2015/12/31

ཏྲེ་ཧོར་བྱམས་པ་བློ་གྲོས་ཀྱི་བསྒྱུར་རྩོམ།

ཏྲེ་ཧོར་བྱམས་པ་བློ་གྲོས་ཀྱི་བསྒྱུར་རྩོམ་འདམས་བཀོད།


ཁྱེད་ཀྱིས་བསྒྱུར་རྩོམ་འདི་དག་ཕབ་བཤུས་དང་བརྒྱུད་འགོད་སོགས་གནང་ན་དགའ་བསུ་ཞུ། འོན་ཀྱང་སྒྱུར་བ་པོའི་མིང་གསལ་པོ་བཀོད་པ་ལས་གཞན་རྩོམ་རང་བསྒྱུར་ལྟ་བུའི་ལས་མི་མཛད་པ་ཞུ།



ཁྱོད་ཀྱིས་སོ་སོའི་མ་འོངས་པ་འགྱུར་ལྡོག་གཏོང་མི་ཐུབ་ནའང་ཁྱོད་ཀྱིས་རང་ཉིད་ཀྱི་གོམས་གཤིས་ལ་འགྱུར་བ་གཏོང་ཐུབ་པས་གོམས་གཤིས་ཀྱིས་ཏན་ཏན་ཁྱོད་ཀྱི་མ་འོངས་པ་འགྱུར་བ་ཐེབས་སྲིད།


ཨབ་དྷུ་ཀ་ལམ།
བྱམས་པ་བློ་གྲོས་ཀྱིས་བསྒྱུར།
___________________________________

རླབས་ཆེན་གྱི་སྐྱེས་བུ་རྣམས་ལ་ཆོས་ལུགས་ནི་ཕན་ཚུན་མཛའ་མཐུན་སྐྲུན་པའི་ཐབས་ལམ་ཞིག་ཡིན་ནའང་སྐྱེས་བུ་བློ་དམན་ཚོས་ཆོས་ལུགས་དེ་འཁྲུག་པ་སློང་བྱེད་ཀྱི་ལག་ཆ་ཞིག་ཏུ་ལག་བསྟར་བྱེད་ཀྱི་འདུག
ཨབ་དྷུ་ཀ་ལམ།
བྱམས་པ་བློ་གྲོས་ཀྱིས་བསྒྱུར།


__________________________________

གལ་ཏེ་ཁྱོད་ཀྱི་བསམ་བློ་དེ་དང་པོ་ཉིད་ནས་ཐག་གཅོད་ཅིག་གིས་དྲངས་བ་ཡིན་ན་ཁྱོད་ལ་བློ་སྐྱེད་ཟེར་བ་དེ་མེད་པར་གྱུར།

ཇེ། ཀི་རི་ཤི་ནཱ་མུར་ཏི།
བྱམས་པ་བློ་གྲོས་ཀྱིས་བསྒྱུར།
__________________________________

གལ་ཏེ་ནང་མི་དེ་ཕྱུག་བདག་ཅིག་ཡིན་ནའང་གཞི་རྩའི་སེམས་བཟང་པོ་དང་བྱམས་བརྩེས་ཕོངས་པར་གྱུར་ན་ནང་མི་དེར་བདེ་སྐྱིད་གང་ཡང་འབྱུང་མི་སྲིད།                                 
ཏཱ་ལའི་བླ་མ།
བྱམས་པ་བློ་གྲོས་ཀྱིས་བསྒྱུར།
___________________________________

ང་ཚོ་ཤ་མདོག་མི་འདྲ་་བ་ཙམ་མ་གཏོགས་སེམས་ཀྱི་འདུ་ཤེས་དང་བསམ་བློའི་འཆར་སྣང་། ལུས་ཀྱི་གྲུབ་ཆའི་ཆ་ནས་ཚང་མ་གཅིག་པ་ཡིན། ང་ཚོ་ཐམས་ཅད་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན།

ཏཱ་ལའི་བླ་མ།
བྱམས་པ་བློ་གྲོས་ཀྱིས་བསྒྱུར།
__________________________________

འདི་ནི་ངོས་ཀྱི་ཆེས་སྟབས་བདེའི་ཆོས་ལུགས་ཤིག་སྟེ། ལྷ་ཁང་དང་མི་དགོས་ལ་རྙོག་འཛིང་ཆེ་བའི་ལྟ་གྲུབ་ཀྱང་མི་དགོས། རང་ཉིད་ཀྱི་ཀླད་པ་དང་སེམས་ཁམས་ནི་ང་ཚོའི་ལྷ་ཁང་ཡིན། བྱམས་བརྩེ་ནི་ང་ཚོའི་ལྟ་གྲུབ་ཡིན།
ཏཱ་ལའི་བླ་མ།

བྱམས་པ་བློ་གྲོས་ཀྱིས་བསྒྱུར།
__________________________________



2015/12/18

དུས་རབས་ཀྱི་ལྟ་གྲུབ་གསར་པ། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད།

རྩོམ་ཡིག་འདིས་<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད།>ཅེས་པའི་ཕྱག་དེབ་ཀྱི་སྙིང་པོ་བསྡུས་ཏེ་བཀོད་ཡོད་ཅིང་། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པའི་ལྟ་གྲུབ་དེ་ཐོག་མའི་བྱུང་རབས་དང་བརྒྱུད་རིམ། འདིས་དེང་རབས་སྤྱི་ཚོགས་དང་བོད་ཀྱི་མི་རབས་གསར་པའི་ཁྲོད་དུ་གལ་ཆེའི་ཕན་ནུས་ཐོན་ཐུབ་པའི་སྐོར་གླེང་སློང་བྱས་ཡོད།
ཀུན་ཁྱབ་འགན་ཁུར། འཛམ་གླིང་ཞི་བདེ། ཆོས་ལུགས་མཐུན་སྒྲིལ། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད། བརྡ་ཆད་འདི་དག་ནི་དུས་རབས་ཉི་ཤུ་པའི་ལོ་མཇུག་དང་སྟོང་ལོ་གསར་པའི་རྒྱལ་སྤྱིའི་ཚིག་མཛོད་ཀྱི་དེབ་ཐེར་ན་མིང་ཚིག་གསར་རྐྱང་དང་འགྲེལ་ཚིག་གསར་འབྲི་བྱས་ཡོད་པའི་མིང་བརྡ་གལ་ཆེན་འགའ་ཤས་ཡིན། འོན་ཀྱང་བརྡ་ཆད་འདི་ཀུན་གཙུག་སློབ་གྲྭ་དང་ཆེས་སྙན་གྲགས་ཅན་གྱི་Oxfordཨོ་སུ་ཕོཌི་རྩོམ་སྒྲིག་ཁང་གིས་གསར་བཏོད་དང་འགྲེམས་སྤེལ་བྱས་པ་ཞིག་མ་ཡིན་པར་གླིང་ཆེན་ཁག་ལྔར་གྱེས་པའི་རྒྱལ་ཁབ་སོ་སོར་ན་ཡོངས་ཁྱབ་ཀྱིས་བཀོལ་སྤྱོད་དང་དེང་གི་གཞོན་སྐྱེས་ཚོས་ཆེས་དགའ་སྣང་བྱེད་ས་ཞིག་ཀྱང་ཡིན་པ་མ་ཟད། རྒྱ་ཆེ་གཏིང་ཟབ་ཀྱི་ལྟ་གྲུབ་དང་རྒྱུ་མཚན་དོན་སྙིང་ཡོད་པའི་བརྡ་ཆད་རྐྱང་རྐྱང་ཡིན།

དུས་རབས་ཉི་ཤུ་པའི་དམག་འཁྲུག་མཚམས་ཆད་རྗེས་ཀྱི་བརྡ་ཆད་གསར་པ་འགའ་ཤས་བྱུང་ཡོད་པ་ནི། རང་བཙན་དང་མང་གཙོ། སྒེར་གྱི་ཐོ་ཐང་དང་འགྲོ་བ་མིའི་རང་དབང་ཞེས་པ་འདི་དག་ཡིན་ཞིང་། བརྡ་ཆད་འདི་དག་གི་བརྗོད་དོན་ནི་རྒྱལ་ཁབ་གཅིག་དང་མི་རིགས་ཤིག་གི་འཐབ་རྩོད་དང་འཕོ་འགྱུར། ཆེས་དཀའ་སྡུག་གི་དམག་འཁྲུག་ཙམ་འགོག་རྒོལ་གྱི་རྣམ་འགྱུར་འདུས་ཡོད། བརྡ་ཆད་འདི་དག་དང་དཔལ་འབྱོར་དང་ཚན་རིག་བཅས་པའི་ལྟ་གྲུབ་དང་རིག་ཚན་ཅི་ཞིག་ཡིན་རུང་འགྲོ་བ་ཀུན་ལ་ཁྱབ་པའི་ཀུན་ཁྱབ་འགན་ཁུར་གྱིས་ཟིན་མེད་ལ། ས་ཆེན་གོ་ལའི་ཁྱོན་གྱི་སྐྱེ་འགྲོ་ཀུན་ལ་ཡོངས་སུ་རྐྱོངས་པའི་ཞི་བདེའི་ཕྱག་ཟུང་དང་། ས་སྒོང་རིལ་པོ་འདི་བཞིན་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་འཚོ་གནས་དང་སྐྱེ་ཁམས་འཕེལ་འགྱུར་ཡོང་སའི་རླབས་ཆེན་གྱི་མ་ཡུལ་དང་། ཤ་མདོག་དང་རུས་རིགས་མི་མཚུངས་པའི་ཤར་ནུབ་གྱི་མི་འབོར་ཐེར་འབུམ་བདུན་པོ་ཁྱིམ་ཚང་ཆེན་པོ་ཞིག་གི་སྤུན་ཟླ་ཡིན་པ་སུས་ཀྱང་གསལ་སྟོན་དང་རྒྱལ་ལྗོངས་སུ་བཟུང་ཐུབ་མེད། 

ཉིན་རེ་བཞིན་རྙོག་འཛིང་དང་འཐབ་འཁྲུག། ལོ་རེ་བཞིན་མི་གེ་དང་ཐན་པ། མཐའ་ན་ཆོས་ལུགས་ཀྱི་མིང་འོག་ནས་སྐྱི་གཡར་ཞིང་འཇིགས་སྐྲག་ཆེ་བའི་མི་གསོད་ཁྲག་སྦྱོར། བཤུ་གཞོག་གཉའ་མནོན་སོགས་འགྲོ་མི་ལ་འཚེ་བའི་བྱ་སྤྱོད་འདི་ཀུན་རྒྱུན་ཆད་མེད་པར་ཁྱབ་བཞིན་ཡོད་པའི་དུས་ཚད་འདིར། ཆོས་ལུགས་ཀྱི་སློབ་གསོ་དང་ཆོས་ལུགས་ཀྱི་ལྟ་གྲུབ་ལ་ཡིད་ཆོས་གཏན་ནས་མེད་པར་གྱུར་ཏེ། ཆོས་ལུགས་ནི་འགྲོ་བ་མིའི་སྡུག་བསྔལ་དང་འཐབ་འཁྲུག་གི་སྣ་འདྲེན། ཆེས་རྨོངས་དད་ཀྱིས་ཁྱབ་ཡོད་པའི་མགོ་སྐོར་རང་ཆེ་བ་ཞིག་ལས་ཉིན་རྒྱུན་འཚོ་བའི་ཁྲོད་མཁོ་གལ་ཆེ་བའི་ཤེས་བྱ་ཤིག་གཏན་ནས་མིན་སྙམ་པའི་འདུ་ཤེས་དང་། ཆོས་ལུགས་དང་རིང་དུ་དཀྱེད་པའི་མི་རབས་ཇེ་མང་ནས་ཇེ་འཕེལ། ཧ་ཅང་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་པས་ཆོས་ལུགས་ཀྱི་དར་ཆེན་འཕྱར་ནས་སུ་ཡིས་ཀྱང་སློབ་གསོ་དང་ཀུན་སྤྱོད་ལེགས་བཅོས་བྱེད་ཐབས་དཀའ་བ་ཉིན་རེ་བཞིན་མངོན་འགྱུར་ཡོང་བཞིན་པའི་སྐབས་འདིར། ཆོས་ལུགས་ཀྱི་<མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>ཅེས་པའི་ལྟ་གྲུབ་གསར་པ་ཞིག་དར་མགོ་ཚུགས་ཤིང་། ལྟ་གྲུབ་འདིས་ཆོས་ལུགས་ལ་བརྟེན་ཐབས་མི་བྱེད་པའི་དུས་རབས་གསར་པ་འདིའི་དཀའ་སྡུག་དང་འཇིག་ཉེན། དམག་འཁྲུག་དང་སྐྱེ་ཁམས་གཏོར་བཤིག་ལ་ཚད་འཛིན་ཐུབ་པ་ཙམ་མ་ཟད་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་དང་འགན་ཁུར། བྱམས་བརྩེ་དང་གཞན་ཕན་བཅས་པ་དར་སྤེལ་བྱེད་ཐུབ་པའི་ནུས་ལྡན་གྱི་ལྟ་གྲུབ་གསར་པ་ཞིག་ཡིན། ལྟ་གྲུབ་འདི་གསར་གཏོད་བྱེད་མཁན་ནི་ངེད་ཅག་གི་གཙུག་ན་འཚེར་བའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན།

ལྟ་གྲུབ་གང་ཞིག་གསར་གཏོད་དང་དར་སྤེལ་མཛད་དུས་ཐོག་མའི་འགག་སྒོ་ནས་དཀའ་ཚེགས་ཀྱི་འགྲུལ་བཞུད་འགོ་འཛུགས་དགོས་པ་སྨྲས་མེད་ཡིན་ཁར། <འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>འདི་ཉིད་ལའང་བདེན་པ་དཀོན་མཆོག་གིས་གནང་ཞིང་ཁོང་གི་དཀའ་ལས་རིང་དུ་གྱེས་པའི་བཟང་སྤྱོད་དང་བྱམས་བརྩེ་ཞིག་ཡོད་པ་མི་འདོད་ལ། དཀོན་མཆོག་གིས་གསུང་ལས་འདས་པའི་བྱ་བ་ཅི་ཞིག་ཡིན་རུང་ནོར་འཁྲུལ་ལས་ལེགས་འགྲིག་ཅིག་ནམ་ཡང་ཡོང་ཐབས་མེད་པར་འདོད་པའིི་ལྟ་གྲུབ་འཛིན་པའི་ཆོས་ལུགས་པ་ཚོས་དོགས་ཟོན་དང་ཡིད་གཉིས་བྱེད་བཞིན་ཡོད། དེ་ལྟར་བྱེད་མིན་ལ་ལྟོས་པར་བཟང་སྤྱོད་ནི་འགྲོ་བ་མིའི་ཐུན་མོང་གི་རང་བཞིན་ཡིན་པའི་ཡིད་ཆོས་བརྟེན་པའི་ཐོག་ནས་ལྟ་གྲུབ་འདི་གསར་གཏོད་དང་དར་སྤེལ་གནང་བཞིན་ཡོད།

འགྲོ་བ་མི་རིགས་ཚང་མ་བདེ་སྡུག་འདོར་ལེན་བྱེད་པ་གཅིག་མཚུངས་དང་། ལུས་ཀྱི་གྲུབ་ཆ་ལས་སྤྱི་ཚོགས་ཀྱི་མི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡོད་པ་འདི་གཉིས་པོ་ནི་ཆེས་ཐོག་མའི་བཟང་སྤྱོད་ཀྱི་རྩ་འཛིན་གཉིས་པོར་ངོས་འཛིན་གྱིས། ཆོག་ཤེས་དང་གཞན་གཅེས། དྲང་བདེན་དང་བྱམས་བརྩེའི་སྟོབས་ཤུགས་ཇེ་ཆེར་དང་ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་སྟེ། འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་དང་ལྟ་ཚུལ་ལེགས་ལམ་དུ་ཁྲིད་ཐུབ་པའི་ཐུགས་བཞེད་ཀྱིས། ༸མགོན་པོ་མཆོག་གིས་ལོ་མང་རིང་དུ་ཤར་ནུབ་ཀྱི་འགྲུལ་བཞུད་ལས་དེང་རབས་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བ་སྐྱེལ་སྟངས་སོགས་ཐུགས་ལ་བརྣགས་ཏེ་དུས་རབས་གསར་པའི་སྤྱི་ཚོགས་ལ་འཕྲད་པའི་འཇིག་ཉེན་དང་དཀའ་སྡུག དབུལ་ཕྱུག་གི་ཁྱད་པ། སྐྱེ་ཁམས་གཏོར་གཤིག དམག་འཁྲུག་གི་འཚེ་བ། སེམས་ཁམས་གསོ་ཐབས་མེད་པའི་དུས་རབས་ཀྱི་དཀའ་ངལ་སྣ་མང་ཞི་འཇམ་དང་ཉིན་རེའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐབས་སྐོར་འདུས་པའི་ཕྱག་དེབ་གསར་པ་<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་བཟང་སྤྱོད།> གསར་རྩོམ་མཛད་ལ། འདིར་བསྟན་པའི་སྙིང་པོ་ནི་དུས་རབས་ཀྱི་ལྟ་གྲུབ་གསར་པ། <ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>ཅེས་པ་དེའོ།

བོད་ཀྱི་སྤྱི་ཚོགས་སུའང་གཞོན་སྐྱེས་ཚོ་ལམ་ཁ་གཞན་ཞིག་ཏུ་སྐྱོད་འགོ་ཚུགས་ཏེ། མཐའ་ན་ནང་བསྟན་ལ་དོགས་སློང་དང་དགག་སྒྲུབ་བྱེད་པའི་སྦྱོར་བ་བརྩམས་དང་རྩོམ་བཞིན་པ་ཡིན་ཞིང་། ཕྱི་དངོས་པོ་ལས་ནང་སེམས་ཀྱི་རྣམ་གཞག་ལ་དོ་སྣང་མི་བྱེད་པའི་འཛམ་གླིང་སྤྱི་འགྲོས་ཀྱི་ལམ་ཕྱོགས་དེར་རྐང་པ་སྤོ་འཛུགས་ཀྱིས་མཆོང་རྒྱུག་བྱེད་པའི་ལྟ་གོན་བྱེད་བཞིན་ཡོད། ཁོ་ཚོས་ནང་བསྟན་ལ་དགའ་མོས་དང་དད་པ་མི་བྱེད་པའི་རང་དབང་ཡོད་ལ། ཆོས་ལུགས་མི་མཁོ་བ་འདོད་རུང་སྒེར་གྱི་ཐོ་ཐང་ཡིན་བཤིས། སུས་སུ་ལའང་ནང་བསྟན་རྗེས་འཇུག་པ་བྱེད་དགོས་པའི་བཙན་བཀའ་གཏོང་ཐབས་མེད། འོན་ཀྱང་གཞན་གྱི་བདེ་སྡུག་བསམ་པའི་སྙིང་རྗེ་དང་། འགྲོ་བ་མིའི་རིགས་ལ་བཅངས་པའི་བྱམས་བརྩེ། སྤྱི་ཚོགས་ཀྱི་འགན་ཁུར་ལེན་པའི་ལྷག་བསམ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་ལེན་སོགས་ནི་འདོར་ཐབས་མེད་པའི་གདམ་ཁ་ཞིག་དང་འགྲོ་བ་མི་ཞིག་ཏུ་སྐྱེས་པའི་ཆེས་མཐའ་མའི་ལས་འགན་ཞིག་ཡིན། འདི་དག་ནི་རང་གི་མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་ཁྲིད་པའི་འགག་སྒོ་དེ་ཡིན་པས་ཅིས་ཀྱང་ཕྱི་ནུབ་བྱེད་ས་མེད། དེར་བརྟེན། བོད་ཀྱི་གཞོན་སྐྱེས་ཚོས་ཀྱང་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལ་འཇུག་ནས་བོད་ཀྱི་དུས་རབས་གསར་པའི་རྣམ་པ་འགྱུར་ལྡོག་དང་རང་གི་མི་ཚེ་བདེ་སྐྱིད་བདེ་པའི་ངང་སྐྱེལ་དགོས། 

དེ་རིང་གི་བོད་ཀྱི་སྤྱི་ཚོགས་ནི་ཆོས་ལུགས་དང་དེས་སྐྲུན་པའི་ལེགས་བྱང་གོམས་སྲོལ་གྱིས་ཁྱབ་པའི་སྤྱི་ཚོགས་ཤིག་ཡིན་པས་ཆོས་ལུགས་དང་མ་འབྲེལ་བའི་ཐབས་ལམ་སྤྱད་དེ་ལེགས་ལམ་དུ་ཁྲིད་དགོས་པའི་དཀའ་ངལ་དེ་ཙམ་མེད་རུང་། འདི་ནས་རྩིས་པའི་མི་ལོ་བརྒྱ་ཕྲག་གི་རྗེས་སུ་ནང་བསྟན་ལ་འཇུག་པའི་ནང་བསམ་བློའི་དོན་གཉེར་དང་། ཆོས་ལུགས་ལ་བཅོལ་བའི་རེ་འདུན་དོར་ནས་དཔལ་འབྱོར་འདུ་འགོད་དང་ཉིན་རེའི་འཚོ་ཐབས། མི་ཚེའི་བདེ་སྐྱིད་ཀྱི་སྐྱ་ཐིག་དེ་ཉིད་ཕྱི་དངོས་པའི་དཔལ་ཡོན་གཙོ་བཟུང་གིས་དུས་རབས་ཀྱི་ལམ་སྲོལ་ནང་དུ་ཐིམ་རྒྱུ་ནི་ཚེ་དཔག་ཙམ་མིན་པར་ད་སྐབས་ཀྱི་སྣང་ཚུལ་མང་པོ་ཞིག་ལས་མཐོང་ཐུབ། སྐབས་དེ་དུས་བོད་ཀྱི་སྤྱི་ཚོགས་ཀྱི་དཀའ་རྙོག་དང་འགལ་འདུ། མི་སྒེར་བ་རེ་རེའི་བསམ་བློའི་ལྟ་ཚུལ། འདུ་ཤེས་འཛིན་སྟངས། སེམས་དོག་གི་མཐོང་རྒྱ་ཡོད་ཚད་ཆོས་ལུགས་ཀྱིས་བཤག་བཅོས་དང་གཙང་སེལ་བྱེད་ཐབས་མེད་པས་<འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>ལ་རེ་བཅོལ་གྱིས་ལེགས་སྒྲིག་བྱེད་དགོས་པ་ལས་གདམ་གསེས་གཞན་ཞིག་རྙེད་ཐབས་མེད། 

2015/9/3

2015/12/04

རྟེན་འབྱུང་དང་ཙོང་ཁ་པ།


            (དཔེ་དེབ་ཅིག་གི་ཐོག་མའི་གླེང་སློང་།)
རྗེ་ཙོང་ཁ་པའི་སྐུ་ཚེ་གང་པོ་ལ་ཐོས་བསམ་སྒོམ་པའི་བྱ་བས་དུས་འདའ་བར་བྱེད་པའི་མཛད་པ་ཞིག་སུས་ཀྱང་མཇལ་དུ་ཡོད་ལ། ཁོང་གི་རླབས་ཆེ་བའི་ཞབས་རྗེས་ནས་བསྟན་ལ་དག་ཐེར་དང་། ནང་བསྟན་སླར་གསོ། བསྟན་པའི་གཞི་མ་ཚུལ་ཁྲིམས་ལེགས་བཅོས་དང་གཙིགས་ཆེ། མདོ་སྔགས་ཀྱི་འགལ་འདུལ་གཙང་སེལ། ཚད་མའི་གཞུང་ལུགས་ཀྱི་དགོངས་གཅུད་གསལ་བསྟན་སོགས་ཆེས་སྙིང་སྟོབས་ཀྱིས་གོམ་ཁ་གསར་པ་ཞིག་སྤོས་གནང་མཛད་པ་ནས་<རི་བོ་དགེ་ལུགས་པ>ཞེས་པའི་རིགས་ལུགས་ཤིག་གསར་དར་དང་གོང་འཕེལ་བྱུང་བའི་མགོ་ཚུགས་ཡོད། ཁོང་གི་རླབས་ཆེན་གྱི་བྱ་བཞག་མང་པོའི་ཁྲོད་ནས་འདུས་སྣ་མང་པའི་ཉིད་བཅུད་དང་། ཡན་ལག་བརྒྱད་འདུས་ཀྱི་ཆུ་བོ་དེ་ནི་སྟོང་པ་རྟེན་འབྱུང་གི་གོ་དོན་ཁ་གསལ་དེ་ཡིན་མོད། འདི་ལའང་གོ་ཤཱཀ་སོགས་སྔོན་བྱོན་དམ་པ་མང་པོས་དགག་སྒྲུབ་དང་དོགས་སློང་ཙམ་མ་ཟད་ཚིག་མཚོན་དང་ཚོགས་གཏམ་དྲགས་པོའི་ལམ་ནས་ལུང་རིགས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བ་ནས་ཕྱིས་ཀྱི་མཁས་དབང་དགེ་ཆོས་ཀྱིས་<ཀླུ་སྒྲུབ་དགོངས་རྒྱན>སོགས་ཀྱིས་ཞེ་བློ་མི་བདེ་བའི་གསུང་ཚིག་ཤོར་ཞིང་འཆོ་བའང་དངོས་དོན་གྱི་བྱུང་བ་ཞིག་ཡིན། 
ངེད་རང་ཉིད་ལ་མཚོན་ན་རྗེ་ལ་མི་ཕྱེད་པའི་དད་པ་ཞིག་སྐྱེས་ཙམ་མིན་པར་ཁོང་གི་མཛད་ཕྱོགས་དག་བློ་ངོས་སུ་ཡིད་ཤར་ཙམ་བྱེད་པ་ལའང་རྣ་བུག་ན་ཚ་ཤུར་ཤུར་རེ་བྱུང་མྱོང་ཞིང་། དད་པའི་སྣོད་རལ་ཞིང་དཔྱོད་འཇོག་གི་གྲི་ཁ་ལོག་པའི་ཕྲན་ལྟ་བུ་ལའང་བླ་མ་ཞེས་པ་ནི་འདི་འདྲ་ཞིག་ལོས་ཡིན་སྙམ་པ་རྒྱུན་དུ་འབྱུང་གི་ཡོད། གཙོ་བོ་ནི་ཁོང་གིས་སྐུ་ཚེ་གང་པོར་འཇིག་རྟེན་མིའི་བསམ་ཚད་དུ་མ་ཆུད་པའི་གྲུ་རྟགས་དང་རྫུ་འཕྲུལ། གསང་བ་བསྔགས་ཀྱི་ལུགས་ཡིན་སྐད་ཀྱི་ཀུན་སྤྱོད་ཡ་མ་གཟུགས་དེ་དག་གི་མཛད་པ་མ་སྐྱོང་པར་དགེ་འདུན་དྭངས་གཙང་གི་སྣང་བརྙན་དང་ཞི་དུལ་ཡ་རབས་ཀྱི་ཚུལ་ལུགས་བཟང་པོ་ཞིག་གིས་ཕྱི་རབས་དང་ཕྱི་རབས་དག་གིས་དཔྱོད་པའི་མིག་ཟུང་ཇི་ལྟར་བཀོལ་བ་དང་། འདྲ་མཉམ་དང་རང་དབང་། མང་གཙོ་དང་སྒེར་གྱི་གཙི་ཐང་སོགས་ལྟ་ཚུལ་གང་འདྲ་བཟུང་ཡང་མི་འཕྲོད་པའི་རྣམ་པ་གཏན་ནས་མེད་པར་རྣམ་ཀུན་དུ་འདེག་འཇོག་དང་ཡིད་སྨོན་གྱི་དྲོད་རླངས་ནར་མར་མཐིལ་འགྲོ་བ་ཞིག་ཡོད། 
ཁོང་གི་གསུང་རྩོམ་པོད་གྲངས་དེ་དག་ནི་གཞུང་ལུགས་ཆེན་པོའི་དཀའ་ས་དང་རྣགས་ས་དག་གི་གཏིང་དངོགས་པའི་འགྲེལ་བ་འགྲེལ་བཤད་གསེར་ནག་གི་ཉིད་ཁུ་རྐྱང་རྐྱང་ཡིན་པས་སུས་དཔེ་ཀློག་དང་ཞིབ་འཇུག། ཟུར་ལྟ་དང་ཁ་སྐོང་གི་གཞུང་ལུགས་ཤིག་ལ་བརྩིས་ཤིང་བགྲངས་ཏེ་བལྟ་ནའང་ཤོག་ལྷེབ་གཅིག་གི་ངོས་རྒྱབ་ལའང་ལེགས་བཤད་མི་ཏིག་གིས་ཁེངས་ཡོད་པས། དགའ་ཞིང་དད་པའི་ཅ་ཅོལ་དང་། འགུལ་ཞིང་མོས་པའི་རྣམ་འགྱུར་རེ་མི་བསྟན་མཐུ་མེད་དུ་འགྱུར་བ་ཡིན། བོད་ཀྱི་སྤྱི་ཚོགས་ལ་མ་ཡོད་མཐུ་མེད་ཀྱི་སྐད་ཡིག་གང་དེའི་འཕེལ་རྒྱས་དང་འཐུས་ཚང་། གཅིག་གྱུར་གྱི་བརྡ་ཆད། གོ་བདེ་སྙན་འཇེབས་ཀྱི་ཚིག་གི་སྦྱོར་བ་སྤེལ་སྟངས་ཀྱང་རྗེ་ཉིད་ཀྱིས་ལེགས་བཤད་གསར་རྩོམ་དང་གསུང་རྩོམ་དཔར་དུ་བརྐོས་པ་ནས་འགོ་ཚུགས་ཡོད་པ་ནི་དགེ་ཆོས་ཀྱི་གསུང་རྩོམ་དུ་འཁོད་པ་དེ་བཞིན་ལགས།
ངེད་ཅག་གིས་མི་ཚེར་བལྟས་ཀྱང་ཚར་རྒྱུ་མེད་པའི་གཞུང་ལུགས་དེ་དག་གིས་གངས་ཅན་ལྗོངས་འདིར་བླ་མེད་ཀྱི་ཞབས་འདེབས་དང་། ནང་བསྟན་ལོག་འགྲེལ་གྱི་གསུམ་འདོར་ནས་ལམ་བུ་དེ་ཡིན་ཀྱི་མཛུབ་མོ་གཙུགས་ཏེ་ཤར་སྐྱོད་ཆོག་པའི་སྐལ་བ་རེ་རྩོལ་བ་དེའང་སྙིང་གས་ཆག་ཤོར་རུང་བརྗེད་ཐབས་དང་། ལུས་དུམ་བུ་སོང་ཡང་འདོར་ཐབས་ཞིག་མེད་ཚད་ལ། འོན་ཀྱང་གཤགས་འབྱེད་ཀྱི་དཔུང་པ་བརྫིངས་ནས་ལུང་རིགས་ཀྱི་འཁོར་ལོ་ཡིད་སྐད་ཀྱི་གཞུང་ལུགས་དང་ཆེད་རྩོམ། བརྒལ་ལན་དང་དོགས་སློང་ཟེར་བ་མང་པོ་བརྩམས་ཞིང་བྲིས་པ་ལས་མང་པོ་ཞིག་གི་ལམ་སྣེ་གཞན་དུ་ཁྲིད་ཅིང་། མུན་ནག་ཏུ་མིག་རིས་བཀབ་པའི་ངང་ཚུལ་རང་དུ་བྱས་པས་ན་རྨོངས་ཞེན་ལ་རྨོངས་པའི་ལྷེབ་པོ་རེ་གསར་སྣེ་བྱས་པས་རྒྱལ་བའི་གོ་འཕང་དང་ས་ཐག་རྒྱང་ཆད་ཀྱི་བསྐལ་པ་དེའང་རྒྱུན་ཆད་མེད་པར་གནས་ཡོད།

--སྲོང་བཙན་གྱིས།
2015-4-15

དགའ་ལྡན་ལྔ་མཆོད་ཆེན་མོ།




མཆོད་སྤྲིན་མེ་ཏོག་བསིལ་ཆབ་དྭངས་མས་བྲིས།།
སྣ་ཚོགས་གར་གྱི་ཡིད་འོང་སྙན་གྱིས་གསིར།།
ཀུན་རྟོགས་བློ་ཡི་མཁའ་ན་འཇའ་ཚོན་ཕུབ།།
མཆོད་སྤྲིན་རྒྱ་མཚོས་གང་ཞིག་མཆོད་པར་བཞེངས།།

ཙོང་ཁའི་མཁའ་དབྱིངས་གངས་ཀྱི་འདབ་མ་འཕུར།།
གངས་དཀར་མེ་ཏོག་རྒྱས་པའི་སྤྲིན་རུམ་དུ།།
ལྷ་ཡི་གོས་དཀར་ཀླུབས་པའི་ཁྱེའུ་ཞིག།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

དུང་ཟླའི་འཛུམ་པ་གྲོལ་བའི་ར་བ་ན།།
བསིལ་འཁྱགས་རེག་བྱ་བབ་པའི་དགུན་སྲུབས་ལས།།
སྙན་ངག་དབྱངས་ལ་བརྒྱུས་པའི་ཟེར་བརྒྱ་འཕྲོས།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

དབུས་འགྱུར་གོམ་ཁས་བཅད་པའི་རི་ལུང་ནས།།
བཙག་རླུང་འུར་ཀྱིས་སྤུར་བའི་ནམ་འཁྱགས་ཁྲོད།།
མི་འགྱུར་དམ་བཅའ་སྲོག་ལ་རྒྱས་བཏབ་པ།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

མི་མངོན་རྒྱ་མཚོའི་ཀློང་དུ་ཐོས་པས་བརྔུབས།།
ཐོས་དོན་གྲུ་ཆེན་སྐྱ་བས་རམ་འདེགས་འོག།
དགོངས་དོན་སྙིང་ལ་སིམས་པའི་དེད་དཔོན་ཆེ།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

མི་ཐེག་བཀའ་ཆེན་དཔུང་གིས་མཐོངས་སུ་བཏེགས།།
གནད་ཀ་ཟབ་མོའི་འདུས་མདོ་སྟོབས་ཀྱིས་བཤགས།།
མདོ་སྔགས་རིན་ཆེན་རྒྱན་གྱི་དར་ཟབ་འཆང་།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

མཁས་པའི་དོ་ཤལ་རྣ་བའི་ལོང་དུ་ཐོགས།།
བཙུན་པའི་གདུབ་བུ་དཔུང་གི་རྒྱན་དུ་བྱས།།
ཞི་དུལ་བག་ཀྱིས་ས་ཆེན་འདོམ་གྱིས་འཇལ།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

རྟེན་འབྱུང་བདུད་རྩི་འགུལ་དུ་མུད་པས་ན།།
སྟོང་པའི་དབྱིངས་ལ་ཚིག་རིས་ཅི་ཡང་བྲིས།།
སྣང་སྟོང་སྒྱུ་མ་ཞོན་པའི་ཚུལ་གྱིས་འགྱིངས།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

ཐོས་སྟོབས་གཡུལ་རལ་བསིགས་པས་གླང་སྤྱོད་བཏུལ།།
སྒོམ་སྟོབས་མཆེར་སྡེར་བགྲོད་པས་ཉོན་མོངས་བཅམ།།
གངས་ཅན་མཁས་དགུའི་གཙུག་ན་དཔལ་གྱིས་ནེམ།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

བསམ་ན་ཡིད་སེམས་རྒྱ་མཚོ་དྲག་ཏུ་འཁྲུགས།།
ཀློག་ན་ཟུངས་ཁྲག་དྲོན་མོ་འཁར་རུ་འཕྱོ།།
རྗེས་དྲན་ཚིག་ལ་བརྐོས་པའི་རི་མོ་འགའ།།
ཡབ་རྗེ་བླ་མ་དགྱེས་པའི་མཆོད་པ་ཡིན།།
༢༠༡༤/༡༢/༣

ཙོང་ཁའི་སྣ་བོ་ཆེ།


གངས་བཙན་པོ།

ཆལ་ཆིལ་རླབས་ཀྱིས་གཏོར་བའི་དུས་རབས་ནང་།།
ལང་ཚོའི་སྒེག་ཉམས་ངོམས་པའི་ང་རྒྱལ་གྱིས།།
དབྱངས་གསལ་སོ་བཞིའི་ལས་དབང་ཉམས་ནའང་།།
ཙོང་ཁའི་སྣ་བོ་ཆེ་ཡིས་རིན་ཐང་རྙེད།།

མག་མོག་སྤྲིན་པའི་གསེབ་ཏུ་ཟུག་ནའང་།།
མགྲིན་པའི་སྒྲོན་མེ་གསལ་བོར་མ་མཐོང་ལ།
དམིགས་འདུན་ས་ལ་བཞག་པར་བསྐྱོད་པའི་ཚེ།།
ཙོང་ཁའི་སྣ་བོ་ཆེ་ཡིས་དཀར་ངོགས་བསྟན།།

རང་རྒྱལ་གཞན་ཕམ་ཞིག་གིས་རྒུད་པའི་སྐབས།།
ལེགས་བཤད་ཆོས་ཀྱི་དགའ་སྟོན་ཆུ་རྒྱུན་གནང་།།
རང་གི་བློ་ཡིས་བུམ་པ་གང་བྱོ་བ།།
ཙོང་ཁའི་སྣ་བོ་ཆེ་ཡིས་མིང་བྱང་འོངས།།

དབུས་ཀྱི་ཕྱོགས་ལ་མཁས་པར་མང་ནའང་།།
རང་ལུགས་གཏད་སོ་མེད་པའི་ཆོས་པ་ཆིལ།།
དགོངས་པའི་སྙིང་པོ་ཟབ་མོ་དབུ་མའི་ལུགས།།
སྙིང་བོར་འཁྲུངས་པ་ཙོང་ཁའི་སྣ་བོ་རྒྱལ།།

གྲུབ་མཐའ་ཕྱོགས་སུ་འཛིན་པར་ཕལ་མོ་ཆེ།།
མདོ་སྔགས་ཡོངས་རྫོགས་མཁས་པ་ཕྱོགས་རེ་བ།།
ས་སྒང་འདི་ནས་ཙོང་ཁའི་ལུང་རིག་རྙེད།།
མཁས་པའི་ཁྱུ་མཆོག་ཙོང་ཁའི་སྣ་བོ་ཆེ།།

ཡོད་མེད་དོན་ལ་རིག་པའི་གནད་བརྒྱ་བསྲིངས།།
འུར་ཟིང་འབྲེལ་བའི་ཚོམས་ཆེན་བཀང་གྱུར་ན།།
བཅུ་ཕྲག་རིག་པའི་རྩལ་རབ་རྫོགས་མཁན་དེ།།
ཙོང་ཁའི་སྣ་བོ་ཁྱེད་ཉིད་མ་ཡིན་སུ།།

གངས་ལྗོངས་བསྟན་པའི་ཉི་མ་བྱང་དུ་དར།།
བསྐལ་བའི་མཐར་ཡང་འཇིག་པ་བསྟན་པའི་ཚེ།
བསྟན་པའི་མེ་རོ་མདོ་སྨད་ཡུལ་ནས་ཕེབས།།
ཙོང་ཁའི་སྣ་བོ་ཁྱེད་ཉིད་ཕྱོགས་ལས་རྒྱལ།།

གསེར་ཏོག་རྩེ་རུ་ཅན་ནས་བཞུགས་མ་མྱོང་།།
ཕྱི་ཚུལ་མཛེས་པའི་གྲོང་པ་བྱེད་མ་མྱོང་།།
ངེས་འབྱུང་ཞི་བའི་ཆོས་སྐད་ཆད་མ་མྱོང་།།
ཙོང་ཁའི་སྣ་བོའི་རང་ལུགས་གཏད་སོར་ངེས།།

འགྲོ་བའི་དོན་ཆེན་གཙུག་ནས་དོར་མ་མྱོང་།།
ལྟ་སྒོམ་སྤྱོད་གསུམ་ཐུགས་ནས་བརྗེད་མ་མྱོང་།།
ཆོ་ལོའི་མིང་བྱང་སོགས་ནི་འཚོལ་མ་མྱོང་།།
ཙོང་ཁའི་སྣ་བོའི་སྙིང་སྟོབས་ཡལ་མ་མྱོང་།།

འཇིག་རྟེན་མི་རྟག་ཞིག་གིས་ངང་ཚུལ་བསྟན།།
གཉུག་མའི་གཤིས་ལ་ཅུང་ཙམ་བསྟན་པའི་ཚེ།།
བདེ་ཆེན་རྩལ་དགུའི་གཟིམ་ཤག་ནུབ་ཏུ་ཡལ།།
ཙོང་ཁའི་ཤུགས་རྒྱུན་རིང་མོ་འོད་ཆེམ་ཆེམ།།

ལྷ་ལྡན་ལྔ་མཆོད་ཚོགས་ཀྱི་ཞིང་སར་གྱུར།།
ཙོང་ཁའི་བསྟན་བཅོས་དག་ནི་མིག་གཅིག་གྱུར།།
ཁྱེད་ཉིད་འདས་ནས་ལོ་གྲངས་མང་འཁོར་ཀྱང་།།
མཚན་གྱི་དཀྱིལ་ན་འོད་ཀྱིས་ཁྲ་ལྷམ་ལྷམ།།

ས་སྲོལ་ཉི་མའི་དྲོད་ཁོལ་ནུབ་ཏུ་ཡལ།།
ཙོང་ཁའི་སྐྱེས་རི་མགོ་བོ་སྨུག་པར་འཐིབས།།
བུ་སློབ་སྐར་ཚོགས་མང་པོས་རྗེས་དྲན་བྱས།།
ཙོང་ཁའི་སྣ་བོ་ཁྱེད་ཉིད་མུན་པའི་རྒྱལ།།

༢༠༡༥བོད་ཟླ༡༠ཚེས༢༥ཉིན་རང་ཤག་ཏུ་བྲིས།

ཡིག་གཟུགས་གསར་པ་གསུམ་ཕབ་ལེན།

བྷོད་རྡོར་འཆང་གིས་ལག་བྲིས་དང་པིར་བྲིས་ཀྱི་ཚུགས་དོན་པའི་གློག་ཀླད་ཀྱི་ཡིག་གཟུགས་གསར་པ་གསུམ་བཟོས་འདུག་པས་ཁ་པར་དང་གློག་ཀླད་དུ་སྤྱོད་འདོད་པ་ཚོས་འ...