དུས་རབས་ཀྱི་ལྟ་གྲུབ་གསར་པ། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད།
རྩོམ་ཡིག་འདིས་<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད།>ཅེས་པའི་ཕྱག་དེབ་ཀྱི་སྙིང་པོ་བསྡུས་ཏེ་བཀོད་ཡོད་ཅིང་། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པའི་ལྟ་གྲུབ་དེ་ཐོག་མའི་བྱུང་རབས་དང་བརྒྱུད་རིམ། འདིས་དེང་རབས་སྤྱི་ཚོགས་དང་བོད་ཀྱི་མི་རབས་གསར་པའི་ཁྲོད་དུ་གལ་ཆེའི་ཕན་ནུས་ཐོན་ཐུབ་པའི་སྐོར་གླེང་སློང་བྱས་ཡོད།
ཀུན་ཁྱབ་འགན་ཁུར། འཛམ་གླིང་ཞི་བདེ། ཆོས་ལུགས་མཐུན་སྒྲིལ། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད། བརྡ་ཆད་འདི་དག་ནི་དུས་རབས་ཉི་ཤུ་པའི་ལོ་མཇུག་དང་སྟོང་ལོ་གསར་པའི་རྒྱལ་སྤྱིའི་ཚིག་མཛོད་ཀྱི་དེབ་ཐེར་ན་མིང་ཚིག་གསར་རྐྱང་དང་འགྲེལ་ཚིག་གསར་འབྲི་བྱས་ཡོད་པའི་མིང་བརྡ་གལ་ཆེན་འགའ་ཤས་ཡིན། འོན་ཀྱང་བརྡ་ཆད་འདི་ཀུན་གཙུག་སློབ་གྲྭ་དང་ཆེས་སྙན་གྲགས་ཅན་གྱི་Oxfordཨོ་སུ་ཕོཌི་རྩོམ་སྒྲིག་ཁང་གིས་གསར་བཏོད་དང་འགྲེམས་སྤེལ་བྱས་པ་ཞིག་མ་ཡིན་པར་གླིང་ཆེན་ཁག་ལྔར་གྱེས་པའི་རྒྱལ་ཁབ་སོ་སོར་ན་ཡོངས་ཁྱབ་ཀྱིས་བཀོལ་སྤྱོད་དང་དེང་གི་གཞོན་སྐྱེས་ཚོས་ཆེས་དགའ་སྣང་བྱེད་ས་ཞིག་ཀྱང་ཡིན་པ་མ་ཟད། རྒྱ་ཆེ་གཏིང་ཟབ་ཀྱི་ལྟ་གྲུབ་དང་རྒྱུ་མཚན་དོན་སྙིང་ཡོད་པའི་བརྡ་ཆད་རྐྱང་རྐྱང་ཡིན།
དུས་རབས་ཉི་ཤུ་པའི་དམག་འཁྲུག་མཚམས་ཆད་རྗེས་ཀྱི་བརྡ་ཆད་གསར་པ་འགའ་ཤས་བྱུང་ཡོད་པ་ནི། རང་བཙན་དང་མང་གཙོ། སྒེར་གྱི་ཐོ་ཐང་དང་འགྲོ་བ་མིའི་རང་དབང་ཞེས་པ་འདི་དག་ཡིན་ཞིང་། བརྡ་ཆད་འདི་དག་གི་བརྗོད་དོན་ནི་རྒྱལ་ཁབ་གཅིག་དང་མི་རིགས་ཤིག་གི་འཐབ་རྩོད་དང་འཕོ་འགྱུར། ཆེས་དཀའ་སྡུག་གི་དམག་འཁྲུག་ཙམ་འགོག་རྒོལ་གྱི་རྣམ་འགྱུར་འདུས་ཡོད། བརྡ་ཆད་འདི་དག་དང་དཔལ་འབྱོར་དང་ཚན་རིག་བཅས་པའི་ལྟ་གྲུབ་དང་རིག་ཚན་ཅི་ཞིག་ཡིན་རུང་འགྲོ་བ་ཀུན་ལ་ཁྱབ་པའི་ཀུན་ཁྱབ་འགན་ཁུར་གྱིས་ཟིན་མེད་ལ། ས་ཆེན་གོ་ལའི་ཁྱོན་གྱི་སྐྱེ་འགྲོ་ཀུན་ལ་ཡོངས་སུ་རྐྱོངས་པའི་ཞི་བདེའི་ཕྱག་ཟུང་དང་། ས་སྒོང་རིལ་པོ་འདི་བཞིན་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་འཚོ་གནས་དང་སྐྱེ་ཁམས་འཕེལ་འགྱུར་ཡོང་སའི་རླབས་ཆེན་གྱི་མ་ཡུལ་དང་། ཤ་མདོག་དང་རུས་རིགས་མི་མཚུངས་པའི་ཤར་ནུབ་གྱི་མི་འབོར་ཐེར་འབུམ་བདུན་པོ་ཁྱིམ་ཚང་ཆེན་པོ་ཞིག་གི་སྤུན་ཟླ་ཡིན་པ་སུས་ཀྱང་གསལ་སྟོན་དང་རྒྱལ་ལྗོངས་སུ་བཟུང་ཐུབ་མེད།
ཉིན་རེ་བཞིན་རྙོག་འཛིང་དང་འཐབ་འཁྲུག། ལོ་རེ་བཞིན་མི་གེ་དང་ཐན་པ། མཐའ་ན་ཆོས་ལུགས་ཀྱི་མིང་འོག་ནས་སྐྱི་གཡར་ཞིང་འཇིགས་སྐྲག་ཆེ་བའི་མི་གསོད་ཁྲག་སྦྱོར། བཤུ་གཞོག་གཉའ་མནོན་སོགས་འགྲོ་མི་ལ་འཚེ་བའི་བྱ་སྤྱོད་འདི་ཀུན་རྒྱུན་ཆད་མེད་པར་ཁྱབ་བཞིན་ཡོད་པའི་དུས་ཚད་འདིར། ཆོས་ལུགས་ཀྱི་སློབ་གསོ་དང་ཆོས་ལུགས་ཀྱི་ལྟ་གྲུབ་ལ་ཡིད་ཆོས་གཏན་ནས་མེད་པར་གྱུར་ཏེ། ཆོས་ལུགས་ནི་འགྲོ་བ་མིའི་སྡུག་བསྔལ་དང་འཐབ་འཁྲུག་གི་སྣ་འདྲེན། ཆེས་རྨོངས་དད་ཀྱིས་ཁྱབ་ཡོད་པའི་མགོ་སྐོར་རང་ཆེ་བ་ཞིག་ལས་ཉིན་རྒྱུན་འཚོ་བའི་ཁྲོད་མཁོ་གལ་ཆེ་བའི་ཤེས་བྱ་ཤིག་གཏན་ནས་མིན་སྙམ་པའི་འདུ་ཤེས་དང་། ཆོས་ལུགས་དང་རིང་དུ་དཀྱེད་པའི་མི་རབས་ཇེ་མང་ནས་ཇེ་འཕེལ། ཧ་ཅང་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་པས་ཆོས་ལུགས་ཀྱི་དར་ཆེན་འཕྱར་ནས་སུ་ཡིས་ཀྱང་སློབ་གསོ་དང་ཀུན་སྤྱོད་ལེགས་བཅོས་བྱེད་ཐབས་དཀའ་བ་ཉིན་རེ་བཞིན་མངོན་འགྱུར་ཡོང་བཞིན་པའི་སྐབས་འདིར། ཆོས་ལུགས་ཀྱི་<མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>ཅེས་པའི་ལྟ་གྲུབ་གསར་པ་ཞིག་དར་མགོ་ཚུགས་ཤིང་། ལྟ་གྲུབ་འདིས་ཆོས་ལུགས་ལ་བརྟེན་ཐབས་མི་བྱེད་པའི་དུས་རབས་གསར་པ་འདིའི་དཀའ་སྡུག་དང་འཇིག་ཉེན། དམག་འཁྲུག་དང་སྐྱེ་ཁམས་གཏོར་བཤིག་ལ་ཚད་འཛིན་ཐུབ་པ་ཙམ་མ་ཟད་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་དང་འགན་ཁུར། བྱམས་བརྩེ་དང་གཞན་ཕན་བཅས་པ་དར་སྤེལ་བྱེད་ཐུབ་པའི་ནུས་ལྡན་གྱི་ལྟ་གྲུབ་གསར་པ་ཞིག་ཡིན། ལྟ་གྲུབ་འདི་གསར་གཏོད་བྱེད་མཁན་ནི་ངེད་ཅག་གི་གཙུག་ན་འཚེར་བའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན།
ལྟ་གྲུབ་གང་ཞིག་གསར་གཏོད་དང་དར་སྤེལ་མཛད་དུས་ཐོག་མའི་འགག་སྒོ་ནས་དཀའ་ཚེགས་ཀྱི་འགྲུལ་བཞུད་འགོ་འཛུགས་དགོས་པ་སྨྲས་མེད་ཡིན་ཁར། <འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>འདི་ཉིད་ལའང་བདེན་པ་དཀོན་མཆོག་གིས་གནང་ཞིང་ཁོང་གི་དཀའ་ལས་རིང་དུ་གྱེས་པའི་བཟང་སྤྱོད་དང་བྱམས་བརྩེ་ཞིག་ཡོད་པ་མི་འདོད་ལ། དཀོན་མཆོག་གིས་གསུང་ལས་འདས་པའི་བྱ་བ་ཅི་ཞིག་ཡིན་རུང་ནོར་འཁྲུལ་ལས་ལེགས་འགྲིག་ཅིག་ནམ་ཡང་ཡོང་ཐབས་མེད་པར་འདོད་པའིི་ལྟ་གྲུབ་འཛིན་པའི་ཆོས་ལུགས་པ་ཚོས་དོགས་ཟོན་དང་ཡིད་གཉིས་བྱེད་བཞིན་ཡོད། དེ་ལྟར་བྱེད་མིན་ལ་ལྟོས་པར་བཟང་སྤྱོད་ནི་འགྲོ་བ་མིའི་ཐུན་མོང་གི་རང་བཞིན་ཡིན་པའི་ཡིད་ཆོས་བརྟེན་པའི་ཐོག་ནས་ལྟ་གྲུབ་འདི་གསར་གཏོད་དང་དར་སྤེལ་གནང་བཞིན་ཡོད།
འགྲོ་བ་མི་རིགས་ཚང་མ་བདེ་སྡུག་འདོར་ལེན་བྱེད་པ་གཅིག་མཚུངས་དང་། ལུས་ཀྱི་གྲུབ་ཆ་ལས་སྤྱི་ཚོགས་ཀྱི་མི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡོད་པ་འདི་གཉིས་པོ་ནི་ཆེས་ཐོག་མའི་བཟང་སྤྱོད་ཀྱི་རྩ་འཛིན་གཉིས་པོར་ངོས་འཛིན་གྱིས། ཆོག་ཤེས་དང་གཞན་གཅེས། དྲང་བདེན་དང་བྱམས་བརྩེའི་སྟོབས་ཤུགས་ཇེ་ཆེར་དང་ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་སྟེ། འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་དང་ལྟ་ཚུལ་ལེགས་ལམ་དུ་ཁྲིད་ཐུབ་པའི་ཐུགས་བཞེད་ཀྱིས། ༸མགོན་པོ་མཆོག་གིས་ལོ་མང་རིང་དུ་ཤར་ནུབ་ཀྱི་འགྲུལ་བཞུད་ལས་དེང་རབས་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བ་སྐྱེལ་སྟངས་སོགས་ཐུགས་ལ་བརྣགས་ཏེ་དུས་རབས་གསར་པའི་སྤྱི་ཚོགས་ལ་འཕྲད་པའི་འཇིག་ཉེན་དང་དཀའ་སྡུག དབུལ་ཕྱུག་གི་ཁྱད་པ། སྐྱེ་ཁམས་གཏོར་གཤིག དམག་འཁྲུག་གི་འཚེ་བ། སེམས་ཁམས་གསོ་ཐབས་མེད་པའི་དུས་རབས་ཀྱི་དཀའ་ངལ་སྣ་མང་ཞི་འཇམ་དང་ཉིན་རེའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐབས་སྐོར་འདུས་པའི་ཕྱག་དེབ་གསར་པ་<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་བཟང་སྤྱོད།> གསར་རྩོམ་མཛད་ལ། འདིར་བསྟན་པའི་སྙིང་པོ་ནི་དུས་རབས་ཀྱི་ལྟ་གྲུབ་གསར་པ། <ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>ཅེས་པ་དེའོ།
བོད་ཀྱི་སྤྱི་ཚོགས་སུའང་གཞོན་སྐྱེས་ཚོ་ལམ་ཁ་གཞན་ཞིག་ཏུ་སྐྱོད་འགོ་ཚུགས་ཏེ། མཐའ་ན་ནང་བསྟན་ལ་དོགས་སློང་དང་དགག་སྒྲུབ་བྱེད་པའི་སྦྱོར་བ་བརྩམས་དང་རྩོམ་བཞིན་པ་ཡིན་ཞིང་། ཕྱི་དངོས་པོ་ལས་ནང་སེམས་ཀྱི་རྣམ་གཞག་ལ་དོ་སྣང་མི་བྱེད་པའི་འཛམ་གླིང་སྤྱི་འགྲོས་ཀྱི་ལམ་ཕྱོགས་དེར་རྐང་པ་སྤོ་འཛུགས་ཀྱིས་མཆོང་རྒྱུག་བྱེད་པའི་ལྟ་གོན་བྱེད་བཞིན་ཡོད། ཁོ་ཚོས་ནང་བསྟན་ལ་དགའ་མོས་དང་དད་པ་མི་བྱེད་པའི་རང་དབང་ཡོད་ལ། ཆོས་ལུགས་མི་མཁོ་བ་འདོད་རུང་སྒེར་གྱི་ཐོ་ཐང་ཡིན་བཤིས། སུས་སུ་ལའང་ནང་བསྟན་རྗེས་འཇུག་པ་བྱེད་དགོས་པའི་བཙན་བཀའ་གཏོང་ཐབས་མེད། འོན་ཀྱང་གཞན་གྱི་བདེ་སྡུག་བསམ་པའི་སྙིང་རྗེ་དང་། འགྲོ་བ་མིའི་རིགས་ལ་བཅངས་པའི་བྱམས་བརྩེ། སྤྱི་ཚོགས་ཀྱི་འགན་ཁུར་ལེན་པའི་ལྷག་བསམ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་ལེན་སོགས་ནི་འདོར་ཐབས་མེད་པའི་གདམ་ཁ་ཞིག་དང་འགྲོ་བ་མི་ཞིག་ཏུ་སྐྱེས་པའི་ཆེས་མཐའ་མའི་ལས་འགན་ཞིག་ཡིན། འདི་དག་ནི་རང་གི་མི་ཚེ་བདེ་སྐྱིད་ཀྱི་ལམ་དུ་ཁྲིད་པའི་འགག་སྒོ་དེ་ཡིན་པས་ཅིས་ཀྱང་ཕྱི་ནུབ་བྱེད་ས་མེད། དེར་བརྟེན། བོད་ཀྱི་གཞོན་སྐྱེས་ཚོས་ཀྱང་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལ་འཇུག་ནས་བོད་ཀྱི་དུས་རབས་གསར་པའི་རྣམ་པ་འགྱུར་ལྡོག་དང་རང་གི་མི་ཚེ་བདེ་སྐྱིད་བདེ་པའི་ངང་སྐྱེལ་དགོས།
དེ་རིང་གི་བོད་ཀྱི་སྤྱི་ཚོགས་ནི་ཆོས་ལུགས་དང་དེས་སྐྲུན་པའི་ལེགས་བྱང་གོམས་སྲོལ་གྱིས་ཁྱབ་པའི་སྤྱི་ཚོགས་ཤིག་ཡིན་པས་ཆོས་ལུགས་དང་མ་འབྲེལ་བའི་ཐབས་ལམ་སྤྱད་དེ་ལེགས་ལམ་དུ་ཁྲིད་དགོས་པའི་དཀའ་ངལ་དེ་ཙམ་མེད་རུང་། འདི་ནས་རྩིས་པའི་མི་ལོ་བརྒྱ་ཕྲག་གི་རྗེས་སུ་ནང་བསྟན་ལ་འཇུག་པའི་ནང་བསམ་བློའི་དོན་གཉེར་དང་། ཆོས་ལུགས་ལ་བཅོལ་བའི་རེ་འདུན་དོར་ནས་དཔལ་འབྱོར་འདུ་འགོད་དང་ཉིན་རེའི་འཚོ་ཐབས། མི་ཚེའི་བདེ་སྐྱིད་ཀྱི་སྐྱ་ཐིག་དེ་ཉིད་ཕྱི་དངོས་པའི་དཔལ་ཡོན་གཙོ་བཟུང་གིས་དུས་རབས་ཀྱི་ལམ་སྲོལ་ནང་དུ་ཐིམ་རྒྱུ་ནི་ཚེ་དཔག་ཙམ་མིན་པར་ད་སྐབས་ཀྱི་སྣང་ཚུལ་མང་པོ་ཞིག་ལས་མཐོང་ཐུབ། སྐབས་དེ་དུས་བོད་ཀྱི་སྤྱི་ཚོགས་ཀྱི་དཀའ་རྙོག་དང་འགལ་འདུ། མི་སྒེར་བ་རེ་རེའི་བསམ་བློའི་ལྟ་ཚུལ། འདུ་ཤེས་འཛིན་སྟངས། སེམས་དོག་གི་མཐོང་རྒྱ་ཡོད་ཚད་ཆོས་ལུགས་ཀྱིས་བཤག་བཅོས་དང་གཙང་སེལ་བྱེད་ཐབས་མེད་པས་<འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>ལ་རེ་བཅོལ་གྱིས་ལེགས་སྒྲིག་བྱེད་དགོས་པ་ལས་གདམ་གསེས་གཞན་ཞིག་རྙེད་ཐབས་མེད།
2015/9/3