འཁོར་བའི་མི།

     

རང་བློ་འདོད་ཞེན་མཚོ་མོ་རླུང་གིས་སྐྱོམ།།
རླབས་གཉེར་སུལ་མ་འཁྲུགས་པའི་མཚན་མོ་དེར།།
སྐྱ་བས་ཁ་ལོ་བསྒྱུར་ཀྱང་འགོག་མེད་དུ།།
སྟོབས་མེད་གྲུ་ཆུང་ངེས་མེད་ཕྱོགས་སུ་འདེད།།

ཚིག་ཤུན་པགས་པས་བཏིམ་བཅིངས་མར་ལོ་དེ།།
གྲེ་བའི་འགག་ཕྲང་དོག་པོར་མ་ཆུད་པས།།
སྙིང་དམར་ཕྱག་རྒྱ་ཚུགས་ཀའི་རྩ་ལམ་ན།།
ཟུང་ཁྲག་བཤེར་ཁུའི་སྡོམ་རྙིར་རང་ལུས་ཐོགས།།

མི་སྐྱེས་གོག་འགྲོའི་མཆེ་སྡེར་མ་བསླབ་མཆིས།།
ཟུངས་ཁྲག་མིག་ལམ་འཆར་བའི་སྤྱན་ཟུང་ཐོགས།།
ཐང་སྟོང་དུར་ས་བཅལ་བའི་རོ་ལུས་ལ།།
ཤ་རུས་ཟད་པར་བཅོམ་ལ་འདོད་རྔོམ་འབར།།

རིན་ཆེན་གསེར་གཏེར་མོད་པའི་གཤིན་ས་ལ།།
སྤྲང་ཁྱིམ་གོག་པོ་སློང་བའི་སྒེའུ་ཁུང་ནས།།
ལྟོ་སློང་ཁུག་མ་བཟེད་མའི་ལོ་རྒྱུས་འདི།།
བསམ་ན་སེམས་རྩ་དྲོན་མོ་འཁྱགས་ལ་འབྱར།།
༢༠༡༥-༡༡-༡༥

0 comments:

Post a Comment