་བརྩེ་འདོན་པའི་སྐད་ངག་མེད།།
མཛུབ་མོས་སྙིང་རྗེ་འབྲི་བའི་ལག་རྩལ་མེད།།
བཤད་ན་ཁ་ལྕེ་བདེ་བ་མེད་ན་ཡང་།།
བྱམས་བརྩེ་ལག་ལེན་ཁེལ་བའི་སྙིང་སྟོབས་ཡོད།།

མཐོན་པའི་ཁྲི་ནས་སྙན་པོ་མ་བཤད་པར།།
གཞུང་ལུགས་བར་ནས་འགལ་འདུ་མ་བྲིས་པར།།
དབང་སྐུར་ཕྱག་དབང་གནང་སྲོལ་མེད་ན་ཡང་།།
ཉམ་ཐག་འགྲོ་བ་སྐྱོབས་པའི་སེམས་བཟང་ཡོད།།

དགེ་བཤེས་མཚན་གནས་ལེན་པའི་དོན་གོ་ཆོད།།
ཆོས་གྲྭ་ལོ་མང་འགྲིམས་པའི་དོན་རྟགས་གསལ།།
གཞུང་ལུགས་ཞིབ་ལྟ་བྱས་པའི་དོན་འབྲས་སྨིན།།
ནུས་མེད་འགྲོ་ལ་སྨན་པའི་ཕྱག་ལས་མཛད།།

ས་ཡོམ་གོད་ཆག་ཁྲོད་ཀྱི་ཁང་ཧྲིལ་ན།།
ཁྱིམ་ཐོར་དུད་ཚང་འཇིག་པའི་གཡང་ས་ན།།
མི་ཤི་རོ་ཡི་ཕུང་པོའི་དུར་ས་ན།།
ཁྱེད་ཀྱིས་ཉིན་མཚན་སྦྲེལ་ནས་རོགས་རམ་མཛད།།

བཀྲེས་ལྟོགས་སྡུག་གིས་བཙིར་བའི་མལ་ས་དེར།།
གྲང་འཁྱག་རླུང་ནག་འཚུབ་པའི་ལུང་མདོ་དེར།།
བདག་མེད་བུ་ཕྲུག་ངུ་བའི་རི་ལུང་དེར།།
ཁྱེད་ཀྱིས་རང་ནུས་ཡོད་དགུ་བཏོན་པར་མཛད།།

སེར་བྱེས་ཏྲེ་ཧོར་དགེ་བཤེས་དགེ་སློང་གིས་བ་ཡུལ་ས་འགུལ་ཁྲོད་སྒུད་སྐྱོབས་ཀྱི་ལས་དོན་སྤེལ་ཏེ་རོགས་རམ་ཧ་ཅང་གནང་བ་ཁག་དྲ་ཐོག་ནས་ཡང་ཡང་མཐོང་བས་སེམས་ཚོར་ཆེ་པོས་བྲིས་པའོ།།

Comments