ཙོང་ཁའི་སྣ་བོ་ཆེ།
གངས་བཙན་པོ།
ཆལ་ཆིལ་རླབས་ཀྱིས་གཏོར་བའི་དུས་རབས་ནང་།།
ལང་ཚོའི་སྒེག་ཉམས་ངོམས་པའི་ང་རྒྱལ་གྱིས།།
དབྱངས་གསལ་སོ་བཞིའི་ལས་དབང་ཉམས་ནའང་།།
ཙོང་ཁའི་སྣ་བོ་ཆེ་ཡིས་རིན་ཐང་རྙེད།།
མག་མོག་སྤྲིན་པའི་གསེབ་ཏུ་ཟུག་ནའང་།།
མགྲིན་པའི་སྒྲོན་མེ་གསལ་བོར་མ་མཐོང་ལ།
དམིགས་འདུན་ས་ལ་བཞག་པར་བསྐྱོད་པའི་ཚེ།།
ཙོང་ཁའི་སྣ་བོ་ཆེ་ཡིས་དཀར་ངོགས་བསྟན།།
རང་རྒྱལ་གཞན་ཕམ་ཞིག་གིས་རྒུད་པའི་སྐབས།།
ལེགས་བཤད་ཆོས་ཀྱི་དགའ་སྟོན་ཆུ་རྒྱུན་གནང་།།
རང་གི་བློ་ཡིས་བུམ་པ་གང་བྱོ་བ།།
ཙོང་ཁའི་སྣ་བོ་ཆེ་ཡིས་མིང་བྱང་འོངས།།
དབུས་ཀྱི་ཕྱོགས་ལ་མཁས་པར་མང་ནའང་།།
རང་ལུགས་གཏད་སོ་མེད་པའི་ཆོས་པ་ཆིལ།།
དགོངས་པའི་སྙིང་པོ་ཟབ་མོ་དབུ་མའི་ལུགས།།
སྙིང་བོར་འཁྲུངས་པ་ཙོང་ཁའི་སྣ་བོ་རྒྱལ།།
གྲུབ་མཐའ་ཕྱོགས་སུ་འཛིན་པར་ཕལ་མོ་ཆེ།།
མདོ་སྔགས་ཡོངས་རྫོགས་མཁས་པ་ཕྱོགས་རེ་བ།།
ས་སྒང་འདི་ནས་ཙོང་ཁའི་ལུང་རིག་རྙེད།།
མཁས་པའི་ཁྱུ་མཆོག་ཙོང་ཁའི་སྣ་བོ་ཆེ།།
ཡོད་མེད་དོན་ལ་རིག་པའི་གནད་བརྒྱ་བསྲིངས།།
འུར་ཟིང་འབྲེལ་བའི་ཚོམས་ཆེན་བཀང་གྱུར་ན།།
བཅུ་ཕྲག་རིག་པའི་རྩལ་རབ་རྫོགས་མཁན་དེ།།
ཙོང་ཁའི་སྣ་བོ་ཁྱེད་ཉིད་མ་ཡིན་སུ།།
གངས་ལྗོངས་བསྟན་པའི་ཉི་མ་བྱང་དུ་དར།།
བསྐལ་བའི་མཐར་ཡང་འཇིག་པ་བསྟན་པའི་ཚེ།
བསྟན་པའི་མེ་རོ་མདོ་སྨད་ཡུལ་ནས་ཕེབས།།
ཙོང་ཁའི་སྣ་བོ་ཁྱེད་ཉིད་ཕྱོགས་ལས་རྒྱལ།།
གསེར་ཏོག་རྩེ་རུ་ཅན་ནས་བཞུགས་མ་མྱོང་།།
ཕྱི་ཚུལ་མཛེས་པའི་གྲོང་པ་བྱེད་མ་མྱོང་།།
ངེས་འབྱུང་ཞི་བའི་ཆོས་སྐད་ཆད་མ་མྱོང་།།
ཙོང་ཁའི་སྣ་བོའི་རང་ལུགས་གཏད་སོར་ངེས།།
འགྲོ་བའི་དོན་ཆེན་གཙུག་ནས་དོར་མ་མྱོང་།།
ལྟ་སྒོམ་སྤྱོད་གསུམ་ཐུགས་ནས་བརྗེད་མ་མྱོང་།།
ཆོ་ལོའི་མིང་བྱང་སོགས་ནི་འཚོལ་མ་མྱོང་།།
ཙོང་ཁའི་སྣ་བོའི་སྙིང་སྟོབས་ཡལ་མ་མྱོང་།།
འཇིག་རྟེན་མི་རྟག་ཞིག་གིས་ངང་ཚུལ་བསྟན།།
གཉུག་མའི་གཤིས་ལ་ཅུང་ཙམ་བསྟན་པའི་ཚེ།།
བདེ་ཆེན་རྩལ་དགུའི་གཟིམ་ཤག་ནུབ་ཏུ་ཡལ།།
ཙོང་ཁའི་ཤུགས་རྒྱུན་རིང་མོ་འོད་ཆེམ་ཆེམ།།
ལྷ་ལྡན་ལྔ་མཆོད་ཚོགས་ཀྱི་ཞིང་སར་གྱུར།།
ཙོང་ཁའི་བསྟན་བཅོས་དག་ནི་མིག་གཅིག་གྱུར།།
ཁྱེད་ཉིད་འདས་ནས་ལོ་གྲངས་མང་འཁོར་ཀྱང་།།
མཚན་གྱི་དཀྱིལ་ན་འོད་ཀྱིས་ཁྲ་ལྷམ་ལྷམ།།
ས་སྲོལ་ཉི་མའི་དྲོད་ཁོལ་ནུབ་ཏུ་ཡལ།།
ཙོང་ཁའི་སྐྱེས་རི་མགོ་བོ་སྨུག་པར་འཐིབས།།
བུ་སློབ་སྐར་ཚོགས་མང་པོས་རྗེས་དྲན་བྱས།།
ཙོང་ཁའི་སྣ་བོ་ཁྱེད་ཉིད་མུན་པའི་རྒྱལ།།
༢༠༡༥བོད་ཟླ༡༠ཚེས༢༥ཉིན་རང་ཤག་ཏུ་བྲིས།
Comments
Post a Comment