དགའ་ལྡན་ལྔ་མཆོད་ཆེན་མོ།




མཆོད་སྤྲིན་མེ་ཏོག་བསིལ་ཆབ་དྭངས་མས་བྲིས།།
སྣ་ཚོགས་གར་གྱི་ཡིད་འོང་སྙན་གྱིས་གསིར།།
ཀུན་རྟོགས་བློ་ཡི་མཁའ་ན་འཇའ་ཚོན་ཕུབ།།
མཆོད་སྤྲིན་རྒྱ་མཚོས་གང་ཞིག་མཆོད་པར་བཞེངས།།

ཙོང་ཁའི་མཁའ་དབྱིངས་གངས་ཀྱི་འདབ་མ་འཕུར།།
གངས་དཀར་མེ་ཏོག་རྒྱས་པའི་སྤྲིན་རུམ་དུ།།
ལྷ་ཡི་གོས་དཀར་ཀླུབས་པའི་ཁྱེའུ་ཞིག།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

དུང་ཟླའི་འཛུམ་པ་གྲོལ་བའི་ར་བ་ན།།
བསིལ་འཁྱགས་རེག་བྱ་བབ་པའི་དགུན་སྲུབས་ལས།།
སྙན་ངག་དབྱངས་ལ་བརྒྱུས་པའི་ཟེར་བརྒྱ་འཕྲོས།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

དབུས་འགྱུར་གོམ་ཁས་བཅད་པའི་རི་ལུང་ནས།།
བཙག་རླུང་འུར་ཀྱིས་སྤུར་བའི་ནམ་འཁྱགས་ཁྲོད།།
མི་འགྱུར་དམ་བཅའ་སྲོག་ལ་རྒྱས་བཏབ་པ།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

མི་མངོན་རྒྱ་མཚོའི་ཀློང་དུ་ཐོས་པས་བརྔུབས།།
ཐོས་དོན་གྲུ་ཆེན་སྐྱ་བས་རམ་འདེགས་འོག།
དགོངས་དོན་སྙིང་ལ་སིམས་པའི་དེད་དཔོན་ཆེ།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

མི་ཐེག་བཀའ་ཆེན་དཔུང་གིས་མཐོངས་སུ་བཏེགས།།
གནད་ཀ་ཟབ་མོའི་འདུས་མདོ་སྟོབས་ཀྱིས་བཤགས།།
མདོ་སྔགས་རིན་ཆེན་རྒྱན་གྱི་དར་ཟབ་འཆང་།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

མཁས་པའི་དོ་ཤལ་རྣ་བའི་ལོང་དུ་ཐོགས།།
བཙུན་པའི་གདུབ་བུ་དཔུང་གི་རྒྱན་དུ་བྱས།།
ཞི་དུལ་བག་ཀྱིས་ས་ཆེན་འདོམ་གྱིས་འཇལ།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

རྟེན་འབྱུང་བདུད་རྩི་འགུལ་དུ་མུད་པས་ན།།
སྟོང་པའི་དབྱིངས་ལ་ཚིག་རིས་ཅི་ཡང་བྲིས།།
སྣང་སྟོང་སྒྱུ་མ་ཞོན་པའི་ཚུལ་གྱིས་འགྱིངས།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

ཐོས་སྟོབས་གཡུལ་རལ་བསིགས་པས་གླང་སྤྱོད་བཏུལ།།
སྒོམ་སྟོབས་མཆེར་སྡེར་བགྲོད་པས་ཉོན་མོངས་བཅམ།།
གངས་ཅན་མཁས་དགུའི་གཙུག་ན་དཔལ་གྱིས་ནེམ།།
བློ་བཟང་གྲགས་པའི་དཔལ་དེ་བདག་གིས་མཆོད།།

བསམ་ན་ཡིད་སེམས་རྒྱ་མཚོ་དྲག་ཏུ་འཁྲུགས།།
ཀློག་ན་ཟུངས་ཁྲག་དྲོན་མོ་འཁར་རུ་འཕྱོ།།
རྗེས་དྲན་ཚིག་ལ་བརྐོས་པའི་རི་མོ་འགའ།།
ཡབ་རྗེ་བླ་མ་དགྱེས་པའི་མཆོད་པ་ཡིན།།
༢༠༡༤/༡༢/༣

No comments:

Powered by Blogger.